Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ང་གསུམ་པ། འདུ་འཛི་ལ་སྐྱོ་བའི་གཏམ་ཏོག་གི་བློ་གྲོས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ང་གསུམ་པ། འདུ་འཛི་ལ་སྐྱོ་བའི་གཏམ་ཏོག་གི་བློ་གྲོས།next

གཏམ་ཚོགས་ལེའུ་ང་གསུམ་པ། འདུ་འཛི་ལ་སྐྱོ་བའི་གཏམ་ཏོག་གི་བློ་གྲོས།


JLAZ007_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་འཛི་ལ་སྐྱོ་བའི་གཏམ། ཏོག་གི་བློ་གྲོས་ཞེས་བྱ་བ། ཞི་བ་དམ་པའི་དབྱིངས་ལ་ཕྱག་འཚལ་ལོ། །བདག་ཅག་གི་སྟོན་ཤཱཀ་ཐུབ་དེ། །གཙུག་ཏོར་སྤངས་ནས་སིནྡྷཱུའི་མཚོར། །འཁོར་ལོས་སྒྱུར་བའི་རྣམ་ཐར་ཅན། །སྙིང་གི་དབུས་ན་འདུ་འབྲལ་མེད། མི་ལུས་ཐོབ་བ་དགའ་ལགས་ཏེ། བྱིས་པའི་དུས་ན་བསམ་མེད་འབྱམས། ལང་ཚོའི་དུས་ན་འཁྲུལ་པས་བྲིད། །ངེས་འབྱུང་སྐྱེ་བ་ཕྱིས་ལ་ཁད། །བསྟན་ལ་ཞུགས་ཀྱང་ལས་མཐའ་ལོག །རྟགས་ཙམ་འཛིན་པའི་བཞུགས་གྲལ་ཆུད། །འཇིགས་སྐྱོབ་ལེགས་སྨོན་ཆོས་སུ་འཁྲུལ། ད་གཟོད་བསམ་ཚེ་སྐྱོ་བ་ལ། །དགེ་བའི་བཤེས་ཀྱིས་མ་ཟིན་པས། སྡེ་སྣོད་རྒྱ་མཚོའི་གཞུང་ལ་རྨོངས། ལྟར་སྣང་གདམས་ཕྲན་ཆོས་སུ་འཁྲུལ། ཀུན་མཁྱེན་མཇལ་བ་ཕྱིས་ལ་ཁད། གྲ་ས་འགྲིམ་པའི་སྒེག་ཆོས་ཀྱིས། །འཆམས་དབྱངས་རོལ་མོ་གཏོར་རྒྱག་དང༌། །གྲོང་ཆོག་རྙེད་འཚོལ་ཆགས་སྡང་ལ། བཙུན་པར་རློམ་པའི་འཁྲུལ་ལུགས་ཨང༌། །


JLAZ007_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཁྲོད་དབེན་པ་བརྟེན་ན་ཡང༌། །སྡིག་ཅན་རྣམས་ཀྱི་དཀོར་ལ་ཟོས། །ལོག་འཚོལ་ལྔ་ལ་བག་མེད་སྤྱད། །རང་རྒྱུད་རེངས་པ་མ་ཚོར་སྐྱོ། །ལོ་ཤས་མཚམས་ལ་བསྡད་པའི་དོན། །བླུན་པོའི་དད་པས་ཟོག་པོར་བཏང༌། །རང་རྒྱུད་ཐ་མལ་ཡིན་བཞིན་དུ། །བླ་ཚུགས་འཛིན་པ་ཡ་མཚན་གནས། །སྡོམ་པ་གསུམ་གྱི་གནང་བཀག་དང༌། །བསྐྱེད་རྫོགས་གནད་ལ་རྨོངས་བཞིན་དུ། །སྟོང་ལྟས་རྒྱུ་འབྲས་ཁྱད་དུ་གསད། །གྲུབ་ཐོབ་ལད་མོ་བྱེད་པ་མཚར། །སྟོང་ཉིད་རྟོགས་ན་སྙིང་རྗེ་མེད་མི་སྲིད། །སྙིང་རྗེ་ལྡན་ན་གཞན་དོན་ཤུགས་ལ་འོང༌། །དམིགས་པ་མེད་པའི་བྱང་ཆུབ་དམ་པའི་སེམས། །བདེན་པ་གཟིགས་པའི་གྲུབ་ཐོབ་ལས་གཞན་མེད། །སྟོན་པ་མཆོག་དང་རྒྱན་དྲུག་མཆོག་གཉིས་སོགས། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ལྷུར་མཛད་ན། །བདག་ཅག་རྣམས་ཀྱིས་འཇིག་རྟེན་ཆོས་བརྒྱད་འདིར། །གཞན་དོན་རློམ་ཡང་རང་དོན་འབའ་ཞིག་ལགས། །སློབ་དཔོན་ཆེན་པོར་རྟ་དང་སྒ་འཁོར་མེད། །བཞུགས་གནས་དག་ཀྱང་བྲག་ཕུག་མཐོང་ཙ་ན། །དགོན་གནས་ལ་ཆགས་ཁྱིམ་དུ་འདུ་ཤེས་ནས། །གསེར་དངུལ་སྤེལ་བའི་མཆོད་རྟེན་དབང་ཆས་ཀྱང༌། །འབྱུང་པོར་སྐྱེ་བའི་རྒྱུ་རུ་ད་གདོད་མཐོང༌། །གཡོ་སྒྱུ་རྙེད་པ་བཙལ་བའི་གནོང་མེད་ཀྱང༌། །


JLAZ007_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་སྐམ་ལ་བརྟེན་དཀོར་རྫས་འདུས་པ་རྣམས། །ཆུད་མི་འཛའ་བར་བགྱིད་པའི་ཆོ་ག་འདིས། །མཉམ་པར་བཞག་ལ་གནོད་པ་བྱས་ཀྱིས་དོགས། །བཀའ་དོན་མི་བསྒྲུབ་བཤད་ཀྱང་མི་གོ་བའི། །དཔོན་སློབ་ཟོལ་འགྲོགས་འཆད་ཉན་བྱེད་པ་ལས། །ཁ་འཛིན་ཆགས་སྡང་མེད་པའི་རི་སུལ་དུ། །རྣམ་ཐར་སྒོ་གསུམ་སྐྱོང་བ་མདུན་མའི་རྩེ། །ཕུང་པོ་ལྔ་དང་བྲལ་བའི་མཉམ་གཞག་ལ། །ཚོགས་བརྒྱད་དག་པའི་ལྷག་མཐོང་མ་ཤར་ན། །སེམས་གནས་ཐོབ་ཙམ་བྱིས་པ་ཉེར་སྤྱོད་དུ། །འདུག་པས་འཕགས་པའི་བདེན་པ་མ་རེ་ཨང༌། །སྒྲ་ཚད་ལ་སོགས་རིག་པའི་གནས་རྣམས་དང༌། །མདོ་རྒྱུད་རྒྱ་མཚོའི་དེ་ཉིད་མཐོང་ན་ཡང༌། །རང་སེམས་དེ་བཞིན་ཉིད་དབྱིངས་མ་རྟོགས་ན། །གཟུང་འཛིན་ཞགས་པས་པནྚི་ཏ་ཡང་འཆིང༌། །དེ་ཕྱིར་བདག་གིས་གསུང་རབ་ཟབ་མོའི་དོན། །ཅུང་ཟད་རྟོགས་ལ་ང་རྒྱལ་རང་མཐོང་དང༌། །ཁེངས་སེམས་རྡུལ་ཙམ་མཆི་བ་མ་ལགས་ཀྱང༌། །འདི་ལ་བརྟེན་ནས་རྣམ་གཡེང་འཕེལ་བས་སྐྱོ། །མཆིམས་ཕུ་ནགས་ཀྱི་དུར་ཁྲོད་གནས་ཕན་ཆད། །དཀོར་དང་སློབ་མའི་འདུ་བ་བག་ལ་ཉལ། །གཉིད་ཀྱང་འོད་གསལ་ཆེན་པོར་ལ་བཟླ་ཡང༌། །བྱ་བ་ལས་ཀྱི་འཁོར་ལོས་ལས་རླུང་འཕེལ། །


JLAZ007_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་རྒྱུ་ཡང་རང་འདོད་བྲལ་བའི་ཚེ། །གཞན་དོན་སྤངས་ན་སྨོན་འཇུག་སེམས་ཉམས་ཤིང༌། །རིགས་ལྔའི་དམ་ཚིག་འདོར་བར་འགྱུར་རོ་ཞེས། །རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་བསྒྲགས་ན་ཡང༌། །ལམ་བདེན་ཐམས་ཅད་དྲང་དོན་ཚིག་ལ་རྟོན། །ངེས་དོན་དོན་ལ་རྟོན་དེར་མཉམ་གཞག་ན། །སེམས་ཅན་གདོད་ནས་མེད་པར་རྟོགས་གྱུར་པས། །འགྲོ་དོན་འཁོར་བ་དོང་སྤྲུགས་ཨེ་མ་ཧོ། །མཉམ་གཞག་ཆོས་ཀྱི་དབྱིངས་དང་རོ་གཅིག་ཀྱང༌། །རྗེས་སློབ་ལས་ཀྱི་རླུང་དང་ལྷན་ཅིག་པས། །ཕུང་པོ་ལྔ་ཡི་ཟག་པ་མ་ཟད་པར། །གཞན་དོན་བློ་ཡིས་མ་སྤངས་ཞར་གྱིས་འགྲུབ། །འཕགས་ལམ་ཡང་དག་དྲན་པ་མ་མཐོང་ན། །རྣམ་བྱང་དང་པོའི་དྲན་པ་ཉེར་བཞག་ཀྱང༌། །སློབ་པ་མིན་པའི་དོན་ལ་ཆེས་རིང་བར། །མཐོང་འདི་རྫོགས་པ་ཆེན་པོའི་བཀའ་དྲིན་ཡིན། །ཆོས་ཅན་སྟོང་པར་བལྟ་བའི་མཉམ་གཞག་དང༌། །རྣམ་པར་རིག་པ་ཅན་གྱི་ལྷག་མཐོང་གཉིས། །འཛིན་སྟངས་བློ་ཡིས་ཟུང་དུ་འཇུག་ཟེར་ནས། །ཐལ་འགྱུར་དམ་བཅའ་གསར་བ་འཆོས་པ་མཚར། །ད་ནི་མི་སྒོམ་བསྒོམས་པས་ལས་རླུང་འཕར། །ད་ནི་མི་བྱེད་བྱས་པས་ཡིད་ཆོས་ལངས། །ཡིད་དང་ཆོས་ཀྱིས་བཟོས་པའི་གྲུབ་མཐའ་འདིས། །ངོ་བོ་ཉིད་མེད་ཞི་བའི་དབྱིངས་ལས་དཀྲོགས། །


JLAZ007_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྙིང་པོ་རང་བཞིན་མེད་པ་ཡང༌། །ཕུང་པོ་ལྔ་ལ་ཉེ་བར་ལེན་པའི་གཞི། །གཞན་ཕན་བསོད་ནམས་ཚོགས་ཀྱང་འདུ་འཛིའི་ཁོལ། །སློབ་མ་ཕལ་ཀྱང་བྱིས་དང་སྡིག་པའི་གྲོགས། །དེ་ཕྱིར་མིག་གི་འདུས་ཏེ་རིག་པ་སོགས། །འདུས་མ་བྱས་པ་ཆོས་ཀྱི་དབྱིངས་ཞི་ནས། །མཉམ་པར་མ་བཞག་མེད་པ་ལ་སོགས་པ། །རྒྱལ་བའི་ཆོས་ཁམས་རྒྱ་མཚོར་ལྷུན་གྲུབ་ཤོག །འདུ་འཛི་ལ་སྐྱོ་བའི་གཏམ། ཏོག་གི་བློ་གྲོས་ཞེས་བྱ་བ། རྡོར་བྲག་སྤྲུལ་སྐུ་རིན་པོ་ཆེའི་ངོར། རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །གཏམ་ཚོགས་ལེའུ་ང་གསུམ་པའོ།། །།


previousགཏམ་ཚོགས་ལེའུ་ང་གསུམ་པ། འདུ་འཛི་ལ་སྐྱོ་བའི་གཏམ་ཏོག་གི་བློ་གྲོས།next