Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ང་དྲུག་པ། དྲན་པའི་གཏམ་ཡོན་ཏན་རྒྱ་མཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ང་དྲུག་པ། དྲན་པའི་གཏམ་ཡོན་ཏན་རྒྱ་མཚོ།next

གཏམ་ཚོགས་ལེའུ་ང་དྲུག་པ། དྲན་པའི་གཏམ་ཡོན་ཏན་རྒྱ་མཚོ།


JLAZ007_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པའི་གཏམ་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྫོགས་ཆེན་པ་རང་བྱུང་རྡོ་རྗེ་དཀོན་ཅོག་དང་ངེས་འབྱུང་ལ་གུས་པ་དཔལ་འཆི་བ་མེད་པའི་ལྗོངས་ཀྱི་རི་ཁྲོད་དམ་པ་ན་བལྟར་མི་མངོན་པའི་སྤོང་བ་བསམ་གཏན་པ་རྣམས་དང་


JLAZ007_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཅིག་གོ །དེའི་ཚེ་ལྷོ་བརྒྱུད་མོན་ལྗོངས་མཁར་ཞེས་བྱ་བ་རིའི་བ་གམ་ནགས་ཚལ་གྱིས་བསྟེན་པའི་གནས་ནས་ལྷགས་པའི་དགེ་སློང་བླ་མས་ཞུས་པ། བདག་ལོ་བཅུ་གསུམ་ལོན་ནས་དམ་པའི་ཆོས་སྒོར་ཞུགས། དབུས་གཙང་གི་ཕྱོགས་སུ་རིག་གནས་ཀྱི་ཡན་ལག་དང་དགེ་ཚུལ་སློང༌། བཀའ་གཏེར་བཀའ་བརྒྱད་ལ་སོགས་པའི་ཆོ་ག་ལག་ལེན། སྙིང་པོའི་རྒྱུད་བཤད། མདོ་སྒྱུ་ལ་སོགས་པའི་དཀྱིལ་འཁོར་བྲི་ཐིག་ལས་རབ་འབྱམས་ལའང་ཅུང་ཟད་སྦྱངས། དེ་ནས་ངེས་འབྱུང་གི་བསམ་པ་ཁོ་ནས་རི་ཁྲོད་དབེན་པར་དཀའ་སྤྱད་དྲག་པོ་ལ་བརྟེན་ནས་ལོ་འགའ་དང་འགའ་བསྒོམས། རྫོགས་རིམ་སྒོམ་ཐལ་བ་གནད་དུ་མ་སོང་བས་ཚངས་བུག་བྱེ་ནས་འཕོ་ཚད་ཚད་པ་དང༌། འཇུར་དྲན་དྲགས་ཐལ་བས་སྲོག་རླུང་གི་གེགས་ཀྱང་བྱུང༌། བོགས་འདོན་གྱི་ཆེད། བླ་མ་བཟུང་དགུ། སྒོམ་ཆེན། རང་མཉམ། མཆེད་གྲོགས་ཡོད་ཚད་ལ་དྲི་གཏུགས་མང་དུ་བྱས་ཏེ། རང་བཞིན་ཤེས་པའི་དྲན་པ་སྐད་ཅིག་མ་བསྒོམ་བྱའི་ངོ་བོར་སྟོན་པ་བླ་མ་དམ་པ་ཁྱེད་ལས་མ་བྱུང༌། སྔ་མོ་གཅིག་ཐེག་མཆོག་མཛོད་ལ་བལྟས་པས། རྒྱལ་བ་ཀློང་ཆེན་པ་ལ་དད་དུང་དེ་ལས་


JLAZ007_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་མེད་པ་སྐྱེས། ལོ་བརྒྱ་བརྒྱ་ན་བི་མ་ལའི་སྤྲུལ་པ་རེས་རྫོགས་པ་ཆེན་པོའི་ལྟ་བ་ཐུན་མོང་མ་ཡིན་པ་སྟོན་པར་འགྱུར་བའི་ལུང་བསྟན་མཐོང་བས་རྣམ་པ་ཀུན་ཏུ་སྨོན་ལམ་བཏབ། སྔོན་ཆད་ཀྱི་སྙིང་རུས་སྡུག་བཙིར་དུ་འདུག །ད་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ལྟ་བ་ངོ་འཕྲོད་ནས་དེ་གཤིས་ཐོག་ཏུ་བསྐྱང་བ་ལ་དྲན་པ་གཅིག་པོས་ཆོག་པ་ལགས་སམ་ཞུས་པས། དགེ་སློང༌། ཆོས་ཐམས་ཅད་ཀྱི་རྩ་བ་དྲན་པ་ལ་ཐུག་པ་ཤེས་པར་གྱིས་ཤིག་དང༌། མགོན་པོ་ཀླུས། དབང་ཕྱུག་ལུས་རྟོག་ལུང་རྟོགས་ཞེས་བྲིས་པ་ཁོ་ན་སྣང་བ་བཤེས་སྦྲིང་གི་འགྲེལ་པས་འདི་ལྟར་བསྟན་དྲན་པ་བདེ་གཤེགས་ཀྱི། །བགྲོད་པ་གཅིག་པའི་ལམ་འདི་ཉེ་བར་བསྟན༌། །དེ་ལ་བསྒྲིམ་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་ན་ཆོས་ཀུན་འཇིག་པར་འགྱུར། །ཞེས་དྲན་པ་མེད་ན་ཐོས་བསམ་སྒོམ་པའི་བྱ་བ་ལྟ་ཅི། འཇིག་རྟེན་ཡང་མི་འགྲུབ། འཁོར་བ་ཀུན་བརྟགས་པའི་ལས་ལ་ཡང་བརྗེད་ནས་དོན་ཉམས། བརྗེད་ནས་དངོས་པོ་བརླག །བརྗེད་ནས་ཕྱི་ཐལ་བྱུང༌། སྨྱོ་ཞུགས། འདུ་ཤེས་འཁྲུལ། འདྲེས་ཁྱེར། ཚིག་དོན་མ་ཟིན་ཟེར་བ་མཐའ་དག་དྲན་པ་ཉམས་པས་ལན། མྱང་འདས་ཀྱིས་ལམ་སྤྱོད་ཕྱོགས་ལ་ལྟོས་ན། དང་པོ་དལ་འབྱོར་རྙེད་དཀའ་མ་དྲན་པ་རྣམས་ཆོས་དང་མཇལ་བའི་རྟེན་འབྲེལ་མི་འགྲིག །གལ་ཏེ་སྟེས་


JLAZ007_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་ཆོས་ལམ་ཞུགས་ཀྱང་ལས་མཐའ་འཕྲལ་དུ་ལོག་འགྲོ་བ་དེ་སྟོན་པས་བཅས་པའི་བསླབ་པ་ལ་དྲན་དང་ཤེས་བཞིན་ཡང་མ་བྱུང༌། འཆི་བ་ཡང་སྙིང་ནས་མ་དྲན་པས་ལན། འཆི་བ་བརྗེད་ཙ་ན་ཅི་བྱེད་ཐམས་ཅད་ཚེ་འདི་པར་འཆོར། དེ་ཙ་ན་ལུང་མ་བསྟན་གྱི་སེམས་དེས་སྤང་བྱ་མི་དགེ་བ་བཅུ་དང་བསྒྲུབ་བྱ་དགེ་བ་བཅུ་ལ་སོགས་པའི་རྒྱུ་འབྲས་རང་སར་བརྗེད་ནས་འཁོར་བའི་ཉེས་དམིགས་ལ་འཇིགས་པ་དང༌། ཐར་བའི་ཕན་ཡོན་ལ་བྲོད་པ་གཉིས་ཀ་ཡིད་ལ་མི་དྲན། འདུ་འཛི་དང་ཁྱིམ་གྱི་བྱ་བ་རྣམ་པར་གཡེངས། དེས་ང་རྒྱལ་སྐྱེས་ནས་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་ཉམས་ཤིང་བརྗེད་པ་སྐྱེས་བུ་བླུན་པོ་ཆང་གིས་ར་རོ་བ་བཞིན་ནོ། །དེ་ཇི་ལྟར་ན། མདོ་སྡེ་ཡོན་ཏན་བཀོད་པ་ལས། དཔེར་ན་མི་ཞིག་ཆང་གིས་ར་རོ་ཞིང་གཏུམ་པར་གྱུར་ན། མི་དེའི་སེམས་ཀྱིས་ཁྱིམ་ཡང་འཚོལ་མི་ནུས། ལམ་ཡང་མི་འཚོལ། ཕ་མ་དང༌། ཆུང་མ་དང༌། བུ་དང་བུ་མོའི་འདུ་ཤེས་ཀྱང་མེད། སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ཡང་མི་དྲན་ཏེ། དེ་ཆང་གིས་མྱོས་པའི་མཐུས་དུར་ཁྲོད་ན་འདུག་ཀྱང་འཇིགས་པ་མེད་ལ། འདི་སྙམ་དུ་སེམས་ཏེ་ལྷའམ་


JLAZ007_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུའམ། གནོད་སྤྱིན་ང་སྐྲག་པར་བྱེད་པ་སུ་ཞིག་ཡོད་སྙམ་མོ། །དེ་བཞིན་དུ་འདོད་པའི་རྒྱགས་པས་མྱོས་ཤིང་ཁྱིམ་ན་གནས་པས་རྣམ་པར་འཁྲུལ་བ། རྣམ་གཡེང་གིས་སེམས་མྱོས་པ་རྣམས་ནི་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ཡང་ཡོངས་སུ་འཚོལ་བར་མི་བྱེད། སྦྱིན་པའང་མི་དྲན། མཐོ་རིས་སུ་སྐྱེ་བ་དང༌། རྒྱལ་པོར་འགྱུར་བ་དང༌། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བའང་ཡོངས་སུ་འཚོལ་བར་མི་བྱེད་དེ། འཁོར་བ་དེ་ཉིད་ན་འཁོར་ཞིང་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་རྣམས་ན་སྡུག་བསྔལ་མྱལ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་ཚེ་ཕྱི་མ་བརྗེད་པས་སྦྱིན་པ་གཏོང་བའང་མི་དྲན། འབྱོར་པ་དཔག་ཏུ་མེད་པ་ཡོད་ཀྱང་དེ་བསོད་ནམས་སུ་བསྒྱུར་མ་དྲན་པས་འཆི་ཙ་ན་ལག་པ་སྟོང་པར་འགྲོ། སྟོན་པ་བཅོམ་ལྡན་འདས་ལྟ་བུའི་ཞིང་ས་ཡོད་བཞིན་དུའང་ཆུ་སྨད་ཀྱི་མ་སེར་སྣའི་ལས་ཀྱིས་ཡི་དྭགས་སུ་སྐྱེས། དེའི་ཕྱིར་ཐོས་པའི་ཡོན་ཏན་ལ་དྲན་པ་མངོན་དུ་གཞག་པ་ཞིག་ཡིན་ཕྱིན་ཆད་ཟང་ཟིང་གི་སྦྱིན་པ་ལ་ཡང་གཏོང་བ་དང༌། གཏོང་བ་ཆེན་པོ་དང༌། ཡོངས་སུ་གཏོང་བའི་བར་བློ་མཐུ་ཇེ་ཆེར་འགྲོ་ཞིང༌། བྱང་ས་དང་སྔགས་ཀྱི་སྡོམ་པ་


JLAZ007_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་པ་རྣམས་ཀྱི་དོན་དྲན་པས་གཞན་ཆོས་ལམ་དུ་འགོད་པའི་སྐྱོ་དུབ་ཀྱང་ཟིལ་གྱིས་གནོན་ནུས། འཇིགས་པས་སྐྲག་པའི་གནས་མཐོང་ཞིང་ཐོས་ནའང་ང་ནི་ངེས་པར་ཐེག་པ་ཆེན་པོའི་གང་ཟག་ཡིན་ནོ་སྙམ་པ་དྲན་ན་དེ་ལ་ཐབས་དུ་མས་མི་འཇིགས་པའི་སྐྱབས་སྦྱིན་པའམ། གལ་ཏེ་རང་སྟོབས་ཀྱིས་མ་ནུས་ཀྱང་སྙིང་རྗེ་དང་སྡུག་བསྔལ་དཔག་ཏུ་མེད་པའི་ཁུར་ཁྱེར་བ་ཞིག་ཡོང་བ་ཡིན། དྲན་པ་ཉམས་ན་ཐེག་པ་ཆེན་པོའི་གང་ཟག་ཏུ་ཁས་འཆེ་བཞིན་དུ་སྙིང་རྗེ་དང་རྟོགས་པ་གཉིས་ཀ་མེད་པ་དེ་ཡོང༌། ལ་ལ་རྟོགས་པ་ཡོད་དེ་སྙིང་རྗེ་སྐྱེར་མ་བཏུབ་ཟེར་ཏེ། དེ་ལ་གོ་བ་ཡོད་ཀྱང་རྟོགས་པ་མ་སྐྱེས་པའི་རྟགས་ཡིན། ཕ་དམ་པས། སྙིང་རྗེ་མ་སྐྱེས་ན་རྟོགས་པ་མི་་སྐྱེ། ཉ་ཆུ་ལ་ཡོང་བ་ཡིན། སྐོམ་ལ་མི་ཡོང་གསུང་བ་དེ་ཤིན་ཏུ་མད་པ་ཡིན་ནོ། །དེ་བཞིན་དུ་ཚུལ་ཁྲིམས་ཉམས་པའང་ངོ་ཚ་དང་ཤེས་བཞིན་མ་དྲན་པ་ལ་འབྱུང༌། དེ་དྲན་ན་སྐྱེ་བོའི་ཡ་ག་དང༌། མཁན་སློབ་བསླུས་ཀྱིས་དོགས་པའི་ངོ་ཚས་སྒོ་གསུམ་གྱི་སྤང་བྱ་མི་མཐུན་ཕྱོགས་བསྡམ་པའམ་མཐུན་པའི་ཕྱོགས་དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་དོན་བྱེད་པའི་ཟག་བཅས་ཀྱི་སྡོམ་པ་གང་ཡང་མི་འཇིགས་པ་ཡིན། དྲན་པ་ཉམས་པས་དགེ་སློང་དྲི་མེད་འོད་ལྟ་


JLAZ007_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའང་སྨད་འཚོང་མས་རྫས་དང་སྔགས་ཀྱིས་རྨོངས་པར་བྱས་ནས་ཚུལ་ཁྲིམས་ཉམས། དེ་སླར་དྲན་པ་སོར་ཆུད་པས་འགྱོད་པ་དྲག་པོ་སྐྱེས་ནས་ངུ་བཞིན་དུ་དགེ་སློང་རྣམས་ལ་བསྙད་པས། དེ་དག་གིས་ཀྱང་འཇམ་དཔལ་གྱིས་ཉེས་པ་བསལ་བར་བསྐུལ་བ་བཞིན། འཇམ་དཔལ་གྱི་དྲུང་དུ་ཕྱིན། དེས་ཀྱང་སྟོན་པའི་དྲུང་དུ་ཁྲིད་པ་ན། སྟོན་པས་དེ་ལ་དོན་དམ་བདེད་མའི་མཚན་ཉིད་བསྟན་པས་བདེན་པ་མཐོང་བ་ཡིན། འདི་དང་སོར་ཕྲེང་གི་མདོ་སོགས་ལ་དྲང་ངེས་ཀྱི་དགོས་དབང་དུ་མ་གནས་ཀྱང༌། མཐར་བསྟན་པ་ཡོངས་སུ་རྫོགས་ན་སྤང་གཉེན་གནས་སུ་དག་པའི་ཤེས་རབ་ཀྱིས་སྡོམ་གསུམ་ངོ་བོ་གནས་འགྱུར་གྱི་མཚང་ཡང་ཤེས་པ་ཡིན། འདི་ལྟར་ཐེག་པ་གསུམ་ཀའི་རྟེན་གཞི་སྡོམ་པ། སྡོམ་པའི་རྟེན་གཞི་སེམས། སེམས་ལ་སྤང་གཉེན་ཐ་དད་པའི་ཆོ་ག་བཀོད་པ་ལས་རིགས་ཅན་གསུམ་གྱི་སྡོམ་པ་གྲུབ། དེ་ཐབས་ཁྱད་པར་ཅན་དང་རྣམ་པར་གྲོལ་བའི་ཤེས་རབ་ཀྱིས་ཟིན་པའི་ཚེ། ཀུན་རྫོབ་སྣང་ཞེན་དང་བཅས་པའི་སྡོམ་པ་ལ་འགྲོ་བ་དང༌། འོང་བ་དང༌། གནས་པ་དང༌། འཕེལ་བ་དང༌། འགྲིབ་པའི་ཆོས་གང་ཡང་སྲིད་པའི་མ་ཡིན་པས་བདེན་པ་མཐོང་བའི་གེགས་མ་བྱས་པའི་ཕྱིར་ངོ་བོ་གནས་འགྱུར་གྲུབ་ལ། བློ་གྲོས་རབ་གསལ་


JLAZ007_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཞུས་པའི་མདོར། དགེ་སློང་རྣལ་འབྱོར་སྤྱོད་པས། ཚུལ་ཁྲིམས་དང༌། ཚུལ་ཁྲིམས་འཆལ་བ་དང༌། ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་འདུ་ཤེས་སྣ་ཚོགས་དང་ལྡན་པ་ནི་ལྷའི་བདེ་བ་ཉམས་སུ་མྱོང་ནས་སླར་ངན་སོང་དུ་འཁོར་བར་གྱུར་རོ། །གང་ལ་སྡོམ་པ་དང་སྡོམ་པ་མ་ཡིན་རློམ་སེམས་མེད་ཅིང་རྟོག་པ་མེད་པ་དེ་ནི་མྱ་ངན་འདས་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟ་ནའང་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པས་སྡེ་སྣོད་གསུམ་སྟོན་པའི་བཀའ་དང་མཐུན་པར་འཛིན་པ་ཁ་ཆེའི་བསོད་སྙོམས་པ་ཆེན་པོའི་བཞེད་པ་དང༌། ཇོ་བོ་རྗེས་གནས་དུས་ལ་དགོངས་ཚངས་པར་སྤྱོད་པ་ལ་དབང་གོང་མ་བཀག་པ་སོགས་ནི་གནང་བཀག་རང་དབང་དུ་མི་སྤྱོད་པའི་དགོངས་གཞི་དང་དགོས་པ་ཁྱད་པར་ཅན་ཡིན་པས། སྔགས་ཀྱི་བརྟུལ་ཞུགས་ལ་མོས་པས་སྤྱོད་པ་རྣམས་ཀྱིས་ངེས་དོན་དུ་ཁས་བླང་བྱའང་ཡིན། ཚིག་ལ་གྲིམས་པའི་རྟོག་གེའི་གཞན་དབང་གིས་ཕ་རོལ་གྱི་གྲུབ་པའི་མཐའ་དམའ་དབབ་པ་ལ་རིངས་པའམ། མི་ཚངས་སྤྱོད་ལ་དངོས་པོ་གཙོ་བས་པགས་རིམ་དང་པོ་འདས་པའི་ཕམ་པ་བསྲུང་བ་ཙམ་གྱིས་མཚོན། ཉེས་སྤྱོད་སྣ་གཅིག་སྡོམ་པའི་ཚུལ་ཁྲིམས་མཆོག་འཛིན་གྱི་བློས་བསྟན་པ་ཡོངས་རྫོགས་


JLAZ007_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལམ་སྟོན་ཆེན་པོ་ཆོས་ཉིད་ཀྱི་བདེན་པ་ཇི་བཞིན་གཟིགས་པ་དག་གིས་རང་ངོ་ལ་དངོས་པོའི་གནས་ཚུལ་ཇི་ལྟར་ཉམས་སུ་མྱོང་བ་ལྟར་བཀྲལ་བའི་ངོ་བོ་གནས་འགྱུར་ལས་གཞན་དུ་འཕངས་པའི་ཚིག་ཙམ་གློ་བ་ལ་བྱང་པས་མགོན་པོ་རྡོ་རྗེ་འཆང་གི་ཐུན་མོང་མ་ཡིན་པའི་བཞེད་པ་དྲང་དོན་དུ་གནས་བསྒྱུར། རྟོག་གེའི་རིག་པས་ནི་ངོ་བོའི་གནས་ཚུལ་དེ་ཙམ་ལས་དཔོགས་པར་ཡང་མི་ནུས་པས་སྤངས་རྟོགས་ཀྱང་ཡོན་ཏན་དང༌། ཕྲིན་ལས་ཀྱི་བྱེད་པ། བརྟུལ་ཞུགས་དང་རྫུ་འཕྲུལ་ཅན་རྫོགས་པའི་སངས་རྒྱས་དང་གཉིས་སུ་མེད་པས་གཟུ་བོར་གནས་པའི་སྐྱེས་བུ་ཐམས་ཅད་དང༌། གངས་རིའི་ཁྲོད་སྤྱི་མཐུན་གྱི་སྣང་ངོར་ཡང་སངས་རྒྱས་གཉིས་པར་བསྙོན་དུ་མེད་པ་ལྷུན་གྲུབ་རིག་འཛིན་པདྨའི་ཞབས་དང༌། རྒྱ་གར་ཆུ་བོ་གངྒ་ཕན་ཆད་ན་དོ་ཟླ་སྤངས་པ་གྲུབ་ཐོབ་ཆེན་པོ་ས་ར་ཧ་པས་ཀྱང༌། ཁ་སང་ཕན་ཆད་དགེ་སློང་མིན། །དེ་རིང་ཚུན་ཆད་དགེ་སློང་ཡིན། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །ཅེས་པའི་དངོས་བསྟན་གྱི་ངོ་བོ་གནས་འགྱུར་ཞལ་གྱིས་བཞེས་པའང་མ་དྲན་ན། རྡོ་རྗེ་འཆང་ལས་དགེ་སློང་སྡེ་སྣོད་གསུམ་པ་གཅིག་ཚུལ་ཁྲིམས་གསུམ་གྱིས་འཕགས་སོ་ཞེས་སྔན་ཆད་མ་གྲགས་པའི་གཏན་ཚིགས་གསར་པས་གསང་


JLAZ007_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བླ་མེད་ཀྱི་འབྲས་བུའི་གོ་འཕང་སྨད་ཅིང༌། རང་གི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དེའང་འཆལ་བའི་གནས་ལ་སྦྱར་བ་ནི་རིགས་པ་མ་ཡིན་པས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བདེན་པ་དྲན་པར་བྱས་ནས་ཐབས་ཀྱིས་ཟིན་པའི་མཚན་ཉིད་ཁྱད་པར་ཅན་གྱི་དགོངས་པ་ལ་རྔོ་ཐོགས་ཤིག །དེ་ཅིའི་ཕྱིར་ཞེ་ན། སྔགས་ཀྱི་བརྟུལ་ཞུགས་མཐར་ཕྱིན་པས་ཉན་ཐོས་ཀྱི་རིག་པ་མི་འཛིན་ཏེ། མདོ་ལས། འཇམ་དཔལ་འདི་ལྟ་སྟེ། དཔེར་ན་བྱའི་རྒྱལ་པོ་ཀ་ལ་པིངྐའི་ཕྲུག་གུ་སྒོ་ངའི་སྦུབས་ན་འདུག་པ་སྒོ་ང་ཆག་ཅིང་སྦུབས་ནས་མ་བྱུང་ཡང་འདི་ལྟ་སྟེ། སྒྲ་ཡིད་དུ་འོང་བ་ཀ་ལ་པིངྐའི་སྒྲ་ཉིད་སྒྲོགས་སོ། །འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མ་རིག་པའི་སྒོ་ངའི་སྦུབས་སུ་ཞུགས་པ། འཇིག་ཚོགས་ལ་ལྟ་བ་མ་བཅོམ་པ། ཁམས་གསུམ་ནས་མངོན་པར་མ་བྱུང་ཡང་འདི་ལྟ་སྟེ། སྒྲ་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། མངོན་པར་འདུ་བྱ་བ་མེད་པ་དང༌། སངས་རྒྱས་ཀྱི་ཆོས་ཀྱི་སྒྲ་ཉིད་སྒྲོགས་སོ། །འཇམ་དཔལ་འདི་ལྟ་སྟེ། ཀ་ལ་པིངྐ་རྨ་བྱའི་ནང་དུ་སོང་ན་ཀ་ལ་པངྐིའི་སྒྲ་མི་སྒྲོག་གོ །ཀ་ལ་པིངྐའི་ནང་དུ་སོང་ན་ཀ་ལ་པིངྐའི་སྒྲ་སྒྲོགས་སོ། །


JLAZ007_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ནང་དུ་ཆོས་བསམ་གྱིས་མི་ཁྱབ་པའི་སྒྲ་མི་སྒྲོག་གོ །བྱང་ཆུབ་སེམས་དཔའི་ནང་དུ་སོང་ན་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པའི་སྒྲ་སྒྲོགས་སོ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་བློ་ཆེན་རྣམས་ནི་ཐེག་པའི་ངོ་བོ་གང་གིས་གཙོ་བོར་འདུལ་བ་དང་མཐུན་པར་དགོངས་པ་འགྲེལ་བ་ཡིན་པས་མཐའ་དྲུག་དང་ཚུལ་བཞིའི་གནས་རྟོགས་པར་བྱ་ལ། ལམ་ཞུགས་སྡོམ་པ་སུམ་ལྡན་གྱི་དགེ་སློང་དུ་ཁས་འཆེ་བ་ཙམ་ལ་ནི་གནས་ན་བྱེ་བྲག་ཏུ་གནས། བསྲུང་ན་རང་ལྡོག་མ་འདྲེས་པར་བསྲུང༌། ལྡན་ན་ཡར་ལྡན། འཆོས་ན་གྲུབ་མཐའ་གསུམ་པོའི་རང་ལུགས་ཀྱིས་འཆོས་པའང་དོན་ལ་གནས་ཏེ། དེ་ཀུན་ཀྱང་དྲན་དང་ཤེས་བཞིན་གྱི་ཆོ་ག་ལ་མ་བརྟེན་ན་ནི་ཡང་དག་པར་མི་འགྲུབ་པའི་ཚུལ་སྤྱོད་འཇུག་ལས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བ་ཡོང་མི་ནུས། །ཞེས་དང༌། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་


JLAZ007_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པས་སོ། །དེ་བཞིན་དྲན་པ་ཉམས་ན་བཟོད་པའི་གོ་ཆའང་འཆོར་ཏེ། གནོད་པའི་ཡུལ་ལ་བསྲན་ཚུགས་པའི་ནུས་པ་ཡོད་ཀྱང་རྐྱེན་དང་ཕྲང་ཐོག་དེར་མ་དྲན་ན་ཐལ་ཟིན་ལྡོག་ཏུ་མེད་པར་འགྱུར། གང་དྲན་པར་བྱ་ན་སེམས་ཅན་འདི་དག་ནི་ཉོན་མོངས་པའི་གཞན་དབང་ཅན་ཡིན། བདག་ཉིད་མེད་ན་ཁོང་ལ་གནོད་པའི་རྒྱུ་མེད། གནོད་བྱ་མེད་ན་གནོད་བྱེད་ག་ལ་འབྱུང༌། རང་གི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ཚོགས་པ་འདིས་རྒྱུ་བྱས། ཕུན་སུམ་ཚོགས་པའམ། ཁས་ཉེན་པའམ། ལུས་ངག་གི་སྤྱོད་པ་མི་གཟོ་བ་ཞིག་གིས་རྐྱེན་བྱས་ཁོང་ལ་གནོད་པའི་ཡུལ་གྱི་འབེམ་ལྟ་བུར་བྱུང་གདའ། འདིའི་ལེ་ལན་ཁོང་ལ་མེད། རང་ཉིད་ཀྱིས་ལུས་འདི་བླངས། གནས་འདི་ལྟ་བུར་སྐྱེས། ཕ་མ་འདི་ལས་བྱུང༌། མིང་འདི་སྐད་བཏགས། སྡོད་ས་འདིར་བྱས་སྙམ་པའི་ང་དང་ང་ཡིར་འཛིན་པ་ལས་བྱུང་བ་དེ་དྲན་པ་ལས། ཕ་རོལ་གྱི་སྐྱོན་དང་སྤྱོད་པ་ལ་མི་བསམ་པ་གནད་ཟབ་པ་འདུག །འདི་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཉམས་སུ་ལེན་པའི་བཟོད་པ་དང༌། ཆོས་ཁོང་དུ་ཆུད་པའི་བཟོད་པ་དྲན་པར་བྱ་བའི་གནས་གཉིས་གསུངས། དང་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ།


JLAZ007_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་སེམས་ཅན་ཐམས་ཅད་ཡང་དང་ཡང་ཡོང་ཞིང་གཤེ་བའམ། མི་སྙན་པར་བརྗོད་ཅིང༌། མ་སླས་པའི་ཚིག་བརླང་བ་ཟེར་བར་གྱུར་ཏམ། རྡོ་དབྱིག་དང་མཚོན་ཆས་བརྡེག་གམ་བཏབ་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་པས། སེམས་བསྐྱེད་པ་འགའ་ཙམ་ཡང་འཁྲུག་པར་ལྡན་པའམ། གནོད་སེམས་དང་ལྡན་པ་བསྐྱེད་པར་མི་བྱ་སྟེ། སྤྱིར་སེམས་ཅན་དེ་དག་ལ་ཀྱེ་མ་སེམས་ཅན་འདི་དག་ནི་ཉོན་མོངས་པའི་ལས་ཀྱིས་མནར་བ་སྟེ། འདི་དག་ལ་བདག་གིས་སྡིག་ཏོའི་སེམས་མི་བསྐྱེད་ཀྱིས། འདི་ནི་བདག་གི་ཕུང་པོ་དགྲར་གྱུར་པ་འདི་རྣམས་བླངས་པས་ལན་ཏོ། །ཞེས་དེ་དག་ལ་སྙིང་རྗེ་བསྐྱེད་པར་བྱའོ་ཞེས་གསུངས། གཉིས་པ་ནི། རང་ཉིད་ཀྱི་དྲན་པ་ཡེངས་པས་འཁྲུལ་པའི་དབང་དུ་སོང་སྟེ་སྣང་བ་ཡུལ་དང་འདྲེས། གནོད་བྱེད་ལ་གནོད་བྱེད་དུ་བཟུང་བས་ཕན་ཚུན་རྟེན་དང་བརྟེན་པ་ནུས་པ་ཇེ་ཆེར་སོང་བ་ཡིན། དེའི་གཉེན་པོར་འདི་སྐད་དུ། སེམས་ཅན་དེ་དག་ཀྱང་དོན་དམ་པར་དམིགས་སུ་མེད་ན། བདག་ལ་གཤེ་བའམ། མི་སྙན་པར་བརྗོད་ཅིང༌། མ་སླས་པའི་ཚིག་བརླང་བ་ཟེར་བའམ། རྡོ་དབྱིག་དང་མཚོན་གྱིས་འདེབ་


JLAZ007_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་སུ་ཞིག་ཡོད་དེ། འདུ་བྱེད་ཐམས་ཅད་སྒྱུ་མ་ལྟ་བུ། གསོག །གསོ་བ། རག་ལས་པ་ནམ་མཁའ་ལྟ་བུ། བདག་དང༌། སེམས་ཅན་དང༌། སྲོག་དང༌། འགྲོ་བ་དང༌། གསོ་བ་དང༌། ཞེས་སོགས་གསུངས་པ་ལྟར་འདུ་བྱེད་དང་སྒྱུ་མའི་མཚན་ཉིད་དུ་བལྟ། རང་བཞིན་དུ་སྐྱེ་བོ་མ་རིག་པ་རྣམས་ཀྱིས་བསྟོད་སྨད་ནི་ཡོན་ཏན་མཐོང་ནས་བསྟོད་ཤེས་པའང་མིན། སྐྱོན་རྟོགས་ནས་སྨད་པའི་ངེས་པའང་མེད་པའི་ཁ་སྒྲ་མི་སྙན་འདོད་རྒྱལ་བར་སྣང༌། ཕལ་ཆེར་གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་པའི་ཁོང་འཁྲུགས། ལ་ལ་བྱང་ཆུབ་སེམས་དཔའ་འཇུག་པའི་སྤྱོད་པ་ལ་ཞུགས་པའི་ཚེ། བྲན་གཡོག་དང་མཛའ་གཅུགས་སུ་རེ་བ་ཆོས་སྒོར་བཅུག་པའམ། ཐེག་པ་ཆེན་པོ་དང༌། སྔགས་ཀྱི་ཆོ་ག་ཟབ་མོས་རྗེས་སུ་བཟུང་ཙ་ན། ཕ་རོལ་པོའི་འདོད་པ་གཞན་དབང་དུ་གྱུར་པས་འཕྱར་ཀ་སྣ་ཚོགས་གཏོང་བ་དྲང་སྲོང་བཟོད་པར་སྨྲ་བའི་གཏམ་རྒྱུད་དང༌། ཁྱད་པར་བདག་ཅག་གི་སྟོན་པས་གང་ཟག་གཅིག་རྗེས་ཆགས་ཀྱི་སླད་དུ་ནོར་གྱིས་མ་བྲིད། སྔགས་ཀྱིས་རྨོངས་པར་མ་མཛད་མོད། གདུལ་བྱ་དུས་ལ་བབ། སྣང་བ་དབང་དུ་འདུས་ཙ་ན་ཐབས་ལ་མཁས་པའི་མདོར། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གང་བུད་མེད་


JLAZ007_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་གཡོག་ལེན་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སླས་ཀྱི་ནང་ན་གནས་ནས་བུད་མེད་བཞི་ཁྲི་ཉིས་སྟོང་སྨིན་པར་བྱེད་དོ། །ཞེས་ཀྱང་གསུངས། གདོལ་པའི་བུ་མོ་གཟུགས་བཟང་མོ་ཀུན་དགའ་བོ་ལ་ཆགས་པ་སྟོན་པས་དགེ་སློང་མར་བཅོས་པས་མཉན་ཡོད་པ་རྣམས་ཀྱིས་འཕྱར་ཀ་བཏང་བ་བཞིན་དོན་ལ་མི་གནས་པའམ། ཡང་ཐབས་ལ་མཁས་པས་འདུལ་བ་ལི་ཙ་བྱི་དྲི་མེད་གྲགས་པ་ཁྱིམ་པའི་ངང་ཚུལ་ཅན་སྤོབས་པ་བསམ་གྱིས་མི་ཁྱབ་ཅིང༌། རྣམ་ཐར་གཞལ་དུ་མེད་པས་མཆོག་ཟུང་གིས་ཀྱང་དོ་ཟླར་མ་གྱུར་པ་དེ་ལྟ་བུའི་གདུལ་བ་ཚད་མེད་པའི་ཕྲིན་ལས་སོ་སོ་སྐྱེ་བོས་མི་ཤེས་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྐུར་པའི་གནས་འདི་ལྷག་པར་བཟོད་པའི་སྙིང་སྟོབས་མ་བསྐྱེད་ན་སེམས་ཅན་ཕོངས་པའམ། མགོན་མེད་པ་རྣམས་ལ་སྐྱབས་དང་བྲལ་བའི་གནས་སྐབས་ཐོབ་ལ། ཡང་ལ་ལ་རང་ཉིད་ཆེན་པོའམ། དམ་པར་རློམ་ནས་དཔེ་ཆོས་རིན་ཆེན་སྤུངས་པར། མོན་མོ་མ་མཐོང་བྱི་རུ་མཐོང༌། །ཞེས་པའི་དཔེ་དྲངས་པ་ལྟར། དད་གུས་མེད་པར་ཁ་ཅང་གི་ཆོས་ཐོབ་ཚད་བྱེད་ཅིང༌། གང་ལས་སྤངས་རྟོགས་ཀྱི་ཡོན་ཏན་བརྙེས་པའི་བླ་མ་རིགས་ངན་ལྟར་སྦེད་ལ་མོ་གཏོད་ཅིང་འགྲོ་སྟེ། ཁོང་གི་དངོས་གྲུབ་ཀྱི་གེགས་ཆེན་པོར་གྱུར་པ་ལ་སྙིང་རྗེ་ལྷག་


JLAZ007_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་བསྐྱེད་ནས་བྱས་པ་དྲིན་དུ་མི་གཟོ་བ་བཟོད་པའི་དམ་བཅའ་བརྟན་པ་དང༌། དེ་བཞིན་དུ་ཆོས་ལ་སེམས་པའི་བཟོད་པ་ནི་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ལས་འབྱུང་ཞིང༌། དཀའ་བ་དང་དུ་བླང་བའི་བཟོད་པ་ནི་སྐྱེས་པ་རབས་ཀྱི་རྒྱུད་དང་སྐྱེས་བུ་དམ་པའི་རྣམ་ཐར་དྲན་པ་ལས་འབྱུང་བས་ན་དྲན་པ་བསྲུང་བ་ལ་ཡི་དམ་བྱ་བའོ། །དེ་བཞིན་དུ་བརྩོན་འགྲུས་ཀྱི་ངོ་བོ་ཡང་འཇུག་བྱའི་ལས་ལ་མངོན་པར་སྤྲོ་བའི་དྲན་པའམ་འདུན་པ་ཡིན་ཏེ། སྟོན་པ་འདའ་ཁར་ཀུན་དགའ་བོའི་ལག་པ་ནས་བཟུང་སྟེ། ངའི་ཆོས་དཀོན་མཆོག་གི་མཛོད་འདུན་པ་དང༌། བརྩོན་འགྲུས། བག་ཡོད་པ་གསུམ་གྱིས་སྲུངས་ཤིག །གསུངས་པའི་འདུན་པ་ནི་ལས་ཀྱི་མཐའ་གང་ཡིན་པ་དེ་ཡིད་ལ་ཡང་ཡང་དྲན་པ་ཡིན། བརྩོན་འགྲུས་དེ་སྤྱོར་བ་ཡིན། བག་ཡོད་པ་དེ་བྱེད་ལས་ཡིན། གང་ཞེ་ན། སྟོན་པས་བཅས་པའི་བསླབ་པའི་གནས་མཐའ་དག་ངེས་འབྱུང་གི་བློའི་གྲོགས་སུ་འགྲོ་དགོས་ཏེ། དྲན་པ་ཉེར་གཞག་ལས། དགེ་སློང་དག །རིའི་ཁྲོད་དང༌། །རིའི་ཕུག་དང༌། དུར་ཁྲོད་དང༌། བླ་གབ་མེད་པ་རྣམས་སུ་རྩྭ་སོགས་ཀྱི་ཕུང་པོ་ལ་བསམ་གཏན་གྱིས་ཤིག བག་མེད་པས་གནས་པར་མ་བྱེད་ཅིག ཕྱི་ནས་འཆི་བའི་དུས་ན་འགྱོད་པར་མ་བྱེད་དང༌། འདི་ནི་ཁྱེད་རྣམས་ལ་རྗེས་སུ་གདམས་པ་ཡིན་ནོ། །ཞེས་ཚིག་ཐ་མར་བསྟན་པས་སོ། །དྲན་


JLAZ007_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་ན་བརྩོན་འགྲུས་དང་བག་ཡོད་གཉིས་ཀ་ལ་བྱེད་པ་པོ་མེད། གོ་ཆའི་བརྩོན་འགྲུས་རྒྱལ་པོ་མྱ་ངན་མེད་དམ། མེས་དབོན་རྣམ་གསུམ་ལྟ་བུའི་སྙིང་སྟོབས་གནམ་གྱིས་ས་བཀབ་པ་ལྟ་བུ་ཡོད་ཀྱང༌། དེ་སྦྱོར་བའི་ལམ་དུ་འཇུག་པ་ལ་མ་ཞུམ་པ་དང༌། མི་འཁྲུག་པ་དང༌། ཆོག་མི་ཤེས་པའི་བསམ་པས་སྒྱིད་ལུག་གི་གཉེན་པོ་བྱས་ཏེ་བསྐུལ་དགོས་བསམ་པ་དེ་དྲན་པ་ཡིན། དྲན་པ་མེད་ན་ལས་མཐའ་རིང་པོར་འགྱུར་ཞིང༌། གཅིག་ཏུ་ན་དགྲའམ། གདོན་ནམ། ཆོམ་རྐུན་ནམ། སྲོག་གི་རྒྱུ་བས་ཕན་མ་བཏགས་པར་ལས་དེ་མཐར་མི་ཕྱིན། དེའི་ཕྱིར་དྲན་པ་ཉམས་པ་ཐམས་ཅད་ལེ་ལོའི་གཡང་སར་ལྷུང་བ་ཡིན། ཁྱད་པར་དགེ་སྦྱོང་གི་ཆོས་ནི་སྤྱོད་ལམ་རྣམ་པ་བཞི་ཐམས་ཅད་ལ་དྲན་པ་དང་ཤེས་བཞིན་དགོས་པའི་ཚུལ་སྟོན་པ་མྱ་ངན་ལས་འདའ་ཁར་འཁོར་རྣམས་ཀྱིས་ཞུ་བ་རྣམ་པ་བཞི་ཞུས་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ། བདག་ཅག་གི་སྟོན་པའི་སུ་ལ་བགྱི། བསྟན་པ་ནི་གང་ལ་བགྱི། དྲུག་སྡེ་ཇི་ལྟར་འདུལ། བཀའ་བསྡུ་བའི་དུས་སུ་བཀའ་རྣམས་ཇི་ལྟར་གཞག་ཅེས་ཞུས་པས། བཅོམ་ལྡན་འདས་ཀྱི་ཞལ་ནས། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། ཁྱེད་རྣམས་པའི་འོག་ཏུ། ཁྱེད་རྣམས་ཀྱིས་སྟོན་པ་ནི་དྲན་དང་ཤེས་བཞིན་ལ་གྱིས་ཤིག །བསྟན་པ་ཚུལ་ཁྲིམས་


JLAZ007_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པ་ལ་གྱིས་ཤིག །དྲུག་སྡེ་འདུལ་མི་དགོས་རང་གྲོལ་དུ་འགྲོ་ཡིས། ངའི་བཀའ་རྣམས་སྡུད་པའི་དུས་སུ་སྟོད་དུ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་གླེང་གཞིའི་ཚིག་ཆུག་ཅིག །མཐར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཞེས་བྱ་བ་རྗེས་སུ་ཡི་རང་བའི་ཚིག་ཆུག་ཅིག །ཅེས་གསུངས། དེ་ལ་འདི་སྐད་བདག་གིས་ཐོས་པའི་དུས་ཞེས་གླེང་གཞི་སྨོས་ནས་རྒྱལ་བའི་བཀའ་ཟུར་མ་ཆག་པ་བསྐྱར་རྒྱུ་ཡོང་བ་དེ་ཡང་འཁོར་རྣམས་ཀྱིས་ཉན་པའི་ཚེ་སྤྱིར་སྣོད་ཀྱི་སྐྱོན་གསུམ་དང༌། དྲི་མ་དྲུག་དང༌། མི་འཛིན་པའི་སྐྱོན་ལྔ་སྤངས་ཤིང༌། བྱེ་བྲག་ཏུ་མི་བརྗེད་པའི་གཟུངས་ཐོབ་པའི་ཡོན་ཏན་ལ་བརྟེན་ནས་བྱུང༌། གཟུངས་ཀྱི་ངོ་བོ་ནི་དྲན་པ་ཡིན་ཏེ། འཕགས་པ་འཇམ་དཔལ་གྱིས། གཟུངས་ཞེས་བྱ་བ་ནི་དྲན་པ་མ་ཉམས་པ། རྟོག་པ་མ་ཡེངས་པ། བློ་གྲོས་མ་རྨོངས་པ། ཤེས་རབ་མངོན་དུ་བྱེད་པ། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་ཐ་དད་པ་ཤེས་པ། ཞེས་སོགས་གསུངས་པ་ཡིན། ཐ་ན་བསོད་སྙོམས་ཙམ་ལ་རྒྱུན་ཡང་དྲན་དང་ཤེས་བཞིན་མེད་པ་དང༌། ཁྱི་ཟ་བ་ལ་སོགས་པའི་གནས་སུ་ཕྱིན་ན་རང་གཞན་གྱི་སེམས་བསྲེག་པའི་ཁ་ན་མ་ཐོ་བ་ཆེན་པོ་ཐོབ་པ་རྣམས་སྤང་བའི་ཚུལ་མདོ་སྡེ་རྣམས་ལས་རྒྱ་ཆེར་བཤད་ཅིང་དེ་སྐད་དུ་དཀོན་མཆོག་


JLAZ007_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཆུང་བ་དང༌། དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་སྡུག་བསྔལ་བདག་མཐོང་ན། སེམས་ཅན་དེ་དག་ལ་ཕན་པའི་ཕྱིར་བསོད་སྙོམས་ལེན་པའི་ཡི་དམ་འཛིན་ཏེ། དེ་ནི་གྲོང་ངམ། གྲོང་ཁྱེར་རམ། གྲོང་འདབས་སུ་བསོད་སྙོམས་ཀྱི་ཕྱིར་འགྲོ་བ་དེའི་ཚེ་དྲན་པ་ཤིན་ཏུ་ཉེ་བར་གཞག་པ་དང༌། སྤྱོད་ལམ་མཛེས་པས་དབང་པོ་མི་གཡོ་བ་དང༌། དབང་པོ་མི་རྒོད་པ་དང༌། དབང་པོ་དུལ་བ་དང༌། གཉའ་ཤིང་གང་ཙམ་དུ་བལྟ་བ་དང༌། དགེ་བའི་ཆོས་རྣམས་ལ་དྲན་པ་ཉེ་བར་བཞག་ཅིང་བསོད་སྙོམས་ཀྱི་ཕྱིར་འགྲོའོ། །དེ་བསོད་སྙོམས་ཀྱི་ཕྱིར་འགྲོ་ ན་དེ་བསོད་སྙོམས་མཐར་གྱིས་ལེན་པ་ཡིན་ཏེ། མགོ་གཏོད་ཅིང་བྲམ་ཟེའི་རིགས་ཤིང་སཱ་ལ་ལྟར་ཆེ་ཞིང་མཐོ་བའི་གྲོང་ངམ། རྒྱལ་རིགས་ཤིང་སཱ་ལ་ལྟར་ཆེ་ཞིང་མཐོ་བའི་གྲོང་ངམ། ཁྱིམ་བདག་ཤིང་སཱ་ལ་ལྟར་ཆེ་ཞིང་མཐོ་བའི་གྲོང་ངམ། གྲོང་འབྱོར་པ་འབྱོར་པ་དག་ཏུ་མི་འཇུག་ཅིང་མཐའ་གཅིག་ནས་བཟུང་སྟེ་ནམ་དེའི་དོན་གྲུབ་པར་མ་གྱུར་གྱི་བར་དུ་བསོད་སྙོམས་ལ་སྤྱོད་དོ། །ཞེས་དང༌། བསོད་སྙོམས་དེ་ལས་ཆ་གཅིག་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཕྱིར་བཞག་གོ །གཉིས་པ་ནི་སྡུག་བསྔལ་བ་རྣམས་ཀྱི་ཕྱིར་བཞག་གོ །གསུམ་པ་ནི་སེམས་ཅན་ལོག་པར་ལྟུང་བ་རྣམས་ཀྱི་


JLAZ007_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བཞག་གོ །ཆ་བཞི་པ་བདག་ཟ་སྟེ་ཞེས་སོགས་ནས་རན་པར་བཟའ་ཞིང་སྲིན་བུ་གསོ་བའི་འདུ་ཤེས་དྲན་པ་ལ་སོགས་དང༌། དེ་བཞིན་དུ་བསོད་སྙོམས་པ་ནི་ཆོམ་རྐུན་དང༌། ཆོམ་པོ་ལྟ་བུའི་བློས་མ་ཡིན། གནང་བའི་དགོས་པའང༌། འོད་སྲུངས་ལ་སེམས་ཅན་ཐམས་ཅད་ལ་བསམས་ཏེ་བསོད་སྙོམས་བཙལ་བར་བྱའོ། །ཟས་མེད་པར་ཟས་བཙལ་བར་བྱའོ། །གཞན་གྱི་རིལ་པོར་འཛིན་པ་བསལ་བའི་ཕྱིར་བསོད་སྙོམས་ལ་འགྲོ་བར་བྱའོ། །གྲོང་སྟོང་པར་བྱིན་གྱིས་བརླབས་ཏེ་ཁྱོད་གྲོང་དུ་འཇུག་པར་བྱའོ། །ཞེས་གསུངས་པའི་དགོས་པ་དང་མཚན་གཞིའང་དྲན་པར་བྱ་ལ། སྤྱིར་ལུས་ངག་གི་བྱ་བ་ནི་སེམས་ཀྱིས་གང་བསྒྱུར་ཡིན། ཉོན་མོངས་པའི་གཞན་དབང་ཅན་གྱི་སེམས་ནི་གླང་པོ་ཆེ་ཆང་གིས་མྱོས་པ་དང་འདྲ། དེ་དུས་ལ་སྐབས་བཙལ་བ་ཙམ་མ་ཡིན་པར་དྲན་པ་ཤེས་བཞིན་གྱི་འདུལ་སྦྱོང་མཁན་གྱིས་སྤྱི་བོར་ལྕགས་ཀྱུས་བཏབ། སྣ་ཐག་བཟང་པོས་བཏགས་ན་སྡེ་སྣོད་གསུམ་ནས་རྒྱུད་སྡེ་རྒྱ་མཚོའི་བར་གྱི་བསླབ་པའི་གནས་དང་དམ་ཚིག་གི་ཀུན་ཏུ་སྤྱོད་པའི་ཁུར་ཁྱེར་ཏེ་བར་ཆད་མེད་པའི་ལམ་ལ་ཞུགས་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་རེག་པར་འགྱུར་ཏེ། དེ་སྐད་དུ། སྤྱོད་


JLAZ007_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ལས། སེམས་ཀྱི་གླང་པོ་ཡན་བཏང་ན། །མནར་མེད་གནོད་པ་བྱེད་པར་ཟད། །ཀུ་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་པོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང༌། །དགེ་བ་ཐམས་ཅད་ལག་ཏུ་འོང༌། །ཞེས་བཤད་པས་སོ། །ཁྱད་པར་བསམ་གཏན་གྱི་ངོ་བོ་ནི་དྲན་པ་ལས་ལོགས་སུ་གྱུར་པ་མ་ཡིན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཞི་གནས་ཀྱི་ལམ་སྟེགས་འཇིག་རྟེན་པའི་བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་འཇུག་བཞི། འགོག་པའི་གཅིག་སྟེ་དགུ་པོའང་ལྷག་མཐོང་ཁྱད་པར་ཅན་གྱི་བསྟི་གནས་ངོ་བོ་ལུང་མ་བསྟན་གྱི་གཉེན་པོ་གཅིག་ཏུ་གྱུར་པའི་ཕྱིར་ཏིང་ངེ་འཛིན་ནམ་བསམ་གཏན་ཞེས་བྱ་སྟེ། དཀོན་ཅོག་སྤྲིན་ལས། ཏིང་ངེ་འཛིན་རང་གི་ངོ་བོ་ནི་སེམས་རྩེ་གཅིག་ཏུ་གནས་པའོ། །ཞེས་གསུངས། དེའི་མཚན་ཉིད་ནི། དཔེར་ན་དཔའ་བོས་གཞུ་བདུངས་པའམ། པི་ཝང་གི་གཅུས་ཕུར་བསྒྲིམས་ན་རྒྱུད་སོ་ཚུགས་ཏེ་ཐང་ངེ་སྤྲིད་དེ་གནས་པ་བཞིན་བྱང་ཆུབ་ཀྱི་སེམས་དང་བསྐྱེད་རིམ་ལ་སོགས་དམིགས་བཅས་ཀྱི་སྒོམ་པའམ། དེ་བཞིན་ཉིད་དམིགས་ལ་སོགས་རྫོགས་པའི་


JLAZ007_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ལ་དྲན་པ་ཉེ་བར་འཇོག་པའི་བསམ་པ་གཏན་ཡུལ་དུ་ཆགས་པ་གང་གི་ཚེའང་དྲན་པ་རྒྱུན་ཆགས་སུ་སོ་ཚུགས་པར་བྱེད་པས་ན་ཏིང་ངེ་འཛིན་ཞེས་བྱ་བའི་ཐ་སྙད་ཀྱང་ཐོབ་ལ། དེ་ལ་གེགས་སེལ་སྤང་གཉེན་སྦྱོར་ཚུལ་ཡང༌། ལེ་ལོའི་གཉེན་པོར་དད་པ་དང༌། འདུན་པ་དང༌། རྩོལ་བ་དང༌། ཤིན་ཏུ་སྦྱངས་པ་བཞི། བརྗེད་པའི་གཉེན་པོར་དྲན་པ། བྱིང་རྒོད་ཀྱི་གཉེན་པོར་ཤེས་བཞིན། རྩོལ་བའི་གཉེན་པོར་གློད་པ། མི་རྩོལ་བའི་གཉེན་པོར་སེམས་པ་སྟེ་རྣམ་པ་དྲུག་ཏུ་བཞག་ཀྱང་སྐབས་ཐམས་ཅད་ཐུ་བ་ལྷན་ཅིག་སྐྱེས་པའི་མ་རིག་པའི་ངོ་བོ་བརྗེད་འབྱམས་ཡིན་པས་དྲན་པ་ཡོད་ན་གཞན་ལྔ་པོ་ལའང་རང་རང་གི་མཚན་ཉིད་འཛིན་པའི་ནུས་པ་ཧ་ཅང་མེད་པའི་ཕྱིར་རོ། །འདིར་མ་རིག་འཛིན་པའི་ཡིད་ཀྱིས་དྲན་པ་དང་ཤེས་བཞིན་ཉམས་པའི་མོད་ལ་དགེ་བའི་ཆོས་ཐམས་ཅད་དང༌། ལས་ཀྱི་མཐའ་ཐམས་ཅད་འཇིག་པའི་དཔེ་གང་གིས་བསྟན་ན། སྔོན་གྱད་སྟོབས་པོ་ཆེ་ཞིག་དང་སྒྱུ་རྩལ་མཁན་གཅིག་འཛིངས་པ་ལས། གྱད་ཀྱིས་ཤེད་སྟོབས་གང་ཡོད་ཀྱིས་སྒྱུ་རྩལ་པའི་གཉའ་བ་ནས་བཟུང་སྟེ་ས་ལ་བརྡབས་པས། སྒྱུ་རྩལ་བས་ཡན་ལག་བཞི་པ་དང༌། གསུམ་པ་དང༌། གཉིས་པ་དང༌། གཅིག་པའི་བར་ཚུགས་


JLAZ007_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁྲུལ་འཁོར་ལ་བསྒྲིམས་པས་ཤེད་སྟོབས་ལྷག་པར་བྲི་ཡང་ཅང་མ་གནོད། མཐར་ཁོ་ནོངས་བཞིན་པར་ཁྱིམ་དུ་བྲོས་ནས་ངུའོ། །ཆུང་མས་ཅི་ཉེས་དྲིས་པ་དེ་རིང་གྱད་དང་འཛིངས་པས་སྨ་བབས། ད་སང་འཛིངས་ན་ཤི་བ་ལས་འོས་མེད་ཟེར། མོ་ན་རེ། ཁྱོད་མ་ངུ་ཡི་ང་ལ་ཐབས་ཡོད་ཀྱི་བྱས་ནས་སང་མོ་ཡང་ཕྱི་བཞིན་དུ་འབྲངས་སོ། །དེར་ཁོང་གཉིས་འཛིངས་བ་དོ་ཙ་ན་མོ་ན་རེ། གྱད་པ་ཤེད་སྟོབས་ཆེ་མོད་ཀྱི། །དཔྲལ་བའི་ནོར་བུ་འདྲུལ་ལ་ཁད། །ཅེས་གླུ་བླངས་པས་གྱད་ལ་རྣམ་རྟོག་མི་འདྲ་བ་གསུམ་ནོར་བུ་ཡིད་ལ་བྱེད་པ་འདོད་ཆགས་ཀྱི་སེམས། དེ་དགྲ་ལ་ཤོར་དོགས་ཞེ་སྡངས་གི་སེམས། རང་ནོར་རང་གིས་མ་མཐོང་ཞིང་ཡིད་ཁོང་དུ་ཆུད་པ་གཏི་མུག་གི་སེམས་སོ། །ཤར་ནས་ཡེངས་ཐབས་སུ་སོང་བས་སྒྱུ་རྩལ་མཁན་གྱིས་ཁོའི་འདོམས་ལ་འཇུས་ནས་གསོད་དུ་ཆ་བ་དང༌། གྱད་ན་རེ། དྲན་དང་ཤེས་བཞིན་ཉམས་པའི་གྱད། །བསྒྲིམས་པའི་ཉམ་ཆུང་སྐྱེས་བུས་བསད། །སེམས་ཡེངས་འདི་ལས་དགྲར་གྱུར་དང༌། །བསླུ་བ་མཁས་པ་ངས་མ་མཐོང༌། །ཟེར་ནས་ཤི་སྐད། དཔེ་དེ་བཞིན་དུ་བསམ་གཏན་སྒོམ་པའི་དབང་པོ་ཡུལ་ལ་ཡེངས་ཙ་ན་དྲན་པའི་ཐག་པ་ཆད་ནས་རིག་པའི་གནས་ལྔ་ལ་མཁས་པ་གཅིག་ཡིན་


JLAZ007_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནང་རིག་པ་འོག་འགྱུའི་རྐུན་པོ་མ་ཚོར་པར་འཁྲུལ་པའི་གྲོང་ཁྱེར་དུ་ཁྲིད་དེ་མཆི། རྔོག་ལོ་ཆེན་པོ་ཧས་པོ་རིའི་མདུན་དུ་གཤེགས་ཁར། དབུ་བ་རབ་བརྩེགས་རྡོས་པའི་ཕུང་པོ་འདིས། །རི་མཆོག་འདྲ་བའི་རང་བཞིན་ཉིད་དུ་བསྟན་ནས་བསླུས། །ཞེས་སྒོམ་པའི་ཤེས་རབ་ཀྱིས་སོར་མ་ཆུད་པའི་ཐོས་བསམ་གྱིས་ས་ལམ་མི་ཆོད་པར་བསྟན། ཁོང་འཇམ་དཔལ་རྩ་རྒྱུད་ཀྱིས་ལུང་བསྟན་པའི་སྐྱེས་བུ་དམ་པ་ལ་རྣམ་རྟོག་རང་རྒྱུད་པ་མེད་དེ། གཞན་ལ་ཐུགས་ལྷག་པར་བརྩེ་བས་རྗེས་སུ་གདམས་པ་ཡིན། དྲན་པའི་ཆོས་རབ་ཏུ་འདུ་བྱེད་པས་ཉོན་མོངས་པའི་མགོ་ནོན་ཞིང་མཐོང་ཆོས་སུའང་དགའ་བདེའི་ཡོན་ཏན་རྒྱ་ཆེན་པོ་དང༌། ཚོགས་ལམ་དང་པོར་དྲན་པ་ཉེ་བར་གཞག་པ་ནས་བཟུང་སྦྱོར་ལམ་དུ་དྲན་པའི་སྟོབས། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན་གྱི་དང་པོ་དང༌། སྒོམ་ལམ་དུ་འཕགས་པའི་ལམ་གྱི་བདུན་པར་ཡང་དྲན་པ་ཉིད་སྨོས་ནས་ལམ་ལྔའི་ཡོན་ཏན་མཐའ་དག་མངོན་དུ་བྱེད་པའི་ཕྱིར་རོ། །ཁྱད་པར་དྲན་པའི་ངོ་བོ་བསམ་གཏན་གྱི་ཆོས་ལ་ངང་གིས་མཉམ་པར་གནས་ཤིང་བྱིང་རྒོད་ཀྱི་དབང་དུ་མ་གྱུར་པ་ལ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ཡང་ཧ་ཅང་རྩོལ་ན་ནི་སེམས་རྣམ་པར་གཡེངས་


JLAZ007_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དྲན་འདུན་གྱི་གཉེན་པོ་དང་བྲལ་ན་ལྷག་མཐོང་ཉམས་པར་འགྱུར་བས་སོ། །མདོར་ན་འདི་མན་ཆད་ཀྱི་ཚོགས་སྦྱོར་གྱི་ལམ་ན་ཡོད་པའི་དགེ་ཆོས་ཐམས་ཅད་ཀྱང་འདུ་བྱེད་ཅིང༌། རང་ངོ་ཡང་རྩོལ་བ་དང་བཅས་པས་འདུ་བྱེད་ཀྱི་དྲན་པ་ཞེས་བྱ་སྟེ་སོ་སྐྱེའི་ལམ་དུ་བཞག་ནས་རིམ་པར་ཕྱེ་བའི་དོན་མན་ངག་རིན་པོ་ཆེའི་མཛོད་ལས། དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ། །མཉམ་རྗེས་སློབ་རྣམས་ཆོས་ཉིད་མ་ཡེངས་བྱ། །གོམས་པས་དྲན་སྣང་ཡེ་ཤེས་མ་ཡེངས་བྱ། །ཀློང་གྱུར་དུས་སུ་ཡེངས་མེད་ཡེངས་མཁན་མེད། །བརྟན་པ་མཐར་ཕྱིན་ཡེངས་ཡུལ་ཆོས་ཉིད་ངེས། །ཆོས་ཟད་དུས་ན་མཚོན་བརྗོད་ཡུལ་ལས་འདས། །དེ་འདྲའི་ཚད་དུ་བསྐྱོལ་བ་མཛད་པར་ཞུ། །ཞེས་གསུངས་རྒྱུ་དེས་ལམ་གྱི་ཆོས་སྐད་ཚོན་པོ་མཐའ་དག་སྤང་བ་བསམ་གཏན་པས་དྲན་པའི་མཚན་ཉིད་དུ་གཏན་ལ་ཕབ་ན། འདི་ལྟར་མཉམ་པར་གཞག་པ་པོ་བློ་མཆོག་ཏུ་གྱུར་པ་ཅིག་ཆར་བའི་རིགས་ལ་རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་མཉམ་གཞག་གི་སྟེང་དུ་དྲན་པ་མི་གཞག་པར། དྲན་པ་རང་མཉམ་གཞག་གི་ངོ་བོར་རྫོགས་པ་དེ་ས་ཆོད་ལྷག་པར་དུ་ཆེ་བ་ཡིན་ལ། དེ་ལྟ་ནའང་ལྟ་བ་བཟང་པོ་ལས་འཕྲོ་དང་བསོད་ནམས་ཀྱིས་འཆུན་པར་དཀའ་བ་མང་ཕྱིར། དེ་ཙམ་བློར་མི་ཆུད་པའི་རིགས་ལ་


JLAZ007_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་གཞག་དྲན་པས་སྐྱོང་བ་གཞན་དང་མཐུན་པར་མ་ཁྲིད་ན་འཐོར་ཡས་སྲང་དུ་མི་ཆུད་པ་དེ་འོང་བས་སྐྱོང་ཚུལ་གྱི་རིམ་པ་གཉིས་ལས་དང་པོའི་དབང་དུ་བྱས་ན་དྲན་པ་རང་མཉམ་གཞག་གི་ངོ་བོར་རྫོགས་པས་བལྟ་བའི་ཡུལ་དང་ལྟ་མཁན་ཐ་དད་མེད་ལ། ཡེངས་པའི་ཚེ་ཡང་རྣམ་རྟོག་ཁོ་རང་དྲན་པར་སོང་བས་མེ་དང་ཚ་བ་རོ་གཅིག་པ་ལྟར། དྲན་པ་དང་རྣམ་རྟོག་རོ་གཅིག་ཏུ་འགྲོ་བ་ཅིག་ཆར་བའི་སྐྱེ་ཚུལ་ལ་ས་ཆོད་ངེས་པ་མེད་དོ། །གཉིས་པ་ལྟར་ན་མཉམ་གཞག་གི་ཚེ་ན་དྲན་པས་འཇུན། ཡེངས་པའི་ཚེ་དྲན་པ་རང་རྟོག་པར་སོང་བས་འཁྲུལ་པའི་གཞན་དབང་ཅན་ནོ། །ཡང་དྲན་པ་སླེབ་པ་དང་མཉམ་གཞག་ཏུ་ཞུགས། དེ་ལྟར་རྩེ་སྤྲོད་དུ་འཐབ་པ་བཞིན་ལ་སྙིང་རུས་ཀྱིས་འཆུན་ན་ནམ་ཞིག་དྲན་པ་སྟོབས་ཆེ་བར་སོར་བའི་ཚེ། རྣམ་རྟོག་དེ་གློ་བུར་བའི་དྲི་མ་ཡིན་པས་དྲན་པའི་གདོང་མི་བཟོད་པ་དཔེར་ན་མེ་དང་བསྲེག་བྱ་ཕྲད་པའམ། མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར་རྣམ་རྟོག་ཅི་ཙམ་ཤར་ཡང་དེས་མཉམ་གཞག་ལ་ཅི་ཡང་མི་སྟོབ་རྣམ་རྟོག་རང་གི་ངོ་བོ་དྲན་པར་སོང་བ་དེ་ལ་སྤང་བྱ་གཉེན་པོར་ལྷོངས་པ་ཞེས་བྱ་སྟེ་འདུ་བྱེད་ཀྱི་དྲན་པའི་ནུས་པ་ཡིན་ནོ། །གལ་ཏེ་སྙིང་རུས་ཀྱིས་མ་འཆུན་ན་དྲན་པའི་སྟོབས་ཇེ་ཆུང་དུ་བྲི་བ་དེ་ཙམ་དུ་མ་རིག་པ་དང་རྟོག་པའི་


JLAZ007_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྒྱས་ནས་བསྒོམས་པས་དྲེད་པ། རྫི་བོ་བརྐམ་ཆགས་ཅན་གྱི་དཔེས་བསྟན་ནོ། །དེ་ཇི་ལྟར་ན་སྔོན་རྫི་བོ་བརྐམ་ཆགས་ཤིན་ཏུ་ཆེ་བ་ཞིག་གིས་འབྲོག་དགོན་པ་ནས་གསེར་སྦྲམ་ཆེན་པོ་གཅིག་རྙེད་པ་ལས་ཁོ་དགའ་ཆེས་ནས་ཕྱུགས་ཀྱི་འཚོ་སྐྱོང་ཡང་ལྷོད། ཟས་བྱེད་པ་ཡང་མ་དྲན་པར་གསེར་སྦྲམ་ལག་པ་གཡས་གཡོན་སྤོ་བཞིན་པར་བཟུང༌། དྲ་བ་དང་བྱི་བ་མཐོང་ཡང་ཁོའི་གསེར་སྦྲམ་འཕྲོག་པར་དོགས་ནས། དབུལ་པོའི་ལག་ཏུ་ཟན་གོང་མེད། །མར་དུ་འཁྲུལ་པའི་མཁར་གོང་གིས། །སྐྱེས་བུའི་སོ་ལ་ལྟས་ངན་བྱས། །ཞེས་པའི་གླུ་ལེན་སྐད། དེར་ཞག་འགའ་ནས་ཁོའི་སེམས་ཅན་ལ་རྦབ་ཏུ་ཤོར། ལ་ལ་གཅན་གཟན་གྱིས་ཕྲོགས་པ་ཆེས་ཆེར་ཟད་པ་ལ་ཐུག་པ་དང༌། ཕྱུགས་བདག་གིས་བརྩད་པས་ཁོ་བརྐམ་ཆགས་ཆེ་དྲགས་པས་གཏམ་དེ་ཤོད་དུའང་ཕངས་ཏེ་ན་བ་ལྟར་བྱས་ནས་ར་ངའི་ཚང་ཚིང་ཁྲོད་དུ་ཉལ་ལོ། །དེར་ནུབ་མོ་བྱི་ལས་བྱི་བ་ལ་འཇབ་ཏུ་འོངས་པས་ཀྱང་གསེར་སྦྲམ་འཕྲོག་པ་ཅིག་སླེབས་སྙམ་ནས་ཐབས་བསམས་པས། འདི་སྙམ་དུ། གསེར་སྦྲམ་ཡུལ་གྱི་རྒྱལ་པོ་ལ་བྱིན་ན། དེ་ལས་ཁྱིམ་བདག་ཆེན་པོ་ཞིག་ཐོབ། དེའི་ཚེ་བདག་གི་ཆུང་མ་ལ་པུ་གཅིག་ནི་བཙའ། དེ་རིག་པ་དང་སྒྱུ་རྩལ་གྱི་གནས་ལ་མཁས་པར་བྱས་ན། གདོན་མི་ཟ་བར་


JLAZ007_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་བློན་པོར་འགྱུར། རྒྱུ་དེས་གསེར་སྦྲམ་སླར་ཡང་བདག་ཉིད་ཀྱི་ལག་པ་ན་མཆི་བ་ལ་ནི་ཐེ་ཚོམ་མེད་དོ་སྙམ་དུ་དེ་བས་ཀྱང་དགའ་ཆེས་ནས་བྲོ་འཁྲབ་པས་སེམས་ཡེངས་ཏེ་གསེར་སྦྲམ་ལག་པ་ནས་ཤོར་ཏེ་ཚང་ཚིང་ཁྲོད་དུ་སོང༌། དེར་ཁོ་ན་རེ། གསེར་སྦྲམ་ལས་ཀྱང་དྲན་པ་ཨང༌། །དྲན་པའི་ཡིད་བཞིན་ནོར་བརླག་པས། །གསེར་སྦྲམ་དགྲ་བོའི་ལག་ཏུ་ཤོར། །དྲན་པ་མེད་པའི་རྣམ་ཤེས་འདིས། །འཇིག་རྟེན་ཐམས་ཅད་མ་རུངས་བྱས། །ཞེས་ཟེར་སྐད། དཔེ་དེས་དྲན་པ་ཉམས་པ་ལས་སྒོམ་དྲེད་ཁྱེར་བའི་ཕྱི་དང་ནང་གི་རྣམ་པར་ཐར་པ་དང་མཚན་ཉིད་ཐམས་ཅད་གཏན་ལ་ཕེབས་པ་ཡིན་ནོ། །དེ་ལྟ་ནའང་དྲན་པའི་ཡོན་ཏན་གོང་ནས་གོང་དུ་ན་འཕར་བ་ལས་མཐར་དྲན་གཞི་རང་ཟད་ཆོས་ཟད་བློ་འདས་ཆེན་པོའི་ས་ལ་སྐྱོལ་བའི་དཔེ་ནི། ལྡེར་བཟོ་བགྱིད་པའི་ཚེ་ཐོག་མར་རླན་འདམ་མེད་ན་བཟོ་གནས་ཀྱི་དཔྱད་མི་འགྲུབ་ལ། མཐར་རླན་གཤེར་མིང་མེད་དུ་མ་སངས་ན་བཟོ་གནས་ཀྱི་དོན་མི་འགྲུབ་པས། རྡོ་རྗེ་ཡང་ཏོག་གི་རྒྱུད་ལས་ཀྱང༌། འགྱུ་བའི་རྟ་ལ་དྲན་པའི་སྲབ། །གླང་ཆེན་ལྕགས་ཀྱུས་བསྒྱུར་བ་འདྲ། །རྟ་རྒོད་སྲབ་ཀྱིས་བཏུལ་བ་བཞིན། །འགྱུ་བ་དྲན་པས་བཏུལ་བ་ཡིན། །དྲན་པ་སངས་པ་ཡེ་ཤེས་ཡིན། །ཞེས་དང༌།


JLAZ007_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གཟིགས་རྣལ་འབྱོར་དམ་པ་ལ། སངས་རྒྱས་པའི་དུས་སུ་རིག་པ་འདི་ཇི་ལྟར་འགྱུར་ཞུས་པས། སེམས་ཀྱི་དྲན་རྟོག་སངས་པའི་ཡེ་ཤེས་ཡིན་གསུངས། ཡེ་ཤེས་ལ་དྲན་པ་བདོག་གམ་མི་བདོག་ཞུས་པས། འདི་ཅི་ཟེར་ན་དྲན་པ་སེམས་ཅན་གྱི་བློ་ཡིན། ཡེ་ཤེས་བློ་བྲལ་ཡིན་གསུངས། དེའི་ཕྱིར་སྤྲོས་པ་ཐམས་ཅད་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟ་བ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེས་གཟུགས་བདག་ཡིན་པར་ལྟ་བ་དང༌། བདག་གཟུགས་དང་ངོ་བོ་ཉིད་ཀྱི་ལྷག་པར་ལྟ་བ་དང༌། གཟུགས་ལ་བདག་ངོ་བོ་ཉིད་ཀྱི་ཡོད་པར་ལྟ་བ་དང༌། བདག་ལ་གཟུགས་ངོ་བོ་ཉིད་ཀྱི་ཡོད་པར་ལྟ་བ་དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་ལའང་བཞི་བཞིར་དབྱེ་བའི་འཇིག་ཚོགས་ཀྱི་ལྟ་བ་ཉི་ཤུ་པོ་རྣམ་རིག་པ་གང་གིས་བཅོམ་ན་གཟུགས་བདག་མ་ཡིན་ཏེ། དེ་དང་འདྲ་བ་ཁོ་ནར་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱོགས་གཉིས་པའང་མ་ཡིན་ཏེ། བདག་གཟུགས་ལ་སོགས་པ་ལ་ཅི་ཞིག་དབང༌། དེ་དག་ལ་འདོར་ལེན་མི་བཏུབ་ཅིང་མི་འདོད་བཞིན་དུའང་འཇིག་པ་


JLAZ007_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ལ་བདག་ངོ་བོ་ཉིད་ཀྱི་ཡོད་པ་སྐྱེས་བུ་རེ་ལྡེ་ལ་འདུག་པའི་བླ་འོག་ལྟར་གནས་པའང་མི་རུང་སྟེ། བདག་གི་འདོད་པས་གཟུགས་ལ་འཇུག་ལྡོག་ཅུང་ཟད་ཀྱང་མི་ནུས་པའི་ཕྱིར་རོ། །བདག་ལ་གཟུགས་ངོ་བོ་ཉིད་ཀྱི་ཡོད་ན་བདག་མེད་བཞིན་དུའང་ཕྱིའི་གཟུགས་ལ་སོགས་པ་མཐོང་བའི་འགལ་བ་ཇི་ལྟར་སྤོང༌། འདིའི་མཚན་ཉིད་ཞིབ་ཏུ་ཤེས་པར་འདོད་ན་བཤེས་སྤྲིང་རྒྱ་འགྲེལ་ལས་ཤེས་པར་བྱའོ། །པར་བཅོམ་ནས་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པའི་ཁས་ལེན་ཡིད་བྱེད་ལས་འདས་པ་ནམ་མཁའི་དཀྱིལ་ལྟར་མཐོང་བ་ནི། འཇིག་རྟེན་ལས་འདས་པའི་མཉམ་གཞག་ཡིན་ཏེ་ཕུང་པོ་ལྔ་དང་བྲལ་བའི་ཕྱིར་རོ། །དེའི་མྱོང་བ་སོ་སོར་རྟོག་པའི་ཤེས་རབ་རྗེས་ཐོབ་ཐམས་ཅད་དུ་བསྲེ་བ་ལ་བསླབ་པ་ནི་ཆོས་ཉིད་ཀྱི་དྲན་པ་ཞེས་བྱ་སྟེ་ཉོན་མོངས་པ་ས་བོན་དང་བཅས་པ་དྲུངས་ནས་འབྱིན་པའི་གཉེན་པོ་ཡིན། དེ་ལྟར་གོམས་པ་ལས་སོ་སོར་རྟོག་པའི་ཤེས་རབ་དེའི་མྱོང་ཞེན་ནམ་ཚོགས་བརྒྱད་ཀྱི་དྲི་མ་ཕྲ་བ་དང༌། རགས་པ་རྟོགས་པའི་ཆོས་འདི་དག་ནི་དྲན་པར་ཡང་མི་བྱའོ། །ཡིད་ལ་ཡང་མི་བྱའོ་སྙམ་དུ་དྲན་པས་ཤིན་ཏུ་དྲན་པ་དང༌། ཤིན་ཏུ་ཡིད་ལ་བྱས་པར་འགྱུར་བའི་སྒྲིབ་པ་གང་ཡིན་པ་རྡུལ་དང་ལྟ་བ་ཐམས་ཅད་དང་བྲལ་བ་འཕགས་པའི་ཡེ་ཤེས་མཐོང་ལམ་རྣམ་པར་མི་རྟོག་པས་སྤོང་བར་འགྱུར་བས་ན་ཡུམ་ལས། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་དོན་དངོས་བསྟན་ལ་འབྱོར་ཞིང་རང་ལམ་དུ་བྱང་ཆུབ་ཡན་ལག་གི་དྲན་པའི་ཐ་སྙད་ཐོབ་པས་དྲན་སྣང་ཡེ་ཤེས་སུ་བཞག་ལ། མན་


JLAZ007_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ངག་རྫོགས་པ་ཆེན་པོའི་རང་ངོ་ནས་བརྗོད་ན། སྤང་གཉེན་ལྷན་ཅིག་ཏུ་མི་གནས་པས་རྟོག་བཅས་ཀྱི་དྲན་པ་མི་འཇུག །རང་བཞིན་དུ་ཤེས་པས་དྲན་པས་ཕན་མ་བཏགས། རང་གྲོལ་དུ་འདུག་པས་དྲན་པས་སླར་མི་འཆིང༌། གཞི་དང་རྩ་བ་མེད་པས་གཉེན་པོའི་དྲན་པ་རག་མ་ལུས། ངོ་བོ་ལ་དཔྱད་པ་མེད་པས་དྲན་བྱེད་རང་དག །ཆོས་ཉིད་ཀྱི་རྩིས་ཐེབས་པས་དྲན་པ་རང་ཡན། ཡེ་ཤེས་ལ་འཁྲུལ་པ་མེད་པས་དྲན་པའི་བློ་སོ་མི་ཚུགས་པའི་ཕྱིར་རོ། །འདིར་སྒོམ་རིམ་ལས། ཡང་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་གྱུར་དུ་ཟིན་ཡང་ཡང་དག་པར་སོ་སོར་རྟོག་པ་མེད་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་ཇི་ལྟར་འཇུག །ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པར་གནས་པ་ཁོ་ན་ཡིན་དུ་ཟིན་ཀྱང་སོ་སོར་རྟོག་པ་མེད་ན་དེ་དག་གི་སྟོང་པ་ཉིད་རྟོགས་་པར་མི་འགྱུར་རོ། །ཞེས་པ་ལ་སོགས་པའི་མཚན་ཉིད་ཤིན་ཏུ་ཐ་དད་པས་དྲན་པ་ཉིད་སོ་སོར་རྟོག་པའི་དངོས་པོར་བསྒྲུབས་པ་དང༌། དེའི་ཕྱོགས་བཟུང་ནས་གངས་རིའི་ཁྲོད་དུ་ཤིན་ཏུ་གྲགས་པ་བརྟན་ཞིང༌། ལམ་དེ་དང་དེ་ལས་དངོས་གྲུབ་བརྙེས་པའི་ལྟ་བ་ཐམས་ཅད་ཡང་དག་པ་མ་ཡིན་ནོ། །ཞེས་ཟེར་བ་ཇི་སྙེད་ཅིག་མཆིས་སོ། །དངོས་པོ་ལ་གནས་ཚོད་ཀྱི་དབུ་མ་ནི་བཅོམ་ལྡན་འདས་ཁོ་ནས་མཁྱེན་གྱི་དེའི་གོ་འཕང་མཐར་ཐུག་པའང་ཆོས་སྐུ་


JLAZ007_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་དེའི་མཚན་ཉིད་རྟོག་དཔྱོད་ཀྱི་ཤེས་བྱ་དང་འགལ་ན། འདིར་བསྒྲུབ་གཤག་གི་གྲུབ་མཐས་རང་ལྟ་མཆོག་འཛིན་དང༌། གཞན་སྐུར་པའི་གནས་ལ་སྤྲོ་བ་མ་ཡིན་ཡང་མཐའ་གཅིག་ཏུ་ཞེན་པ་དང་རྨོངས་པ་རྣམས་ཐེ་ཚོམ་མི་ཟ་བའི་ཕྱིར་ངེས་པའི་གནས་ཅུང་ཟད་བཤད་ན། རང་ངོའི་ལམ་དང་བཞུགས་ཚུལ་གང་ཡིན་པ་སྒོམ་བྱུང་གི་ཤེས་རབ་རྣམ་པར་དག་པས་མཐོང་བ་ནི་གོང་དུ་བཤད་མ་ཐག་པས་ཁྱབ་ཅིང་ད་དུང་འཆད་པར་འགྱུར་ལ། དམིགས་པས་ལ་ལ་དབུ་མ་རང་རྒྱུད་པའི་འདོད་པ་དེ་ཐལ་འགྱུར་བས་གཞར་ཟིན་ཏེ། ཇོ་བོའི་ཅིག་ཅར་འཇུག་པ་ན། དེ་ལ་གཟུགས་ཅན་རྣམས་ནི་རྡུལ་ཕྲ་རབ་འདུས་པ་ཡིན་ལ། དེ་ཡང་ཕྱོགས་ཆའི་དབྱེ་བས་ཕྱི་ཞིང་གཞིག་ན། ཤིན་ཏུ་ཕྲ་བའང་ལུས་པ་མེད་ཅིང༌། ཤིན་ཏུ་སྣང་བའང་མེད་དོ། །གཟུགས་ཅན་མ་ཡིན་པ་ནི་སེམས་ཡིན་ལ། དེ་ཡང་འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག །མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང༌། ད་ལྟར་གྱི་སེམས་ནི་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་ཅིང་དབྱིབས་དང་བྲལ་བ། ནམ་མཁའ་དང་འདྲ་བས་མ་གྲུབ་པའམ། ཡང་ན་གཅིག་དང་དུ་མ་དང་བྲལ་བས་སམ། ཡང་ན་མ་སྐྱེས་པའམ། ཡང་ན་དེ་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པ་རིག་པའི་མཚོན་གྱིས་དཔྱད་ཅིང་གཞིག་ན་མ་


JLAZ007_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་རྟོགས་སོ། །དེ་ལྟར་གཉིས་པོ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་མེད་ཙམ་ན། སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་ཕན་ཚུན་བསྲུབས་པས་མེ་བྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཚིག་ཅིང་མེད་པའི་རྗེས་ལ་གང་གིས་བསྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ། རང་དང་སྤྱིའི་མཚན་ཉིད་ཀྱི་ཆོས་ཐམས་ཅད་མེད་པར་གྲུབ་ཙམ་ན་ཤེས་རབ་ཉིད་སྣང་བ་མེད་ཅིང་འོད་གསལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པའི་བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག །ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ་ཇི་སྲིད་དུ་མཚན་མའམ། རྣམ་པར་རྟོག་པའི་དགྲ་འམ། ཆོམ་རྐུན་མ་ལངས་ཀྱི་བར་དུ་དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །ཞེས་གསུངས་པས་སོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིག་སྔགས་ཟབ་མོ་འདིས་ནི་དྲན་པ་ཡིན་ཕྱིན་ཆད་སོ་སོར་རྟོག་པ། སོ་སོར་རྟོག་པ་ཡིན་ཕྱིན་ཆད་འཛིན་སྟངས་དང་མི་འགལ་བ་མཐར་ཐུག་གི་གནས་སྐབས་སུའང་འདོད་པའི་ཤ་ཟའི་གདོན་ཆེན་པོ་བཟློག་པར་འགྱུར་རོ། །དེ་ལྟ་ན་དྲན་པའི་ཆོས་རབ་ཏུ་ཉམས་པས་གཉིད་འཐུག་བ་དང་རྒྱལ་བ་སོགས་དབུས་མཐའ་


JLAZ007_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སེམས་མེད་པའི་གནས་སྐབས་ལྔར་བཤད་པའི་ལུང་མ་བསྟན་དང་མི་མཚུངས་སམ་ཞེ་ན། དེ་དག་ཀྱང་ཐབས་ཀྱིས་ཟིན་ན་ལུང་མ་བསྟན་དུ་ཅིས་འགྲུབ། ཐུན་མོང་གི་དབང་དུ་བྱས་ནའང་མཚུངས་པའི་སྐབས་མེད་དེ། དྲན་པ་དང་ཡིད་བྱེད་དེ་སྤང་བྱ་སྤང་བའི་གཉེན་པོའི་སྒོ་ནས་བཞག་པའི་ཕྱིར་སྐབས་འདིར་རྟོག་དཔྱོད་ཀྱི་ཤེས་རབ་ཏུ་ཤར་ནས། བློ་དང༌། ཚིག་དང༌། སྙམ་བྱེད་དང༌། ཡིད་དཔྱོད་དང༌། སྐྱེ་བ་དང༌། མཚན་ཉིད་ལ་སོགས་པའི་ཉེ་བར་ལེན་པ་པོ་ཡིན་ལ། འདིར་ནི་བློ་དང་བྲལ་བའི་ཤེས་རབ་ཀྱིས་དྲན་པ་མེད་པའི་ཆོས་ཉིད་མཐོང༌། ཚིག་དང་བྲལ་བའི་ཤེས་རབ་ཀྱིས་སྡེ་སྣོད་ཀྱི་དོན་ཤེས། སྙམ་བྱེད་དང་བྲལ་བའི་ཤེས་རབ་ཀྱིས་ངོ་བོའི་བཞུགས་ཚུལ་ལ་མ་རྨོངས། ཡིད་དཔྱོད་ལས་འདས་པའི་ཤེས་རབ་ཀྱིས་དྲན་གཞི་ཟད་པའི་ལྷག་མཐོང་དུ་ཤར། སྐྱེ་བ་གཅོད་པའི་ཤེས་རབ་ཀྱིས་ཉོན་མོངས་པ་ལས་རྣམ་པར་གྲོལ། མཚན་ཉིད་དང་བྲལ་བའི་ཤེས་རབ་ཀྱིས་རྣམ་པར་མི་རྟོག་པའི་ཁྱད་པར་ཤེས་ལ། གོ་ཕྱེ་བའི་ཆ་ནས་རང་བཞིན་གྱི་འོད་གསལ་བའི་རིག་པ་ཤིན་ཏུ་རྣམ་པར་དག་པ་ལ་སྤྱན་དང་མངོན་ཤེས། གཟུངས་དང་ཟད་པར། སྨོན་མཁྱེན་དང་དབང་བཅུ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་ནམ་ཡང་འགག་པ་མེད་པའི་ཕྱིར་རོ། །འདིར་ཕར་ཕྱིན་རང་


JLAZ007_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་གནས་སྐབས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཁྱད་པར་ལ། སྟོང་ཕྲག་བརྒྱ་པར། རབ་འབྱོར་འདི་ལྟ་སྟེ། ཞུགས་པའང་གཞན་ལ། འབྲས་བུ་ལ་གནས་པའང་གཞན་ཏེ། དེ་གཉིས་ཀ་འཕགས་པའི་གང་ཟག་མ་ཡིན་ཞེས་མི་བྱའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བར་ཆད་མེད་པའི་ལམ་དུ་ཞུགས་པ་ཡིན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སངས་རྒྱས་ནི་ཆོས་ཐམས་ཅད་ལ་བསྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་པ་སྟེ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང༌། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཁྱད་པར་རོ་ཞེས་དང༌། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྟོང་ཉིད་བཅུ་དྲུག་ལ་སྤྱད་ཅིང་མཉམ་པར་བཞག་ན་གདོད་འཚང་རྒྱ། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་སྐད་ཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པས་དེ་བཞིན་གཤེགས་པ་ཞེས་པའི་གྲངས་སུ་འགྲོ་བར་བཤད། རྒྱུ་དེས་ལམ་གྱི་རིམ་པ་དང་གྲོལ་ཚུལ། སློབ་པ་ལམ་གྱི་གནས་སྐབས་བཞི་དང༌། མི་སློབ་པའི་དུས་ཀྱི་ས་དང་ཡོན་ཏན་གྱི་འཐོབ་ཚུལ། བྱང་ཆུབ་སེམས་དཔའ་ས་བཅུ་པས་རྗེས་ཐོབ་ཏུ་སངས་རྒྱས་རྣམས་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར་


JLAZ007_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ནས་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་བྱེ་བྲག་ཐོབ་ཚུལ་རྣམས་རང་ལམ་ལ་དེ་ལྟར་ཡིན་གྱིས་ཐེག་པར་རང་ས་ན་བདེན་པས་ཆོས་ཀྱི་ཁ་མི་འཛིན་ཏོ། །སྐབས་འདིར་རྡོ་རྗེ་སྙིང་པོ་གསང་བ་ཆེན་པོའི་ལམ་ལ་རེ་ཞིག་དེ་དག་དྲང་དོན་དུ་བཞག་ནས། ཇི་སྐད་དུ། སངས་རྒྱས་སེམས་ཡིན་ཅི་སྨོས་ཏེ། །སེམས་ཅན་ཀུན་ཀྱང་རང་གི་སེམས། །སྟོན་པས་བསྟན་པ་རང་གི་སེམས། །དེ་ཕྱིར་ངོ་བོ་ཉིད་མཉམ་པས། །འཕགས་ལམ་ངེས་དོན་འདི་ལས་མེད། །ཅེས་པ་ལྟར། གཤིས་ཀྱི་བཞུགས་ཚུལ་ཆེན་པོའི་ཆོས་ཉིད་དེ་ཀློང་དུ་གྱུར་པའི་ཚེ་ལྟ་སྒོམ་གྱི་ཆོས་ནུབ། ས་ལམ་གྱི་གྲུབ་མཐའ་འགྱེལ། ཡོངས་གྲུབ་ཆེན་པོའི་ཡེ་ཤེས་སུ་ལ་བཟླ་བ་སྟེ། སྤྱིར་རྫོགས་པ་ཆེན་པོ་ལ་རྒྱ་འགྱུར་སེམས་སེམས་ཕྱོགས་པ་རྣམས་གསལ་བ་ལས་ཟབ་མོའི་ཕྱོགས་ཤས་ཆེ། ཀློང་ཀློང་སྐོར་རྣམས་ཟབ་གསལ་ཆ་མཉམ་མན་ངག་གི་སྡེའི་རྒྱུད་མན་ངག་པ་རྣམས་ཟབ་མོའི་ཕྱོགས་ལས་གསལ་བ་ཤས་ཆེ་བ་གྲུབ་མཐའི་ངོས་འཛིན་གྱི་སྙིང་པོའོ། །ཀྱི་རང་གཞུང་བཻ་རོ་ཙ་ན་དང༌། གཉགས་ལ་བི་མ་ལའི་སློབ་བརྒྱུད་སོགས་པ་ན་བརྒྱུད་པའི་གྲུབ་པའི་མཐའ་ཇི་སྙེད་ཅིག་བཞུགས་པའང༌། བོད་དུ་སྔ་རབས་ལ་དར་ཆེ་ཞིང་དངོས་གྲུབ་བརྙེས་པའི་གྲགས་པ་ཐོབ་པ་ལ་ཉང་ཀློང་ཡེ་ཤེས་གསང་བའི་རྒྱུད་ལ་བརྟེན་པ་རྡོ་རྗེ་ཟམ་པའི་མན་ངག བཻ་རོས་


JLAZ007_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་ལུང་རོང་གི་བྲག་དམར་རྫོང་གི་དགོན་པར་ཐ་མར་སྤང་མི་ཕམ་མགོན་པོ་ལ་གདམས་ནས་འཇའ་ལུས་གྲུབ་པ་ཤ་སྟག་བྱུང༌། སྤང་གིས་ངན་ལམ་བྱང་ཆུབ་རྒྱལ་མཚན། དེས་ཟ་དམ་རིན་ཆེན་དཔྱིག དེས་འཕྱོས་ཀྱི་ཁུ་འགྱུར་གསལ། དེས་ཉང་བྱང་ཆུབ་གྲགས་དེས་དབུ་རུ་ཞའི་ཉང་ཤེས་རབ་འབྱུང་གནས་རྟེན་དགེ་སློང་མིན་པ་ཕུག་པོ་ཆེའི་ལྟ་རིའི་ཤུག་པ་རྐང་གཅིག་ལ་ན་བཟའ་དང་འཕྲེང་བ་བཀལ་ནས་འཇའ་ལུས་སུ་གཤེགས་པ་དེའོ། །ཤེས་རབ་འབྱུང་གནས་ནས་བརྒྱུད་པའི་སྒོམ་ཡོད་ཀྱི་ལུགས་དང༌། སྐོར་ཡེ་ཤེས་བླ་མ་གཉིས་པར་ཚ་རོང་སྟག་རྩེ་མཁན་གྱི་དགོན་པར་བཻ་རོས་འདི་ལ་བཤད་ནས་བརྒྱུད་པའི་སྒོམ་མེད་ཀྱི་ལུགས་གཉིས་ཀ་ཟུར་ཆུང་ཤེས་རབ་གྲགས་ཀྱི་སློབ་བརྒྱུད་ལ་ཤིན་ཏུ་དར། ཁམས་ལུགས་སུ་གྲགས་པ་ཨ་ཁམས་ལྡན་ཀློང་ཐང་སྒྲོན་མར་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བའི་སྤྲུལ་བའི་སྐུ་ཞིག་བྱོན། འདིས་ཐེག་ཆེན་རྣལ་འབྱོར་ཞེས་བྱ་བ་ཞིག་མཛད་པ་ལ་ཇོ་བོ་རྗེ་ཡང་ཤིན་ཏུ་མཉེས། དེ་ནས་བརྒྱུད་པ་ལྔ་པ་ཁ་རག་སྒོམ་ཆུང་ཡིན། ཨ་རོའི་རྒྱ་དཀར་ནག་གི་བདུན་བརྒྱུད་གཉིས་གཅོག་རོ་དང་ཡ་ཟིལ་རོང་ཟོམ་ཆེན་པོ་ལ་བཤད་དོ། །རོ་ཡེ་ཤེས་འབྱུང་གནས་ནས་བརྒྱུད་པའམ། བླ་མ་ཟུར་དགོངས་པ་བེ་རོས་ཐོག་མར་རྒྱལ་རོང་བྲག་ལ་མགོན་པོའི་དགོན་པར་གཡུ་སྒྲ་སྙིང་པོ་ལ་གསུངས་པའི་དངོས་སློབ་ཡིན་གསལ་ནས་བརྒྱུད་པ་སྒོམ་ཡོད་སྒོམ་མེད་གཉིས་ཀའི་ལུགས་གསུམ་དུ་གྲགས་པ་ལས། གངས་རིའི་ཁྲོད་ན་ཀུན་ཏུ་བཟང་པོ་མངོན་སུམ་དུ་བྱོན་ནས་དཔེ་དང་གཏན་ཚིགས་ལ་མ་ལྟོས་པར་རང་བཞིན་རྫོགས་པ་ཆེན་པོ་སྡེ་


JLAZ007_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཀའི་མན་ངག་ཕྱོགས་གཅིག་ཏུ་གཏན་ལ་ཕབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ངེས་པར་རྒྱལ་བའི་མཚན་གྱིས་བསྔགས་པར་འོས་པ་རྒྱལ་བ་ཇི་སྐད་དུ། སྡིག་པའི་ཆོས་ལས་ང་རྒྱལ་བས། །དེ་བས་ཉེར་འགྲོ་ང་རྒྱལ་བའོ། །ཞེས་གསུངས་པའི་དོན་ཏོ། །ཀློང་ཆེན་རབ་འབྱམས་ཀྱི་གྲུབ་མཐའ་ཡིན་ལ། དེ་ལ་སྒོམ་ཡོད་ཀྱི་ཕྱོགས་ནས་ཐོད་རྒལ་ཁྱད་པར་འཕགས་པ་དང༌། སྒོམ་མེད་ཀྱི་ཕྱོགས་ནས་ཀ་དག་ཁྱད་པར་འཕགས་པར་བཞེད་ལ། གྲུབ་པའི་མཐའ་སོ་སོའི་ངོ་བོའི་མཚན་ཉིད་ཤེས་པ་ཤིན་ཏུ་ཉུང་བས་ཕལ་མོ་ཆེ་ནི་ཐོད་རྒལ་གྱི་འཕགས་ཆོས་མཐོང་བས་རྒྱུ་བྱས། དེ་ཁོ་ན་ལ་བསྔགས་པ་བརྗོད་ཅིང་སེམས་པ་མང་མོད། སྤྱིར་ཀ་དག་གཏན་ལ་མ་ཕེབས་ན་ལྷུན་གྲུབ་ཀྱི་གྲུབ་མཐས་ས་མི་ཆོད། ས་གཞི་མེད་པ་ལ་ཞིང་བཟོས་ནས་སྟོན་ཐོག་རེ་བ་བཞིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་ཉིད་ཆོས་སྐུའི་དབྱིངས་ན་བཞུགས་ཚུལ་མ་ནོར་ཞིང་མ་འཁྲུལ་བ་ཁྲོགས་ཆོད་ཀྱིས་གཏན་ལ་དབབ་དགོས་པ་ཡིན། དེ་ལ་གནས་པ་དང༌། བརྟན་པ་དང༌། གྲོལ་བ་གསུམ་གྱི་གདེང་ཐོབ་ནས་ལྷུན་གྲུབ་ཀྱི་གྲུབ་པའི་མཐའ་ལ་ཞུགས་ན་རིག་པ་ལ་སྐུ་གསུམ་རང་ཆས་སུ་ཡོད་པས་ལོངས་སྤྱོད་རྫོགས་པའི་སྐུ་དང་ཞིང་ཁམས་གདོད་འཆར་མི་དགོས་པར་ད་ལྟར་ལམ་སྣང་དུ་གཏན་ལ་ཕེབས་ནས་རགས་པ་ཟད་དེ་འོད་སྐུར་དེངས་པ་ཡིན་པའི་ཕྱིར་རོ། །


JLAZ007_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་མ་རིག་པའི་སྐྱེས་བུ་བླུན་པོ་རྣམས་ཀྱིས་གཤིས་ཀྱི་བཞུགས་ཚུལ་ཡང་མ་ཤེས། ཐོད་རྒལ་ལ་བྱ་བ་དགུ་ཕྲུགས་སུ་བཏང་ནས་རླུང་རིག་རང་དེངས་སུ་བྱེད་པའི་གནད་ཀྱང་མ་གོ །ཕོ་ཚུགས་དང་སྙིང་རུས་ཀྱིས་ཇི་སྲིད་འཚོའི་བར་དུ་འཆུན་པའི་རེ་བ་བརྐམ་བཞིན་དུ་གནས་སྐབས་ཀྱི་མཐོང་སྣང་དང༌། ཕུང་པོ་འཇའ་འོད་དུ་དེངས་སུ་རེ་བས་རྒྱུ་མཚན་མེད་པའི་ཧམ་རྒྱུགས་བྱེད་པ་ནི་དེང་སང་གངས་རིའི་ཁྲོད་འདིར་མང་ཡང༌། རང་རང་གི་སྙིང་རུས་དང་སྦྱར་བའི་ལམ་ལ་འབད་རྩོལ་བྱེད་པའི་ཉིད་ས་ཆོད་ཆེ་བ་ཡིན་ནོ། །དེ་ལ་ལ་བཟླའི་གྲུབ་མཐའ་གཞི་དངོས་པོའི་གནས་ལུགས་འཁོར་འདས་སྣང་སྲིད་ཡོད་མེད་རྟག་ཆད་ཀྱི་མཐའ་ལ་མི་གནས། དེ་རྒྱུ་རྐྱེན་གང་གིས་ཀྱང་མ་བསྐྱེད་པས་རྣམ་པར་ཐར་པའི་སྒོ་གསུམ་དུ་རང་ཤར། ཤེས་བྱའི་གཤིས་གྲུབ་མཐར་བཟང་གོས་མ་བསླབ། ལྟ་བ་ངན་པས་མ་བསྒྲིབས་པར་རང་བཞིན་གྱི་གཉུགས་མར་དག་པའི་ངང་སྒོམ་དུ་ལ་བཟློས་པས། ཡེངས་པ་དང་ཡེངས་མཁན་མིད་དོ། །དེ་ལ་རང་གྲོལ་གྱི་འཐད་པ་གསུམ་གཞག་པར་བྱ་སྟེ། གདོད་ནས་གྲོལ་བ་ཐེག་པ་འོག་མའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཉེར་ལེན་ལ་ལྟོས་ནས་ནམ་ཞིག་གྲོལ་བའི་ཡིད་སྨོན་ལ་རག་མ་ལུས། རང་གིས་གྲོལ་བ་སེམས་ཅན་གྱི་ཁམས་བདེ་གཤེགས་


JLAZ007_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་རང་བཞིན་གློ་བུར་གྱི་དྲི་མ་ཅན། བླ་མའི་གདམས་ངག་གིས་མ་ཟིན་པས་ཉོན་མོངས་པ་དང་འདྲེས་ཤིང༌། འཁྲུལ་པ་ཆོས་ཉིད་དུ་གནས་མ་འགྱུར་བའི་མུ་ལའང་མ་ཐུག །ངོ་བོས་གྲོལ་བ་རང་ངོ་གདོད་ནས་འཁོར་བར་འཁྱམས་མ་མྱོང་བའི་བཞུགས་ཚུལ་གཤིས་ཐོག་ཏུ་ཕེབས་པ་བྱ་བྲལ་ཀློང་ཆེན་གྱི་ངང་དུ་གྲོལ་བ་ནི་ཁྱུང་སྒོ་ངའི་ནང་ནས་གཤོག་རུ་རྒྱས་པ་དང་འདྲ་སྟེ། རྩལ་གསུམ་ལུས་ལ་རྫོགས་པས་སྒོང་ཤུན་ས་ལ་ལྷུང་བ་ནམ་འཕང་གཅོད་པ་དུས་མཉམ་པ་འདབ་ཆགས་གཞན་ལ་མི་རིགས་ཁྱུང་ལ་རིགས་པའི་དཔེས་རིག་པ་གཞན་ལ་མི་རིགས་རྫོགས་ཆེན་ལ་རིགས་པས་ས་ལམ་གྱི་དྲོད་རྟགས་ལ་མ་ལྟོས་པའོ། །དེ་སྐད་དུ་རྩལ་ཆེན་ལས། སེམས་ཅན་སངས་རྒྱས་གཉིས་མེད་དེ། །ལམ་གྱིས་བཅོས་སུ་ག་ལ་ཡོད༌། །ཅེས་སོ། གྲུབ་པའི་མཐའ་འདི་ནི་རྫོགས་པ་ཆེན་པོའི་ཁྱད་པར་གྱི་གསང་བ་སྟེ། ཡིད་དཔྱོད་འཛིན་པའི་བློར་ཆུད་པའང་དཀའ་ལ། ལམ་འདི་ལ་ཞུགས་པར་རློམ་པ་རྣམས་ཀྱིས་ཀྱང་རྟོགས་པར་དཀའ་བའི་གནས་སོ། །རྒྱུ་གང་གིས་ན་དངོས་བསྟན་མཚུངས་པ་དེ་བཞིན་གཤེགས་པའི་སྙིང་པོ་དང༌། རྒྱན་སྟུག་པོ་བཀོད་པ་དང༌། མྱང་འདས་ལ་སོགས་འཁོར་ལོ་ཐ་མ། སམྦྷུ་ཊི་དང༌། ཧེ་བཛྲ། སྡོམ་འབྱུང༌། བཤད་རྒྱུད་རྡོར་


JLAZ007_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་ལ་སོགས་པའི་རྒྱུད་སྡེའི་དོན་རྣམས་ལང་ཀར་གཤེགས་པ་ལ་གོ་བ་གཞན་དུ་བླངས་ནས་དེ་དག་དགོངས་ཏེ་གསུངས་པ་ཡིན་ནོ་ཟེར་ཞིང༌། སེམས་ཅན་གྱི་རྒྱུད་ལ་གློ་བུར་གྱི་དྲི་མ་དང་ལྷན་ཅིག་པའི་ཁམས་བདེ་གཤེགས་སྙིང་པོ་དང༌། རྟོགས་བྱ་སྙིང་པོའི་ཡེ་ཤེས་སུ་བསྟན་པ་ཆ་མ་ཕྱེད་དོ། །རང་གཞུང་འཛིན་པར་ཁས་འཆེ་བ་ཙམ་པ་འདི་དག་ནི། ལྟ་བ་ལུང་རིག་དང་འབྲེལ་བའི་འཐད་པ་སྤངས་ནས་བླུན་སྒོམ་ལ་ཡིད་བརྟན་བྱེད་ཅིང་རྒྱལ་བའི་དབང་པོ་ཀུན་མཁྱེན་པའི་གྲུབ་མཐའ་ལ་རྨོངས་པ་དེས་སོ། །འདིར་ཀློང་དུ་གྱུར་པའི་ཚེ་ཡེངས་ཡུལ་ཆོས་ཉིད་དུ་ངེས་པའི་འཐད་པ་ལ། རིག་པའི་ཆོས་ཉིད་ལ་འཐད་པ་དང༌། སྣང་བ་ཆོས་ཉིད་ལ་འཐད་པ་གཉིས་ལས་འདིར་དང་པོ་ཡིན་ཏེ། ཆོས་ཅན་འཁྲུལ་ངོ་ལ་མི་གནས་པས་ཡེངས་ཡུལ་ཆོས་ཉིད་དུ་སོང༌། ཆོས་ཉིད་ཆད་ལྟ་ལ་མི་གནས་པས་ཡེངས་ཡུལ་ཆོས་ཉིད་དུ་སོང༌། ཡོད་མེད་གཉིས་ལ་མི་གནས་པས་ཡེངས་ཡུལ་ཆོས་ཉིད་དུ་སོང༌། གཅིག་དང་དུ་མ་ལ་མི་གནས་པས་ཡེངས་ཡུལ་ཆོས་ཉིད་དུ་སོང། གྲུབ་མཐའི་ལྟོས་གཞི་ཟད་པས་ཡེངས་ཡུལ་ཆོས་ཉིད་དུ་སོང༌། ལྟ་སྒོམ་གྱི་ཕྱོགས་རིས་དག་པས་ཡེངས་ཡུལ་ཆོས་ཉིད་དུ་སོང། འཁྲུལ་གཞི་ཐམས་ཅད་དང་བྲལ་བས་ཡེངས་ཡུལ་ཆོས་ཉིད་དུ་སོང༌། རྒྱུན་ཆགས་


JLAZ007_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་རིག་པ་ལ་ཡེངས་ཡུལ་ཆོས་ཉིད་དུ་སོང༌། སྙམ་བྱེད་ཀྱི་ཤེས་པ་དག་པས་ཡེངས་ཡུལ་ཆོས་ཉིད་དུ་སོང༌། ཡེངས་པའི་གཞི་རྩ་མེད་པས་ཡེངས་ཡུལ་ཆོས་ཉིད་དུ་སོང༌། མཁའ་ལྟར་ཕྱལ་བར་ཡས་པས་ཡེངས་ཡུལ་ཆོས་ཉིད་དུ་སོང༌། ཉིན་དང་མཚན་མོ་མེད་པས་ཡེངས་ཡུལ་ཆོས་ཉིད་དུ་སོང༌། སྒོམ་དང་མི་སྒོམ་དག་པས་ཡེངས་ཡུལ་ཆོས་ཉིད་དུ་སོང༌། ཤེས་བྱ་རང་རྒྱུད་པ་མེད་པས་ཡེངས་ཡུལ་ཆོས་ཉིད་དུ་སོང༌། དེ་ལྟར་ཆོས་ཉིད་ཟད་པའི་ཡེ་ཤེས་ནི་མཚོན་བརྗོད་ལས་འདས་པས་སངས་ལ་རྒྱ་ས་མེད་པས་སངས་རྒྱས་ལ་རེ་བ་མེད། འཁོར་བར་འཁྱམ་ས་མེད་པས་སེམས་ཅན་ལ་དོགས་པ་སྤངས། བལྟས་པས་ཕྱོགས་རེ་ལས་མ་མཐོང་ལྟ་སྒོམ་ལས་སུ་ཆེ། གོ་བས་ཡིད་དཔྱོད་དུ་ཚུད་པས་སྙམ་བྱེད་ས་ལམ་དུ་མ་སོང༌། རྟོགས་པས་བོགས་མ་ཐོན་ཏེ་རིག་པ་ཡེ་ཡིན་ལ་འཁྱོལ། རྒྱུ་ལ་འབྲས་བུ་རྫོགས་པས་སྐྱོན་དང་ཡོན་ཏན་མེད། རྒྱུ་འབྲས་མཐོ་དམན་མཉམ་པས་བདེ་སྡུག་ཆོས་ཉིད་དུ་རྫོགས། སྐྱེ་འགག་གཉིས་སུ་མེད་པས་ཐིག་ལེ་ཆེན་པོའོ། །ཞེས་གསུངས་པས་དགེ་སློང་མོན་པ་དང༌། ལ་སྟོད་ཆོས་རྗེ་དང༌། ངྷམ་ཀཱིརྟི་དང༌། སྤ་གྲོང་ཀུན་གྲོལ་དང༌། ཁམས་པ་དགེ་སློང་ལ་སོགས་པ་ལམ་སྣ་ཟིན་


JLAZ007_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་ཐམས་ཅད་ཡི་རངས་ཏེ་རྫོགས་པ་ཆེན་པོས་གསུངས་པ་ལ་མངོན་པར་བསྟོད་དོ། །དྲན་པའི་གཏམ་ཡོན་ཏན་རྒྱ་མཚོ་ཞེས་བྱ་བ་རེ་ཞིག་རྫོགས་སོ། །གཏམ་ཚོགས་ལེའུ་ང་དྲུག་པའོ།། །།


previousགཏམ་ཚོགས་ལེའུ་ང་དྲུག་པ། དྲན་པའི་གཏམ་ཡོན་ཏན་རྒྱ་མཚོ།next