Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ང་བཞི་པ། བློ་ལྡན་བྷྲ་མ་རའི་གཏམ་ཚིག་ལ་མི་རྟོན་དོན་ལ་རྟོན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ང་བཞི་པ། བློ་ལྡན་བྷྲ་མ་རའི་གཏམ་ཚིག་ལ་མི་རྟོན་དོན་ལ་རྟོན་པ།next

གཏམ་ཚོགས་ལེའུ་ང་བཞི་པ། བློ་ལྡན་བྷྲ་མ་རའི་གཏམ་ཚིག་ལ་མི་རྟོན་དོན་ལ་རྟོན་པ།


JLAZ007_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལྡན་བྷྲ་མ་རའི་གཏམ་ཚིག་ལ་མི་རྟོན་དོན་ལ་རྟོན་པ་ཞེས་བྱ་བ། རྫོགས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་ཡང་འདི་ལྟ་སྟེ། འདས་པ་ལ་མ་ཆགས། མ་འོངས་པ་མ་བསྒྲུབས། ད་ལྟའི་དུས་ཀྱི་རང་ཤེས་རིག་པའི་ཁྱེའུ་ཆུང་རྣམ་རྟོག་གི་གོས་དང་བྲལ་བ། གཤིས་ལུགས་ལྷུག་པར་སྟོན་པ། བཏང་འགྲོ་བཞག་སྡོད། ཕྱོགས་སུ་མ་ལྷུང་བ་དེ་ཀུན་གཞིའི་སྟེང་ན་ལྷོད་དེ་གནས་པ་ན། ཤིན་ཏུ་ཉེ་བའི་ཆར་རྒྱ་བལ་གྱི་ཕྱོགས་ནས་ཡོང་བའི་མེ་ཏོག་རིགས་གཟུགས་དར་ལ་བབ་པ་ཞིག་ཡོད་དོ། །དེའི་མདུན་ན་སྐད་ཅིག་མ་དེར་ཀུན་ཏུ་བརྟགས་པའི་བུང་བ་ཤིན་ཏུ་གཞོན་ཤ་


JLAZ007_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ། གསེར་གྱི་མདངས་དང་ལྡན་པ། གཡུའི་གཤོག་པ་སྐྱེས་པ། གསུང་གླིང་བུ་ལས་སྙན་པ། གཤོག་རྩལ་རླུང་ལས་སྐྱེན་པ་ཞིག་འོངས་ཏེ། མེ་ཏོག་དེ་འདབ་མ་ཆེར་རྒྱས་པ་ལས་གེ་སར་མ་བྱེ་བ་འདུག་པ་དེའི་རྩར་འོང་ལ་ཁད་འབེབས་ལ་ཁད་བྱས་ནས་ཡང་རྒྱང་བསྲིངས་ཏེ་འདི་སྐད་ཟེར་བའི་གླུ་བླངས་སོ། །ཀྱེ་མ་ཀྱེ་མ་ལས་ཀྱིས་སྦྲེལ་བ་ཡི། །འདབ་ལྡན་ཡིད་འོང་དྲི་ཞིམ་ངད་པ་ཅན། །གླུ་ཕྲེང་འདི་ལ་ཅུང་ཟད་གསན་པར་ཞུ། །ཉམ་ཆུང་བུང་བའི་བུ་མོ་འདི་སྐད་ལོ། །མེ་ཏོག་ཁྱེད་ཀྱི་མཛེས་པ་མ་མཐོང་ཡང༌། །དྲི་ངད་རྒྱང་ནས་ཚོར་ཏེ་བྱང་ཆུབ་ཀྱི་སེམས་དང་བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་སློབ་མ་འདུ་བ་འདི་རུ་འོངས། །ཁྱེད་ཅིག་སྐྱེས་པའི་ཡུལ་ལ་ཇི་སྐད་ཟེར། །རིགས་སམ་རུས་སམ་ཆོ་འབྲང་གང་དུ་གཏོགས། །དོན་གྱི་ཟེའུ་འབྲུའི་གེ་སར་ཙ་ན་འབྱེད། །མཛེས་སྡུག་མཚར་བའི་མཆོད་པ་སུ་ལ་འབུལ། །འབྲས་བུ་སྨིན་པའི་དུས་ན་ཇི་ལྟར་ལགས། །བདག་ནི་ཁྱེད་ལ་གདུང་ཞིང་ཡིད་ཆགས་པས། །ཅིས་ཀྱང་བྱམས་པའི་སེམས་ཀྱིས་བཤད་དུ་གསོལ། །ཞེས་ཟེར་ཞིང་བར་སྣང་ལ་ལྡིང་ངོ༌། །དེར་མེ་ཏོག་སྣང་འཛིན་པ་བདག་པའི་བརྡ་མེད་དེ་ན་རེ། །ཨེ་མ་ཨེ་མ་ལས་དབང་ཤིན་ཏུ་བཙན། །ཁྱོད་ཀྱི་གསུང་སྙན་ཐོས་པས་བ་སྤུ་གཡོ། །གསེར་


JLAZ007_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མདོག་ལ་གཡུ་ཡི་འདབ་གཤོག་ཅན། །དྲི་ཟའི་བུ་མོ་ལྟ་བུར་གླུ་བླངས་སྙན། །འགྱིང་དང་གར་གྱི་རྣམ་རོལ་ཤིན་ཏུ་མཁས། །ཚིག་གི་དྲི་མོལ་བྱེད་པ་ཁ་དྲི་ཞིམ། །དེ་འདྲས་བདག་གི་སྣང་བ་དབང་མེད་ཕྲོགས། །ང་ཡི་ལོ་རྒྱུས་དྲང་པོར་བཤད་ཀྱིས་གསོན། །སྐྱེས་པའི་སྐྱེ་ས་དོག་མོའི་ས་ནས་ཡིན། །ངེས་པ་བརྗོད་ན་ཨོ་རྒྱན་མཁའ་འགྲོའི་གླིང་རྒྱུད་སྡེའི་འབྱུང་ཁུངས་གླིང༌། །ཆོ་འབྲང་རྩིས་ན་སེམས་ཆོས་ཀྱི་ངེས་འབྱེད་ཀློང་མན་ངག་སྡེ། །ཟེའུ་འབྲུའི་ཐིག་ལེ་དབྱར་སོས་སྟོན་ལ་མན་ངག་སྡེའི་སྣང་བ་བཞི་འཆར་བའི་དུས་བཞད། །མཆོད་པ་འབུལ་ས་དཀོན་མཆོག་རྣམ་པ་སྔགས་ལུགས་བཞི། །འབྲས་བུ་སྨིན་དུས་གཞོན་ནུ་བུམ་པའི་གྲོལ་ས་སྐུ། །ཁྱེད་ལ་བདག་ཀྱང་ལྷག་པར་སེམས་ཆགས་པས། །ཁྱེད་ཀྱི་གནས་ལུགས་དྲང་པོ་ང་ལ་ཤོད། །ཅེས་ཟེར་ནས་ལྡེམ་མེ་བསྡད་སོང་ངོ༌། །དེར་བུང་བ་དེ་ན་རེ། ཀྱེ་མ་གསོན་དང་མ་འདྲིས་མཛའ་ན་མོ། །ཁྱོད་གསུང་ཐོས་པ་ཙམ་གྱིས་སེམས་པ་དགའ། །བདག་གི་ཡུལ་ནི་འཁོར་བའི་གཅོང་རོང་ཆེ། །ཕ་དང་མ་ནི་ལས་ངན་སྦྲང་མའི་བུ། །སྐྱེ་བོ་རྣམས་རྣམ་རིག་གསལ་ཡང་དུད་འགྲོ་དང་མཚུངས་པའི་དཔེ། སྡོད་སའི་གནས་ནི་དུག་ལྔའི་ཚེར་ནགས་ཉོན་མོངས་པས་གཟེར་བ་ཁྲོད། བྱེད་པའི་ལས་ནི་སེར་སྣའི་


JLAZ007_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་འཇོག་ཆེ། །ཕུགས་ཀྱི་ལས་འཕྲོ་དེ་ལ་གཞན་གྱིས་སྤྱོད། །སླར་ཡང་འགྲོ་ས་ངན་སོང་གསུམ་པོ་ཡིན། །ཁྱེད་ཀྱི་བཅུད་ལ་ཆགས་ནས་འདི་རུ་ཡོང༌། །སྔོན་ནས་སྨོན་ལམ་གཅིག་པས་མཇལ་ལགས་ན། །མེ་ཏོག་ལང་ཚོ་མ་དར་ཞལ་རེ་བསྐྱངས། །དར་ཅིག་ཕ་ཡུལ་ཚེར་མའི་ནགས་ཉོན་མོངས་པའི་ཟུག་རྔུ་དང་རྟག་ཏུ་འགྲོགས་པ་ལ་འགྲོ། །སད་དང་སེར་བའི་གནོད་པས་འཇིག་རྟེན་རྒུད་པ་སྣ་ཚོགས་མི་བརྡུང་བར། །མགྱོགས་ནས་མྱུར་དུ་མཇལ་བའི་སྨོན་ལམ་ཞུ། །ཞེས་ཟེར་ནས་འགྲོ་ལ་ཁད་ཁད་སེམས་ཅན་རྣམས་ཆོས་ཕྱིར་ངང་ཐུང་བ་བྱེད་དོ། །དེར་མེ་ཏོག་དེས་ཤིན་ཏུ་རིངས་ལས་འཕྲོ་ཅན་ཡལ་བར་མི་འདོར་བ་པའི་ཚུལ་གྱིས་འདི་སྐད་ཟེར་ཏོ། །ཀྱེ་མ་ཀྱི་ཧུད་ལས་གཡུ་བློ་སར་པ་ཚིག་འཇམ་པོས་བྲིད་དགོས་པའི་ཚུལ་ཀྱིས་བསྐོས་པའི་གྲོགས། །ཁྱོད་ཀྱི་གཏམ་དེ་ཐོས་པས་སེམས་མ་དགའ། །འདོད་ཡོན་ལ་ཞེན་པ་ལྡོག་པ། གསེར་གྱི་ས་ལེ་སྦྲམ་ལྟར་སྐུ་མཚར་ཞིང༌། །གཡུ་ཡི་ཁེངས་པ་འཕྲོག་པའི་འདབ་གཤོག་དང༌། །དྲི་ཟའི་བུ་མོ་ལྟ་བུར་གསུང་སྙན་ཡང༌། །གཏམ་གྱི་ཕུ་ཐག་གཏུགས་ན་ཅུང་ཞིག་སྐྱོ། །འཁོར་བའི་གྲོང་ལ་བདག་ཀྱང་སེམས་ཅན་གྱི་ཁམས་ལ་བདེར་སྙིང་རང་བཞིན་དུ་ཡོད་པ་གནས་བཅས་ཏེ། །སྡོད་པའི་ཕ་གཞིས་དབེན་གསུམ་རང་ངོ་ཤེས་ན་སྐྱོན་གྱིས་མ་གོས་པ་ལ་


JLAZ007_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བས་མཐར་ཡིན། །བྱེད་པའི་ལས་ལ་གཏད་སོ་མེད་གྱུར་ཀྱང༌། །ལྟ་བའི་གཤིས། །དོག་མོའི་ས་ནས་དཀོན་འཁོར་བ་དང་འབྲེལ་བཅད་པ་མཆོག་དྲུང་དུ་འཕགས། །ཕྱི་མའི་འགྲོ་ས་གོ་འཕང་ལ་རིམ་བཞིན་བཀྲི་བའི་དོན་རང་བཞིན་སྤྲུལ་སྐུའི་ཞིང༌། །ལས་འཕྲོ་མཐུན་ཡང་སྨོན་ལམ་ཅུང་མ་མཐུན། །བདག་གི་དྭངས་མའི་བཅུད་ལ་ཆོས་ཀྱི་བདུད་རྩི་ཁྱོད་དགའ་ན། །སྙིང་གཏམ་ཚིག་གསུམ་བཤད་ཀྱིས་མི་ཉན་ནམ། །ཞེས་ཟེར་རོ། །དེར་བུང་བ་དེ་བློ་ཅུང་ཟད་འགྱུར་ཏེ་མེ་ཏོག་ལ་བསྐོར་བ་ལིང་ལིང་བྱེད་པ་དང་སྦྲགས་འདི་སྐད་ཟེར་རོ། །ཡ་མཚན་ཆེའོ་མཐོང་བས་ཡིད་འཕྲོག་པ། །རྒྱ་ཁྱོན་ཆུང་ཡང་དྲི་མས་ཀུན་ཏུ་ཆོས་ཁམས་རྒྱ་མཚོའི་ཡོན་ཏན་ཁྱབ། །བཞིན་ལག་སྣང་དོན་དམ་བདེན་པ། བ་མེད་ཀྱང་གསུང་ཀུན་རྫོབས་བདེན་པ་མི་འགོག་གླུ་སྙན། ཁྱེད་ཀྱི་གཏམ་དེ་ཐོས་པ་ཐེ་ཚོམ་ཟ། །སྙིང་གཏམ་ཡོད་ན་ཅིས་ཀྱང་བཤོད་པར་འཚལ། །བདག་ལ་མདང་སུམ་ཉལ་བའི་རྨི་ལམ་མཚར། །སྣ་ཚོགས་རྨིས་ཏེ་བཟང་ངན་དཔྱོད་མ་ཤེས། །ཁྱོད་ནི་དཀོན་མཆོག་གསུམ་གྱིས་བསྐྱངས་པའི་བུ། །ང་ནི་དུད་འགྲོའི་རིགས་ཅན་ལས་འཕྲོ་ངན། །སྙིང་གཏམ་ཕར་ཤོད་ཚུར་ཤོད་མི་བྱེད་རེ། །ཞེས་ཟེར་ནས་བག་ཕེབས་པའི་ཚུལ་གྱིས་


JLAZ007_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིང་ངོ༌། །དེར་མེ་ཏོག་དེ་ན་རེ། ཨེ་མ་ཚུར་ལ་གསོན་དང་བྷྲ་མ་ར། །སྙིང་གཏམ་བཤད་པར་སྤྲོ་སྟེ་ཉན་པར་དཀའ། །ད་དུས་སྙིགས་མ་ལྔ་བདོའི་མར་ཞབས་ལ། །ཕ་ཡི་གཏམ་ལ་བུ་ཡིད་མི་ཆེས་དུས། །བདག་གིས་དྲང་གཏམ་བཤད་ཀྱང་ཡིད་ཆེས་དཀའ། །དེ་བས་ཁྱོད་རང་ཟེར་བའི་རྨི་ལྟས་དེ། །བདག་ལ་ཕྲི་བསྣན་མེད་པར་དྲང་པོར་ཤོད། །རྨི་ལམ་བག་ཆགས་ཡིན་པས་མི་བདེན་ཡང༌། །ཀུན་རྫོབ་རྟེན་འབྲེལ་ནམ་ཡང་མི་བསླུ་ཕྱིར། །དེ་ལ་བརྟག་དཔྱད་བྱས་ནས་ལན་ཅིག་འདེབས། །དེ་དོན་ཐུགས་ལ་ཆུད་དམ་སྙིང་གི་གྲོགས། །ཞེས་ཟེར་རོ། །དེར་བུང་བ་དེ་ན་རེ། ཀྱི་མ་ཀྱི་ཧུད་ལས་ཀྱིས་འབྲེལ་བའི་གྲོགས། །རྨི་ལམ་སྦ་གསང་མེད་པར་ཁྱོད་ལ་བཤད། །དེ་ལ་དྲང་པོར་བརྟགས་ནས་ལན་ཅིག་མཛོད། །མདང་སུམ་ཚང་དུ་ཉལ་བའི་རྨི་ལམ་ན། །ཆུ་ཤིང་ནགས་ཚལ་ཤིན་ཏུ་སྐྱིད་པའི་ཁྲོད། །གཡུ་མཚོ་སྔོན་མོ་དྭངས་ཤིང་མེར་བའི་མཐའ། །མེ་ཏོག་ཤིན་ཏུ་བཀྲ་བས་རབ་ཏུ་གང༌། །དེ་ནང་བདག་དང་བདག་འདྲའི་བུང་བ་ནི། །གྲངས་ཀྱིས་མི་ལང་དགའ་བའི་གར་རྩེ་ཞིང༌། །སྙན་པའི་གླུ་ལེན་ཞིམ་པའི་རྩི་བཅུད་ལེན། །ཕུན་ཚོགས་དཔལ་ལ་ཆགས་པའི་གནས་སྐབས་ན། །ལྷོ་སྲིན་སྨུག་པོས་ནམ་མཁའི་སྐུ་མདོག་གཏུམས། །


JLAZ007_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་འབྲུག་སྔོན་མོས་སྡེ་བརྒྱད་བྲན་དུ་བཀོལ། །ཤིན་ཏུ་སྟོང་པ་ནམ་མཁའི་ཀློང་དཀྱིལ་ནས། །མི་སྲིད་སྲིད་པའི་ཆུ་འཁྱམས་རིལ་བུ་བྲུལ། །མེ་ཏོག་ཆེ་པ་རྣམས་ཀྱི་འདབ་མ་བཅག །ཆུང་བ་རྣམས་ཀྱི་སྡོང་བོ་རྨང་ནས་སྒྱེལ། །སྙིང་གྲོགས་བུང་བའི་ཚོགས་རྣམས་ས་མཐའ་འཁྱར། །བདག་དང་མཇལ་ལན་བྱེད་པའི་གོ་སྐབས་ཕྲོགས། །ང་རང་བར་མ་དོ་རུ་གཅིག་པུར་ལུས། །དེ་འདྲའི་ངང་ལ་གཉིད་ལས་སད་པ་རྨིས། །དེ་ལ་གཏམ་ལན་ཤོད་ཅིག་སྙིང་གི་གྲོགས། །ཞེས་ཟེར་རོ། །དེར་མེ་ཏོག་ན་རེ། ཀྱེ་མ་ཀྱི་ཧུད་ཉམ་ཆུང་སྦྲང་མའི་བུ། །ཁྱེད་ཀྱི་རྨི་ལམ་དེ་ནི་ངོ་མཚར་ཆེ། །རྩ་རླུང་སེམས་གསུམ་འཁྲུགས་པའི་ཆོ་འཕྲུལ་ཡིན། །དེ་ཡི་གནས་ཚུལ་བཤད་ཀྱི་རྣ་བ་ལྷོགས། །རྣམ་དཔྱོད་བློ་གྲོས་ལྡན་ན་བརྡ་དོན་ལ། །བརྟགས་པས་འཁོར་འདས་གཉིས་ཀྱི་མཚང་ཡང་ཤེས། །རྨོངས་པ་བ་གླང་རྫི་ཡི་བྱིས་པ་རྣམས། །བོང་བུ་ཞོན་ནས་བོང་བུ་འཚོལ་ལ་རྒྱུག །དེ་ཕྱིར་མཁས་བླུན་བྱེ་བྲག་ཤིན་ཏུ་ཆེ། །ཆུ་ཤིང་ནགས་ཚལ་ཤིན་ཏུ་སྐྱིད་པ་དེ། །འཁོར་བ་ཆུ་ཤིང་ལྟ་བུར་སྙིང་པོ་མེད། །རང་དབང་ཡོད་དུས་བཙན་ས་འཛིན་དགོས་བརྡ། །གཡུ་མཚོ་སྔོན་མོ་དྭངས་ཤིང་མེར་བ་དེ། །རིགས་དྲུག་རྒྱ་མཚོའི་ཀློང་ལས་ཟབ་པའི་བརྡ། །མེ་ཏོག་བཀྲ་བས་ཡོངས་སུ་གང་བ་དེ། །དེ་ལ་ཆགས་ནས་ངན་སོང་བསྒྲུབ་པའི་བརྡ། །རང་དང་རིགས་


JLAZ007_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེའི་བུང་བས་གང་བ་དེ། །འཁོར་བའི་སེམས་ཅན་བསམ་གྱིས་མི་ཁྱབ་བརྡ། །སྙན་པའི་གླུ་ལེན་བཅུད་ཀྱིས་མྱོས་པ་ནི། །སྡུག་བསྔལ་བདེ་བར་མཐོང་ནས་བསླུ་བའི་བརྡ། །ལྷོ་སྤྲིན་སྨུག་པས་ནམ་མཁའ་ཁེངས་པ་དེ། །ལས་ཀྱི་མུན་པས་རྒྱབ་ནས་འདེད་པའི་བརྡ། །གཡུ་འབྲུག་སྔོན་མོ་ངར་སྐད་འབྱིན་པ་དེ། །གཤིན་རྗེའི་ཕོ་ཉ་གད་རྒྱངས་སྒྲོག་པའི་བརྡ། །ནམ་མཁའི་ཀློང་ནས་སེར་བ་འབབ་པ་དེ། །བཞི་བརྒྱ་རྩ་གཞིའི་ནད་ཀྱིས་འཚེ་བའི་བརྡ། །མེ་ཏོག་རྣམས་ཀྱིས་འདབ་མ་བཅག་པ་དེ། །སྒྱུ་མའི་ལུས་དང་སེམས་གཉིས་འབྲལ་བའི་བརྡ། །སྙིང་གྲོགས་ཐམས་ཅད་ས་མཐར་འཁྱར་བ་དེ། །འགྲོགས་པའི་མཐའ་མ་ངེས་པར་འབྲལ་བའི་བརྡ། །བར་མ་དོ་རུ་གཅིག་པུར་ལུས་པ་དེ། །བར་དོའི་གནས་ལ་རེ་ལྟོས་མེད་པའི་བརྡ། །ཀྱི་མ་ཀྱི་ཧུད་རྨི་ལམ་ཡ་མཚན་ཆེ། །ངེས་པའི་དོན་དུ་ཆོས་རྣམས་སྤྲོས་བྲལ་ཡིན། །སྐྱེ་འཆིའི་མིང་དང་འཁོར་འདས་ཀ་ནས་དག །དྲང་བའི་དོན་དུ་དེ་ནི་ཤིན་ཏུ་བདེན། །འཁོར་བ་སྡུག་བསྔལ་ཆེ་ལ་སྙིང་པོས་དབེན། །ཚེ་སྲོག་རྩ་ཁའི་ཟིལ་པ་ཆེས་མི་རྟག །གཤིན་རྗེ་ཆོས་རྒྱལ་ཁོང་ལ་སྙིང་རྗེ་མེད། །བསགས་པའི་དཀར་ནག་ལས་འབྲས་ཕྱི་ཐག་རིང༌། །བྱི་དོར་བྱས་ཀྱང་རྗེས་ལ་འགྲོགས་ནས་


JLAZ007_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཡོང༌། །ཨེ་མ་ཨེ་མ་འཇིགས་ལ་ང་རེ་འཇིགས། །ཤི་བས་མི་ཆོག་ངན་འགྲོའི་སྡུག་བསྔལ་འཇིགས། །དེ་འདྲ་བཤད་པ་ཙམ་གྱིས་སྙིང་འདར་ན། །དངོས་སུ་མྱོང་ཚེ་ཅི་དྲག་ཨ་ཙ་མ། །གྲོགས་པོའི་མདུན་མ་ནོར་བ་སྙིང་རེ་རྗེ། །ཁྱོད་འདྲའི་སེམས་ཅན་མང་པོས་ས་སྟེང་གང༌། །དྲང་གཏམ་རྗེན་པར་བཤད་ན་ལོག་པར་གོ །ཆང་ལན་ཆུ་ཡིས་གཞལ་བའི་སེམས་ཅན་ཚོར། །རྫོགས་པའི་སངས་རྒྱས་བྱོན་ཀྱང་མཛད་པ་རྡུགས། །འདི་འདྲ་བསམས་ན་སྙིང་རླུང་དབང་མེད་ལངས། །ཨ་ཙ་མ་ན་ལས་ངན་སེམས་ཅན་ཚོགས། །ཞེས་ཟེར་ནས་མེ་ཏོག་དེ་མཆི་མ་ཁྲམ་ཁྲམ་བྱེད་ཅིང་མགོ་ཁུག་གེ་བསྡད་སོང་ངོ༌། །དེར་བུང་བ་དེ་བློ་ཆེས་ཆེར་འགྱུར་ནས་མཉམ་དུ་མཆི་མ་འདོན་པ་དང་སྦྲགས་ངུ་མ་དབྱངས་ཀྱིས་འདི་སྐད་ཟེར་རོ། །ཀྱེ་མ་ཀྱི་ཧུད་ལས་ཀྱིས་བསྐོས་པའི་གྲོགས། །བདག་གི་རྨི་ལམ་དཔྱད་པ་རྟགས་མ་ལེགས། །ཁྱོད་ཀྱིས་གསུངས་པའི་གཏམ་དེ་ཆེས་མ་སྙན། །ཚེ་ལ་སྐྱེ་འཆི་ཡོད་པ་འཆི་བར་འཇིགས་ནས་རིམ་གྲོ་བྱེད་ཀྱང༌་རས་གོ་ཡང༌། །ལས་ལ་དཀར་ནག་ཡོད་རྣམ་སྨིན་ལ་མི་འཛེམ་པར་གྱ་ཆོམ་སྤྱོད་པ་པ་སུ་ཡིས་རིག །བདག་གི་མདུན་མ་ནོར་བས་ཨ་རེ་འཇིགས། །གཤིན་རྗེ་ཆོས་རྒྱལ་ཟེར་བའི་འ་རྫི་བར། །འཇིག་


JLAZ007_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁེ་གྲགས་ཅན་ཚེ་འདིའི་རིགས་གཟུགས་དཔལ་འབྱོར་གྱིས་དྲེགས་པ་གྱི་བཀའ་ཤོག་དང༌། །འདྲེན་པ་མངའ་ཐང་ཅན་གྱི་སྤངས་རྟོགས་ཀྱི་ཡོན་ཏན་མེད་ན་ཚེ་གཅིག་ལ་གྲོལ་བའི་ལམ་སྟོན་མི་བཏུག་ཐུགས་རྗེ་དང༌། །དངོས་པོ་རིན་ཐང་ཅན་སྡིག་པའི་གཡོ་བཀོལ་གྱིས་བསྒྲུབས་པའི་དགེ་སྟོབས་ཆེན་གྱིས་ཀྱང་མི་ཕན་གྱི་བརྔན་པ་དང༌། །མོ་བཙུན་མཚར་སྡུག་མཛངས་མའི་བསླུ་བྲིད་སྡོམ་གསུམ་གྱི་གནང་བཀག་མི་ཤེས་ཤིང་རྟོགས་པས་རྒྱུད་མ་གྲོལ་ན་ཆོ་རིགས་དང་སྔགས་ལམ་ལ་བསྙད་པའི་ཆུང་མས་འཆིང༌སོགས། །འགྲོ་ས་ཡོད་དམ་མེད་པ་ཁྱོད་ཀྱིས་ཤོད། །ཡོད་ན་བདག་ཀྱང་དེ་ལ༌ཐབས་ཀྱིས་འཚོལ། །མེད་ན་དེ་ལ་ཕན་པའི་ཐབས་ཤིག་བགྱི། །རན་ནོ་རན་ནོ་ད་ནི་ཕྱིས་ལ་ཁད། །དལ་པོའི་ལོང་མེད་ལ་འུ་ལ་འུར་ལས་སད་པའི་གང་ཟག་ལ་ངེས་འབྱུང་གློ་བུར་དུ་སྐྱེ་བ་སྨོས། །ཞེས་ཟེར་རོ། །དེར་མེ་ཏོག་ན་རེ། ཨེ་མ་གསོན་དང་སྙིང་མེད་གཟུགས་བཟང་མ། །མདུན་མ་ནོར་བར་གོ་ན་བདག་ལ་ཉོན། །ལས་ལ་དཀར་ནག་མེད་ན་མུ་སྟེགས་ཡིན། །གཤིན་རྗེ་ཆོས་རྒྱལ་ཟེར་བའི་དྲག་ཤུལ་ཅན། །སྙིང་རྗེ་རྩྭ་ཙམ་མེད་པ་དེ་འདྲ་ལ། །ཁ་གྲགས་ཅན་དང་ལྟར་སྣང་ཐུགས་རྗེ་དང༌། །དངོས་པོའི་བརྔན་སྦྱིན་མཛེས་མའི་བསླུ་བྲིད་སོགས། །ལས་སྒོ་དེ་ལ་ཡུད་ཙམ་འགྲིམ་ས་མེད། །དེ་ལས་ཨེ་ཕན་དགོངས་ན་འདི་ལྟར་མཛོད། །སྐྱབས་ལ་དཀོན་


JLAZ007_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ལས་བཟང་བ་གཞི་སྐྱབས་འགྲོ་མེད། །མགོན་ལ་རྩ་བ་ལམ་གྱི་སྐྱབས་འགྲོ་གསུམ་ལས་ལྷག་པ་མེད། །དཔུང་གཉེན་རང་ངོ་ཤེས་ལས་འབྲས་བུའི་སྐྱབས་འགྲོ་ཀ་དག་ལེགས་པ་མེད། །བླ་མ་སྤྱི་བོར་བསྒོམས་ན་གཟུགས་སྐུ༌སྐྱབས་ས་ཡོད། །ཡི་དམ་རང་ངོ་ཟན་པ་ཤེས་ན་བརྟེན་ས་ཡོད། །མཁའ་འགྲོ་རིག་པར་ཤེས་ན་ལྷུན་གྲུབ་དངོས་གྲུབ་ཡོད། །མ་ཎི་པདྨེ་འདྲེན་ན་དལ་མེད་དུ་དགེ་སྦྱོར་དང་སྤྱོད་ལམ་བསྲེ་བའི་དཔེ་ཐུགས་རྗེ་ཡོད། །དག་སྣང་ཕྱོགས་མེད་སྦྱངས་ཚད་མེད་པ་བཞི་ན་ཐར་པ་ཡོད། །མཐོང་ཚད་བླ་མར་ཤར་ལམ་དུ་ལོངས་པའི་ཚད་མན་མོས་གུས་ཡོད། །སྣང་སྟོང་སྒྱུ་མར་གོ་ན་བསྐྱེད་བུམ་དབང་གི་ལམ་རིམ་ཡོད། །གསལ་སྟོང་ལོངས་སྐུར་གསང་དབང་འཆར་ན་ཞིང་ཁམས་ཡོད། །རིག་སྟོང་ཆོས་སྐུར་རྟོགས་ན་རྫོགས་ཤེར་དབང་རིམ་ཡོད། །རང་རིག་བླ་མར་ཤེས་ན་མཚོན་བྱ་དོན་གྱི་ཡེ་ཤེས་ཚིག་དབང་གི་ལམ་ཉམས་ལེན་ཡོད། །ཆོས་བརྒྱད་འགྲོ་ཕྱོགས་བཞག་ན་བྱ་བ་བཏང་བའི་རྟགས་དམ་ཆོས་ཡོད། །གཞན་ཕན་ལྷག་སྨོན་པ་བསམ་བསྐྱེད་ན་བྱང་སེམས་འཇུག་པ་ཡོད། །མི་ཚེ་ཆོས་རྩེ་གཅིག་ལ་དྲིལ་ན་དལ་འབྱོར་ཡོད། །རི་འཁྲོད་དབེན་པར་ཕྱིན་ན་སངས་རྒྱས་སྤྲོས་བྲལ་ཡོད། །དབྱིངས་རིག་གཅིག་རོ་གཅིག་ཏུ་འདྲེས་ན་ཉམས་རྟོགས་ཡོད། །གཅིག་པུར་སྒྲུབ་ཚུགས་བཟུང་


JLAZ007_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྟོགས་ཚད་སྒོམ་མེད་ཡོད། །ལམ་རྟགས་ཡོན་ཏན་ཤར་ན་མཆོག་གི་དངོས་གྲུབ་ཡོད། དེ་ལ་ཡོད་པ་རྣམ་པ་བཅུ་བདུན་མཛོད། །ཚེ་འདིས་རྣམ་པར་བྲིད་འཁོར་བར་མི་སྐྱོ་ལ་ཕྱི་མ་མེད། །སྤོམ་ཡོར་ཇོ་རྫུ་ཅན་ལ་ཆོས་ལྟར་བཅོས་པ་ཏིག་པོ་མེད། །མི་ཤེས་ཁེངས་པ་མཐོ་ལ་བླུན་རྨོངས་འདི་ཡིན་མེད། །རང་མཐོང་ང་རྒྱལ་ཆེ་ལ་ནང་ཡོན་ཀུན་སྤྱོད་ཤིན་ཏུ་ངན་པ་མེད། །ལོག་ལྟས་དད་པ་ཅུང་ཟད་ཀྱང་མེད་པ་རང་སེམས་གནད་ལ་ལས་འཕྲོ་མེད༌། །ཕྱོགས་འཛིན་གཞན་དབང་དུ་སོང་བ་འཆིང་བ་ཅན་ལ་སྐལ་བ་ལས་ངན་གྱི་མཚོ་ཆེན་བརྡོལ་བ་མེད། །མི་ཚེ་སྡིག་ལ་སྒྲིལ་མི་དགེ་སྡིག་སྤྱོད་ལ་མཐོ་རིས་མེད། །དམ་ཚིག་རས་སྡོམ་དང་དམ་ཚིག་འཆལ་བ་སུ་བོར་ལ་དངོས་གྲུབ་མེད། །གསོག་འཇོག་སེར་སྣས་བཅིངས་ལ་འཆིང་བ་དམ་ལྡན་ལོངས་སྤྱོད་མེད། །ཞེ་སྡང་མཚོན་ཆ་ཚིག་རྐང་ལྔས་དུག་ལྔ་འཁྲུག་པ་སྟོན་ཅིང། ལྔ་ཀ་ཚོགས་ན་བདུད་ཀྱིས་ཟིན་པ་ལའང་སྦྱར་དུ་རུང་བརྡར་ལ་ཚེ་རིང་མེད། །ཕྲག་དོག་གོས་སུ་གྱོན་ལ་བདེ་བ་མེད། །འདོད་ཆགས་ཟས་སུ་ཟ་ལ་མི་ལུས་མེད། །གཏི་མུག་སྐོམ་དུ་འཐུང་ལ་ཡེ་ཤེས་མེད། །ང་རྒྱལ་ནོར་དུ་བཅང་ལ་དགེ་སེམས་མེད། །དཀོན་མཆོག་དཀོར་ལ་ལྡན་གྲོལ་གཉིས་ཀ་དང་མི་ལྡན་ཞིང་ཆོས་ལ་མི་སེམས་བཞིན་དུ་འབགས་ལ་བསོད་ནམས་མེད། །ལོག་འཚོའི་ལོག་འཚོ་ལ་ལྔ་སྟེ། ངེད་ཆོས་བཞིན་བགྱི་བ་ལ་བཟའ་བཏུང་མེད་ཟེར་བ་ལྟ་བུའི་གཞོགས་སློང། རྙེད་པས་རྙེད་པ་


JLAZ007_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཚོལ་ཕྱིར་གཞན་ངོ་སྟེར་བྱིན་གྱིས་བསྲུང་བ། གཞན་སྔུན་དུ་བཙུན་ཚུགས་དང་ཞི་དེས་ལ་སོགས་པའི་ཚུལ་འཆོས། རང་གི་དཀའ་ཐུབ་དང་སྤོང་བག་བྱས་ཚུལ་གྱིས་ཁ་གསགས། ཡོན་བདག་ཆེ་གེ་མོས་བདག་ལ་འདི་ཙམ་བྱིན་བྱིན་པའང་བདག་ཚུལ་ཁྲིམས་དང། ཐོས་པ་དང། རྟོགས་པ་ཕུན་སུམ་ཚོགས་པའི་རྒྱུས་སོ་ཟེར་བའམ། གཞན་ཡང་མི་ལྟེར་བཞིན་དུ་སྤོང༌། ཉུང་བ་ལ་ཁྲོ། ངོ་མ་ཆོག་བར་ལྟེར་དུ་འཇུག ཐོབ་ཐང་བརྩི་ནས་ལེན་པ་སོགས་སོ། །ཟས་ལ་བརྔམས་རང་སྡོམ་འཇིགས་སྐྱོབས་ཚམ་ལ་ཡོན་གནས་སུ་རློམ་ནས་ས་ལ་ཐར་པ་མེད། །མི་ཆོས་གཡེང་བ་ཆེ་ལ་ཆོས་ཕྱིར་ལེ་ལོ་ཅན་དམ་ཆོས་མེད། །དེ་ལ་མེད་པ་རྣམ་པ་བཅུ་བདུན་མཛོད། །ཨེ་མ་འཁོར་བའི་རྒྱ་མཚོ་གཏིང་རེ་འཇིགས། །ཁྱོད་ཀྱང་མདུན་མ་ཡོད་པ་མི་བྱེད་དམ། །ཞེས་ཟེར་རོ། །ནང་གི་རྩ་མདུད་གྲོལ་བའི་རྟེན་འབྲེལ་ལས་ཆོས་འབྱུང་བའི་བརྡ་ཆོས་དང་པོ་འདི་ཡུད་ཙམ་ལ་བབས་ཤིང། དུས་དེར་ཐོས་པ་དང་ན་ཚོད་གཉིས་ཀ་གཞོན་ནུར་གྱུར་པས་ཡིད་བཞིན་མཛོད་སོགས་མ་མཇལ་ཡང་། །དེ་ལ་བཤད་པའི་ཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་བརྒྱདད་ང། རིས་ཆད་བློས་མི་ཁོམ་པ་བརྒྱད་ཀྱི་རྐང་གྲངས་འདིར་རང་ཤར་བ་སླན་ཆད་མཆན་བུ་གསལ་བར་བགྱིས་ཤིང། གོ་རིམ་ངེས་པ་སྤངས་པ་བསྒྲིག་བཅོས་མ་བགྱིས་པར་སོར་བཞག་གོ །དེར་བུང་བ་དེ་ན་རེ། ཨེ་མ་གསོན་དང་སྙིང་གི་གྲོགས། །


JLAZ007_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་དང་ཕྲད་པ་བསོད་ནམས་བསགས། །གལ་ཏེ་ཁྱོད་དང་མ་མཇལ་ན། །བདག་གི་མདུན་མ་དེའུ་ནོར་བྱས། །ད་ནི་དཀར་ནག་ལས་ལ་འཇིགས། །ད་ནི་ལ་འུར་ཆོས་ལ་འགྲོ། །བླ་མ་བཟང་པོ་གང་ན་ཡོད། །ཆོས་ཀྱི་འཇུག་སྒོ་ཇི་ལྟར་ཟབ། །ཡི་དམ་བྱིན་རླབས་ཅི་ཞིག་ཆེ། །མཁའ་འགྲོ་དངོས་གྲུབ་སུ་ཞིག་མྱུར། །ཉམས་ལེན་ལག་བཅང་གང་ལ་བྱེད། །སྡོད་པའི་གནས་སུ་ཇི་ལྟར་ལེགས། །འགྲོགས་པའི་གྲོགས་སུ་སུ་རང་བཟང། །ཕུགས་ཀྱི་བློ་གཏད་སུ་ལ་ཞུ། །དེ་འདྲ་དྲང་པོར་ང་ལ་གསུང། །ཞེས་ཟེར་རོ། །དེར་མེ་ཏོག་ན་རེ། སྔོན་ནས་ལས་འཕྲོས་འབྲེལ་པ་དེ། །ངོ་མཚར་ཆེ་བའི་ཚད་དུ་བདོག །བསླབས་པའི་ཁ་ལ་བླ་མས་ཅི་གསུང་ཚད་མར་འཛིན་པས་ཉན་པ་དེ། །ངོ་མཚར་ཆེ་བའི་ཚད་དུ་གོ །མདུན་མ་ནོར་རང་སྐྱོན་མཐོང་བ་ཤེས་པ་དེ། །སྤྱང་པོ་ཡིན་པའི་ཚད་དུ་གོ །ལས་འབྲས་ངེས་ཤེས་ནང་ནས་སྐྱེས་པ་བདེན་པར་བརྩི་བ་དེ། །གྲུང་པོ་ཡིན་པའི་རྟགས་སུ་གོ །མ་ཡེངས་ཉོན་དང་སྙིང་གི་གྲོགས། །བླ་མ་བཟང་པོས་ལུང་པ་ཁེངས། །ཆོས་བརྒྱད་མཁན་དང་བསྡུ་དངོས་བཞི་དང་ཕྱིན་དྲུག་གི་སྤྱོད་པ་ལམ་ཞུགས་པ་ནོར་ས་ཡོད། །ཞིབ་མོར་བརྟག་པ་མདོ་རྒྱུད་ནས་གསུངས་པ་མན་ངག་ཡིན། །ཆོས་གྱི་འཇུག་སྒོ་མི་ཟབ་མེད། །ཐེག་པ་ཆེ་ཆུང་སེམས་བསྐྱེད་


JLAZ007_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བཞིན་དུ་ཐེག་པ་ཆེན་པོར་ཁེ་འཆེ་བ་ནོར་ས་ཡོད། །མདོ་སྔགས་སྟན་མདོའི་སྤྱོད་པ་དང་སྔགས་ཀྱི་ཐབས་ཐོག་གཅིག་ཏུ་དྲིལ། །ཡི་དམ་ལྷ་ལ་བཟང་ངན་མེད། །ལྷ་རྟགས་རྨི་ལམ་དང་མངོན་ཞེན་ལ་འཐས་པ་འདྲེ་རྟགས་ནོར་ས་ཡོད། །རེ་དོགས་མེད་པ་ཡང་རྩེ་ཡིན། །དངོས་གྲུབ་མཁའ་འགྲོ་ཀུན་གྱིས་འབྱུང། །ལྷ་བདུད་གཉིས་པོ་ནོར་ས་ཡོད། །འཁྲུལ་པར་དག་སྣང་འཇིག་རྟེན་གྱི་མཁའ་འགྲོ་མས་ཉམས་བལྟས་ནས། ལུང་སྟོན་པ་ལ་བདེན་འཛིན་རང་རྒྱུད་དུ་ཤར་བ་མ་ཟེར་ཅིག །ཉམས་ལེན་རང་རིག་བློ་བྲལ་རྗེན་པ་བཟང། །བདེ་གསལ་ཉམས་དང་ནོར་ས་ཡོད། །ཉམས་བདེ་གསལ་མི་རྟོག་ལ་བལྟ་བར་མ་འཛིན་ཅིག །སྡོད་པའི་གནས་སུ་བས་མཐའ་ལེགས། །སྐྱིད་ཆོས་རྟོགས་རྫུ་ཡེངས་མ་ལམ་དང། ལེགས་སྨོན་གྱི་སྤྱོད་པ་ཚུལ་ཁྲིམས་སུ་རློམ་པ་ཟོལ་དང་ནོར་ས་ཡོད། །ཕྱུགས་དང་འདུ་ལོངས་མ་བསག་ཅིག །འགྲོགས་པའི་གྲོགས་སུ་རང་རིག་བཟང། །དྲན་པས་བཟུང་དང་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ནོར་ས་ཡོད། །ཁྱབ་གདལ་ལྷིང་བའི་ཤེས་པ་སྐྱོངས། །ཕུགས་ཀྱི་བློ་གཏད་འབྲས་བུ་གྲོལ་ས་ངོ་ཤེས་པ་སྐུ་གསུམ་བཟང། །བཅོས་ཡིད་སྨོན་གྱི་འབྲས་བུ་ལ་རེ་བ་མའི་ཆོས་དང་ནོར་ས་ཡོད། །ཡེ་ནས་འདུ་འབྲལ་མེད་པ་དགོས། །བསླབ་བྱ་དེ་ལས་མ་བྲལ་ན། །འཁོར་བའི་གྲོང་ལ་ཕྱི་ཕྱག་འཚོལ། །འཁོར་


JLAZ007_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

འདས་གཉིས་ལ་རྩིས་སྤང་བླང་མེད་པའི་དོན་ལ་ལ་བཟླ་བ་གྲུབ་སྤོངས། །འཁོར་བ་རྫུན་གྱི་ཟོ་རིས་ལ། །རྟག་པར་འཛིན་པའི་ངེས་ཤེས་སྤོངས། །ཡོད་པའི་ཕྱོགས་འཛིན་པ་དང། མྱང་འདས་མེད་པར་ངེས་ཤེས་སྐྱེས་པ་གཉིས་ཀས་བསླུ་བ་ཡིན་རྟོགས་པའི་འཁོར་ལོ་ལ། །ཡིད་ཆེས་སྐྱེས་པའི་ཞེན་ཆགས་ཐོང༌། །འཁོར་འདས་གཉིས་མེད་ཆོས་སྐུ་ལ། །སྤྲོས་པའི་མཐའ་དོན་རྣལ་མ་ཡིས་ཀུན་ནས་དབེན། །བཅིང་གྲོལ་མེད་པའི་རིག་པ་ལ། །རྫོགས་པ་ཆེན་པོ་དགོངས་པ་ཡོད། །ཡུལ་དང་གཟུང་བའི་ཆ་ཡུལ་ཅན་འཛིན་པའིསེམས་དབྱེར་མེད་ལ། །མ་བཅོས་རང་ཁའི་ཀ་ནས་དག་པ་གནས་ལུགས་རྫོགས། །སྒོ་གསུམ་བྱ་རྩོལ་དགུ་ཕྲུགས་ཐོང༌། །ལས་རླུང་ཟད་པའི་རྟེན་འབྲེལ་ཡོད། །དེ་ཟད་རགས་ལུས་གཞའ་སྐུར་གྲོལ། །སེམས་དྭངས་མའི་རིག་པ་དབྱིངས་དང་འདྲིས། །ཡེ་གདོད་མའི་རྒྱལ་ས་ཟིན་པར་ངེས། །དེ་གོའམ་སྙིང་གྲོགས་ལས་འཕྲོ་ཅན། །ཞེས་སྨྲས་པས་བུང་བ་དེ་ཅུང་ཟད་བློ་འགྱུར་ནས་འཛུམ་མདངས་སྟོན་པ་དང་མཉམ་དུ་འདི་སྐད་ཟེར་རོ། །ཨེ་མ་ཨེ་མ་སྐལ་བཟང་བུང་བ་ང༌། །མེ་ཏོག་ཁྱོད་དང་མཇལ་བས་བསོད་ནམས་བསགས། །ད་ནི་འཁོར་བའི་ལས་ལ་ཞེན་པ་ལོག །དབེན་གནས་རི་ཁྲོད་འགྲིམ་པའི་བསམ་པ་དུང༌། །ཚེ་གང་ཆོས་ལ་བསྒྲིལ་བའི་དམ་བཅའ་


JLAZ007_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །ཚེ་གཅིག་འཇའ་ལུས་འགྲུབ་པའི་གདམས་ངག་ཞུ། །ད་ཕན་གྲོགས་པར་བལྟས་པ་བཟོད་པར་སོ་སོ་སྐྱེ་བོས་བླ་མ་མི་རུ་མཐོང༌གསོལ། །ཁྱོད་ནི་རྟོག་མེད་འོད་གསལ་དགོངས་པ་ཅན། །ཡེ་ཤེས་ཐུགས་རྗེའི་ལོ་འདབ་རབ་ཏུ་རྒྱས། །སྨྲས་ཚད་ཆོས་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་མཐོང་ཙ་ན་ཅི་གསུང་ཆོས་སུ་ཡོད་སྒྲར་ཡོང་བ་ངོ་མཚར་ཆེ། །མ་རིག་རྨོངས་པའི་སེམས་ཅན་བདག་འདྲ་ལ། །སྙིང་རྗེའི་ཞགས་པས་འདེབས་པའི་དུས་ལ་བབས། །ཐུགས་རྗེའི་ལྕགས་ཀྱུས་འཛིན་པའི་དུས་ལ་བབས། །སྨིན་གྲོལ་གདམས་ངག་སྟོན་པའི་དུས་ལ་བབས། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུང༌། །ཞེས་ཟེར་ཞིང་ཐལ་མོ་ཁ་སྦྱར་ནས་ཤིན་ཏུ་གུས་པའི་ཚུལ་གྱིས་བསྡད་སོང་ངོ༌། །དེར་མེ་ཏོག་ན་རེ། །དུད་འགྲོའི་ལུས་ལ་དགེ་བའི་བློ་གྲོས་ཅན། །བློ་གསལ་རིག་པ་ཧུར་ལ་སྨྲ་བ་མཁས། །ལས་འཕྲོ་བག་ཆགས་སད་པའི་ཉམ་ཆུང་ཁྱོད། །མེ་ཏོག་ང་འཕྲད་པ་བསོད་ནམས་བསགས། །ཐོབ་འཚེངས་རང་གྲོལ་ཆེན་པོའི་ཆོས་ཤིག་བཤད། །རྒྱས་བཤད་ཚིག་གི་སྤུན་པས་དོན་མི་ཤེས་བྱའི་རྣམ་གྲངས་མང་པོས་ཆོས་ཉིད་རྣལ་མའི་མཐོང༌། །སྙིགས་དུས་ཚེ་ལ་དལ་ཁོམ་ཡོད་མ་ཡིན། །མི་རྟག་འཆི་བ་རྣམ་པ་ཀུན་ཏུ་ང་སང་འཆིའམ་སྡོད་སྙམ་པའི་ཐེ་ཚོམ་ལོག་གེ་བ་དགོས་དྲན་པ་


JLAZ007_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་གཅེས། །ཆོས་ལ་ཤུགས་ཀྱིས་འཇུག་པའི་བརྩོན་འགྲུས་བསྐྱེད། །འཁོར་བ་ཞེན་པ་ལྡོག་པའི་དགོས་བྱེད་ཡོད། །སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །བློ་སྙིང་བྲང་གསུམ་ཐོད་ལ་སྐྱབས་དཀོན་མཆོག་ལ་བློ་ཁེལ་བ་ལ་སྐྱབས་འགྲོ་གྱིས། །འགྲོ་ཀུན་ཕ་མར་སྒོམ་ནས་བྱང་སེམས་ཕྱོགས་རིས་མེད་པ་འབྱོངས་ལས་ཀུ་ཅོ་མཐོང་ཡང་སྙིང་རྗེ་དབང་མེད་དུ་སྐྱེ་བསྐྱེད། །སྡིག་སྒྲིབ་ཡི་གེ་བརྒྱ་པས་སྡིག་པ་མ་དག་ན་ཡོན་ཏན་མི་སྐྱེ་མཐའ་འདེད་ཐོང༌། །ཡན་ལག་བདུན་དང་ཚོགས་མ་རྫོགས་ན་སངས་རྒྱས་མི་ཐོབ་མཎྜལ་གནད་དུ་བསྣུན། །གྲངས་མེད་གསུམ་གྱི་ཚོགས་ལམ་དེ་ཡིས་བཟླུམས། །བླ་མའི་རྣལ་འབྱོར་བླ་མ་དང་ཐུགས་ཡིད་མ་འདྲེས་ན་བྱིན་རླབས་མི་འཇུག་སྒོམ་ལ་གསོལ་འདེབས་འབུངས། །ལམ་དབང་རྟག་པར་ནོས་ནས་བྱིན་རླབས་འཇུག་ཅིང་ཉམས་ཆག་འདུག་བྱིན་རླབས་ཞུས། །ཨ་འཐས་སྤྲོས་བཅས་དྲན་པས་མི་ཟིན་པའི་གནས་བསྐོར་དང་ལམ་འཕྲང་བཟོ་བ་སོགས་དགེ་བ་དུཿཁའི་རྒྱུ། །རིག་པ་ཀ་དག་ཆེན་པོའི་ཆོས་ཉིད་མ་འཁྲུལ་བ་ངང་ལ་ཞོག །སྒོམ་བློའི་རྩོལ་བསྒྲུབ་མི་སྒྲིམ་དུར་པོ་སྐྱུར་ལ་ཐོང༌། །བཏང་སྙོམས་ཡེངས་མ་ལམ་དང་བརྗེད་འབྱམས་མ་ཚོར་བའི་ལུང་མ་བསྟན་གྱི་སྐྱོན་མཚང་བརྟོལ། །དྲན་རིག་དྲན་པས་སྒོམ་གྱི་ངོ་ཏི་བྱེད་རང་ཁའི་བསྒྱུར་སྤོངས། །གོལ་ཤོར་གེགས་ཀྱི་མཚན་མ་གདོད་ནས་དག །ལྷག་མཐོང་ཡེ་གདངས་རྡོ་རྗེ་ལུག་རྒྱུད་གཟིར། །དབྱིངས་རིག་སྨིན་མཚམས་གྲོལ་ནས་ལུ་གུ་རྒྱུད་ལ་གཟིར།


JLAZ007_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་བཅུད་དུ་སྨིན་ནས་འཇའ་སྐུར་སྣང་བ་བཞི་ཚད་དུ་ཕྱིན་པ་གྲོལ། །སྐྱེ་འཆི་གཉིས་ཀྱི་མིང་འདོགས་རང་སར་དག །འཁོར་འདས་རང་གྲོལ་གདོད་མའི་རྒྱལ་ས་ཟིན། །སྙིང་གཏམ་ལག་བཅངས་ཡིན་ནོ་སེམས་ལ་ཕུར། །གོང་མའི་གདམས་ངག་ཡིན་ནོ་སྙིང་ལ་བསྟིམ། །རྒྱུད་སྡེའི་རྒྱུད་བཅུ་བདུན་བཅུད་ཕུར་ཡིན་ནོ་མགུ་བ་བསྐྱེད། །ཀུན་ཏུ་བཟང་པོ་བྱོན་ཡང་འདི་ལས་མེད། །དགའ་རབ་རྡོ་རྗེ་མཇལ་ཡང་ཅི་མི་གསུང༌། །པད་འབྱུང་སྙིང་ཏིག་ཡ་བཞི། ཆ་གཉིས་བི་མ་ལ་ཡི་དགོངས་པའི་མཐིལ། །འདི་འདྲ་བཤད་པར་ཕངས་ཀྱང་ཁྱོད་ལ་ཐལ། །རེམས་ཤིག་ཕྱི་དུས་མ་གཞོག་ད་ལྟ་འབུངས། །འབུངས་ནས་འབྲས་བུ་མ་བྱུང་ང་ཡིས་བསླུས། །ཨེ་མ་རྒྱལ་བའི་དགོངས་པ་ཨ་ལ་ལ། །ཞེས་སྨྲས་པས། བུང་བ་དེ་སྙིང་ལ་མདའ་འཕོག་པ་ལྟ་བུར་གདམས་པ་བློ་ལ་ཤར་ནས་དེ་ཉིད་དུ་སྒོམ་པས་དཀར་པོའི་བག་ཆགས་སད་དེ་རྟོགས་འབུལ་འདི་ལྟར་བྱས་སོང་ངོ༌། །ཨེ་མ་ཨེ་མ་སྣང་མེད་སྤྲོས་པ་བྲལ། །དྲིན་ཅན་པདྨའི་སྡོང་པོ་ཚུར་གསོན་དང༌། །བདག་གིས་བྱ་རྩོལ་བཏང་ནས་བསྒོམས་བསྒོམས་པས། །སྣང་སྟོང་ཉིད་ཀྱི་བར་ནས་ཉམས་ཤིག་རྙེད། །གསལ་སྟོང་བརྗོད་པ་བྲལ་ཕྱག་ཆེན་པའི་ཆོས་སྐད་སེམས་སྡེ་བའི་ཉམས་རིམ་བཞི་དང་མཐུན་པ་རྩེ་གཅིག་ཆུང་ངུ༌། འཇིག་རྟེན་པའི་ལམ་བའི་རང་


JLAZ007_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ལ། །གཉིས་ཆོས་མཚན་མའི་དྲི་མ་རབ་དབེན་ཀྱང༌། །ཐོལ་བྱུང་རྣམ་རྟོག་འོག་འགྱུའི་རྐུན་པོ་འདིས། །ཡུལ་དང་ཡུལ་ཅན་སོ་སོར་བྱས་པས་ནོངས། །མ་བཅོས་ཡེ་གྲོལ་ཆོས་སྐུ་རང་གཤིས་སུ། །ངེས་པ་རྙེད་ཀྱང་ངེས་ཤེས་རྩེ་གཅིག་འབྲིང་པོ་སྒྲོག་གིས་བཅིངས། །མཐའ་བརྒྱད་སྤྲོས་བྲལ་དངོས་པོ་ཅན་དུ་སོང༌། །སེམས་ཙམ་དབུ་མའི་ལྟ་བར་གོལ་བས་ནོངས། །རྫོགས་པ་ཆེན་པོ་བྱ་རྩོལ་བློ་འདས་ལ། །དྲན་པའི་སྒྲོག་གིས་གཉུག་མའི་རྩེ་གཅིག་ཆེན་པོ་གནས་ལུགས་བཅིངས། །ཡིད་དཔྱོད་སོ་སོར་རྟོག་པས་རང་ངོ་བསྒྲིགས། །བློས་བྱས་རྟོག་གེའི་གྲུབ་མཐའ་བཟུང་བས་ནོངས། །ནོངས་པ་གསུམ་གྱི་རྟོགས་འབུལ་སོ་མ་ལ། །གོལ་ས་གཅོད་པའི་བཀའ་སྩོལ་ད་རུང་ཞུ། །ཞེས་ཟེར་ནས་མེ་ཏོག་གི་བཅུད་ལེན་ནོ། །དེར་མེ་ཏོག་ན་རེ། ཀྱེ་མ་ཚུར་ལ་གསོན་དང་ལས་འཕྲོ་ཅན། །རྫོགས་ཆེན་ཐོས་པ་མང་སྟེ་རྟོགས་པ་ཉུང༌། །གསལ་སྟོང་རྟོགས་མེད་ཙམ་གྱིས་སངས་མི་རྒྱ། །སྐུ་གསུམ་རིག་པ་འདུ་འབྲལ་མེད་པ་དགོས། །སྟོང་པར་གནས་པ་ངོ་བོ་ཆོས་སྐུ་ཡིན། །གསལ་ཆ་འགགས་ན་ཆད་པའི་མཐའ་རུ་གོལ། །ཤུགས་འབྱུང་གསལ་བར་རང་བཞིན་ལོངས་སྐུ་ཡིན། །ཞེན་པ་ཡོད་ན་རྟག་པའི་མཐའ་ལ་གོལ། །ཅིར་ཡང་འཆར་བ་ཐུགས་རྗེ་སྤྲུལ་སྐུ་ཡིན། །དགག་བསྒྲུབ་བྱས་ན་ཚད་མའི་ལམ་


JLAZ007_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོལ། །བདེ་གསལ་མི་རྟོག་སྐུ་གསུམ་བསྒྲུབ་གཞི་ཡིན། །དེ་ལ་ཞེན་ན་ཁམས་གསུམ་འཁོར་བའི་རྒྱུ། །ཐོལ་བྱུང་རྟོག་པ་སྤྲུལ་སྐུའི་ཐུགས་རྗེ་ཡིན། །བཅོས་བསྒྱུར་ཞེན་འཛིན་ཐོང་དང་རང་ཡལ་འགྲོ། །ཡུལ་དང་ཡུལ་ཅན་གཉིས་འཛིན་མཐའ་ལས་གྲོལ། །སྤྲོས་བྲལ་དངོས་པོར་གོལ་མཁན་ཤེས་སྒྲིབ་ཡིན། །བཟང་ཞེན་ཉམས་དང་ངེས་ཤེས་དྲི་མ་ཕུད། །དྲན་པ་སྒོམ་གྱི་རྩ་བ་ལགས་མོད་ཀྱང༌། །འཇུར་དྲན་དུར་པོས་སྒོམ་ཆེན་ཕལ་ཆེར་བསྐུ། །མ་བསྒོམས་ངང་ནས་ཡེངས་པ་མེད་པ་གནད། །ལས་རླུང་ཡེ་ཤེས་རླུང་དུ་མ་གྱུར་པར། །གཉུག་མའི་ཡིན་ལུགས་སུས་ཀྱང་མཐོང་བ་མེད། །གཉུག་མའི་རང་ངོ་རྗེན་པ་སྤྲོས་བྲལ་ཆུང་ངུ་ཐོབ་ལམ་མ་ཟིན་པ་ར་མཐོང་བའི་ཚེ། །ཚིག་དང་དཔེ་ཡིས་མཚོན་པ་བཞད་གད་གནས། །རྟོགས་ཚད་ནང་ནས་ཤར་སྤྲོས་བྲལ་འབྲིང་པོ་བའི་མེ་ཏོག་ང༌། །རྟོག་གེའི་རྩོད་པ་བྱུང་ཡང་ཉམ་ང་མེད། །རྒྱལ་བའི་དགོངས་པ་སྤྲོས་བྲལ་ཆེན་པོ་ལོན་པའི་མེ་ཏོག །ཉམ་ཆུང་གྱི་ན་ཟེར་ཡང་ཉམ་ང་མེད། །དཀོན་མཆོག་དྲུང་ན་འདུག་པའི་དག་པའི་ས་གསུམ་མེ་ཏོག་ང༌། །འཇིག་རྟེན་མ་ཕེར་ཟེར་ཡང་ཉམ་ང་མེད། །སྒོམ་བློའི་སྤྲོས་པ་ཟད་པའི་མེ་ཏོག་དུ་མ་རོ་གཅིག་ཏུ་ཤར་ནས་སྒོམ་ལམ་ཟིན་པ་ང༌། །སྒོམ་རྒྱུ་མི་འདུག་ཟེར་ཡང་ཉམ་ང་མེད། །


JLAZ007_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་མེད་གཉུག་མར་འབྱམས་པའི་མེ་ཏོག་རོ་གཅིག་ཏུ་དུ་མར་ཤར་བ་ང༌། །འདུ་ལོང་མི་འདུག་ཟེར་ཡང་ཉམ་ང་མེད། །སྒྲ་མེད་གཏམ་ཟུངས་ཟད་པའི་མེ་ཏོག་ང༌། །ལབ་རྒྱུ་མི་འདུག་ཐ་སྙད་ཟད་པའི་འོ་གཅིག་ཟེར་ཡང་ཉམ་ང་མེད། །ཆ་སྒོམ་མེད་ཆུང་ངུ༌ལུགས་ཅི་དགར་སྤྱོད་པའི་མེ་ཏོག་ང༌། །ལྟ་སྟངས་མི་འདུགར་ཡང་ཉ་ཟེམ་ང་མེད། །བྱ་རྩོལ་ཞེན་འཛིན་དག་སྒོམ་མེད་འབྲིང་པོ་པའི་མེ་ཏོག་ང༌། །སེམས་མེད་བེམ་པོ་ཟེར་ཡང་ཉམ་ང་མེད། །ཡེ་ཤེས་སྒོམ་མེད་ཆེན་པོ་མི་སློབ་ལམ་ཁོང་ནས་རྒྱས་པའི་མེ་ཏོག་ང༌། །བཏང་འགྲོ་བཞག་སྡོད་ཟེར་ཡང་ཉམ་ང་མེད། །གེགས་སེལ་རྡོ་རུས་ཐུག་པའི་སྙིང་གཏམ་འདི། །ལས་འཕྲོ་ཅན་གྱི་གྲོགས་པོ་ཁྱོད་ལ་གདམས། །ཉམས་དང་རྟོགས་པ་གཉིས་ལ་ནོར་ས་ཆེ། །གཞི་རྩ་ཁོང་ནས་བཅད་ཀྱིན་ད་རུང་དྲིས། །ཇི་སྲིད་འདུ་ཤེས་ཟད་ཡིད་དཔྱོད་ཀྱི་ལྟ་སྒོམ་པར་མ་གྱུར་པར། །དེ་སྲིད་རྒྱལ་བའི་དགོངས་པ་ལོན་པ་མེད། །རྟོགས་པས་སྤུ་རིས་ཕྱེ་བའི་རྫོགས་ཆེན་རང་ལམ་དུ་རྩེ་གཅིག་ལ་སོགས་པའི་ཉམས་བཞི་པོའང་གཤིས་ཐོག་ཏུ་མི་ཕེབས་ཏེ་གདུལ་བྱ་སྤྲོ་བ་བསྐྱེད་པ་དང་ཉོན་སྒྲིབ་དང་ཤེས་སྒྲིབ་དག་སྟོབས་ཆེ་ཆུང་ལ་ལྟོས་ནས་ཆ་


JLAZ007_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཏགས་པ་ཙམ་དུ་ཤེས་པར་བྱའོ། །གནས་ལུགས་དེ། །ཇི་ཙམ་ཟབ་ཟབ་འདྲ་ཡང་རྣམ་རྟོག་ཡིན། །ཉམས་རྩེ་གཅིག་ལ་རྟོགས་པར་མ་ཞེན་གཤིས་ལུགས་སྐྱོངས། །རྟོགས་ནས་ཉམས་སྤྲོས་བྲལ་ལ་མ་ཞེན་ལྷོད་དེ་སྡོད། །དབྱིངས་རིག་གདོད་ནས་དག་པ་གཉུག་རོ་གཅིག་མའི་གཤིས། །དྲན་པ་རང་སྟོང་ཤེས་པ་སྒོམ་མེད་གདོད་མའི་ཞལ། །ས་ལམ་གཞི་ལ་དག་པ་བཞི་པོའང་རྟོག་ཆོས་ཡིན་པས་རྫོགས་ཆེན་གྱི་ཁྱད་ཆོས་ཚིག་ལ་མི་གནས་པའོ། །རྫོགས་ཆེན་དོན། །གཞོན་ནུ་བུམ་སྐུའི་འོད་གསལ་གྲོལ་བའི་གནས། །ཐིག་ལེ་ཉག་གཅིག་མི་གཡོ་དགོངས་པའི་གཟེར། །དེ་ལས་གཞན་དུ་འདུག་ན་ན་རཀྐན། །ཞེས་ཟེར་ནས་ལྡེམ་མེ་བསྡད་སོང་ངོ༌། །དེར་བུང་བ་དེས་བྱ་བ་དགུ་ཕྲུགས་སུ་བཏང་ནས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་དབྱིངས་ལ་གཟིར་བས་རིག་པ་ཚད་ཕེབས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ནས་འདི་སྐད་ཟེར་རོ། །ཨ་ལ་ལ་ཧོ། རང་བྱུང་རིག་པའི་ཆོ་འཕྲུལ་ལས། །འཁོར་འདས་གཉིས་ཀྱི་རྣལ་དབྱེ་དོད། །རིག་དང་མ་རིག་སོ་མཚམས་ལས། །སླང་གཉེན་གཉིས་སུ་འདུག་རེ་ཤི། །བཀའ་དྲིན་ཅན་གྱི་མེ་ཏོག་ཁྱོད། །བདག་གི་ཡོངས་འཛིན་ལགས་མོད་ཀྱང༌། །ཁྱོད་ཐུགས་བདག་གི་རིག་པར་འདྲེས། །ད་ནི་གསོལ་བ་སུ་ལ་འདེབས། །མ་བཅོས་རང་གར་སྡོད་པ་དེ། །རྒྱལ་བའི་དགོངས་པ་ཡིན་འདུག་ཀྱང༌། །རེ་དོགས་རྣམ་རྟོག་བདུད་པོ་ཡིས། །སྒོམ་བློ་བྱས་པ་ཤ་ཐང་ཆད། །སངས་རྒྱས་རང་སེམས་ཡིན་པ་ལ། །ས་ལམ་


JLAZ007_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་པས་བུལ་དུ་སོང༌། །རང་སར་བསྡད་པས་ས་རྒྱ་ཟིན། །ད་ནི་སྣང་ཉམས་ཅི་ལས་བདེ། །ལས་རླུང་དབུ་མར་དག་པ་ཡིས། །མཉམ་རྗེས་གཉིས་ཀྱི་སྤུ་རིས་ཡལ། །མངོན་སུམ་རིག་པ་གཟིར་བ་ཡིས། །གོང་འཕེལ་ཉམས་སྣང་རྗེན་པར་མཐོང༌། །ལོངས་སྐུའི་སྒྲོ་འདོགས་ལམ་ལ་ཆོད། །ཚད་ཕེབས་སྒོ་ཉལ་བྱས་ནས་གདའ། །བསམ་བརྗོད་བྲལ་བའི་རིག་པ་ལ། །བག་ཆགས་ཉེར་ལེན་ག་ལ་ཡོད། །སྣང་སེམས་དབྱེར་མེད་འདྲེས་པ་ཡིས། །གཉིས་འཛིན་མ་སྤངས་མཐོང་སར་ཡལ། །ཆས་ཤོག་བདག་ལ་འགྲན་པ་ཡི། །འཁོར་བའི་སེམས་ཅན་སྡུག་སེམས་ཅན། །གདོད་མའི་ས་ལ་མཉམ་པོར་ཤོག །ལས་འཕྲོ་ཅན་གྱི་སྐྱེ་འགྲོ་དང༌། །ཉམ་ཐག་བར་དོའི་སེམས་ཅན་ལ། །ང་ཡི་རིག་པ་ཅིས་མི་འཇུག །ལས་ལ་བཟང་ངན་མེད་པའི་ཕྱིར། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྐྱལ། །ཟུང་འཇུག་ཨ་ཝ་དྷུ་ཏིའི་སྐུ། །པད་འབྱུང་བི་མ་ལ་ལྟ་བུར། །བྱའམ་ཡང་ན་ཆོས་ཟད་ཀློང༌། །རགས་ལུས་འཇའ་སྐུར་དེངས་ནས་ཀྱང༌། །ཀ་དག་བྱ་རྩོལ་བྲལ་བའི་དབྱིངས། །རིག་པ་གཞི་ལ་ཐིམ་ནས་འགྲོ། །ཇི་སྲིད་འཁོར་བ་མ་ཟད་པར། །ལྷུན་གྲུབ་རྩལ་གྱིས་འགྲོ་དོན་བྱེད། །འདི་ནི་ཚིག་གི་མཐའ་མ་ཡིན། །གཏམ་ཟུངས་ཟད་པའི་རྣལ་འབྱོར་ལ། །


JLAZ007_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་མོ་བྱས་ཀྱང་བྲག་ཅ་འདྲ། །ཨེ་མ་ངོ་མཚར་ཨ་ལ་ལ། །གཞི་ལས་འཕགས་པའི་རིག་པ་དེ། །ཡེ་གཞིའི་ཀློང་དུ་བཛྲ་མུཿ། །འཁོར་བ་དོང་ནས་སྤྲུགས་པ་ཡིན། །མ་མ་ཀོ་ལིང་ས་མནྟཿ ཞེས་ཟེར་ནས་དར་ཅིག་སོང་ཙ་ན་བུང་བ་དེ་ཉིད་འཕོ་བ་ཆེན་པོའི་སྐུ་བརྙེས་ནས་འཇའ་ལྟར་ཡལ་སོང་ངོ༌། །གཏམ་ཚོགས་ལེའུ་ང་བཞི་པའོ།། །།


previousགཏམ་ཚོགས་ལེའུ་ང་བཞི་པ། བློ་ལྡན་བྷྲ་མ་རའི་གཏམ་ཚིག་ལ་མི་རྟོན་དོན་ལ་རྟོན་པ།next