Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ང་བདུན་པ། དྲན་དང་ཤེས་བཞིན་ལས་འཕྲོས་པའི་གཏམ་དོན་རབ་འབྱེད་པའི་ཐུར་མ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ང་བདུན་པ། དྲན་དང་ཤེས་བཞིན་ལས་འཕྲོས་པའི་གཏམ་དོན་རབ་འབྱེད་པའི་ཐུར་མ།next

གཏམ་ཚོགས་ལེའུ་ང་བདུན་པ། དྲན་དང་ཤེས་བཞིན་ལས་འཕྲོས་པའི་གཏམ་དོན་རབ་འབྱེད་པའི་ཐུར་མ།


JLAZ007_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་དང་ཤེས་བཞིན་ལས་འཕྲོས་པའི་གཏམ་དོན་རབ་འབྱེད་པའི་ཐུར་མ་ཞེས་བྱ་བ། ༈ རྟག་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དགོན་རྩེ་སྤྲུལ་རིན་པོ་ཆེ་ནས་སྒོམ་ཕྱོགས་གཙོ་བོར་གྱུར་བའི་དྲི་བ་ཐ་དད་པའི་ལན་གཅིག་ཏུ་བསྡོམས་པ་ནི། དྲན་པ་འཇུར་དྲན་གྱི་སྐོར། ང་མ་ཡེངས་པ་བྱེད་དགོས་སྙམ་པའི་རྒྱུན་ལ་བལྟ་བ་དང༌། དེ་བཞིན་དུ་ད་ལྟ་ནི་དྲན་རྒྱུན་འདུག་གོ །མ་ཡེངས་པ་ཉིད་དོ་སྙམ་བྱེད་ཀྱི་ཤེས་པ་ལ་སྒོམ་གྱི་ངོ་བོ་བྱ་དགོས་པ་ལ་ཟེར། ཅིག་ཆར་བའི་རིགས་ཅན་ཡིན་ན་མ་གཏོགས། གཞན་ཐོག་མར་ཞི་གནས་འཚོ་ལ་ཐབས་འདི་ཀ་བྱེད་དགོས་པ་མང༌། དེའི་སྐྱོན་སེལ་ལ། མ་ཡེངས་ཙམ་པའི་ངང་ནས་གྲིམ་ཆ་དེ་གློད་གང་ཐུབ་རང་བྱེད་དགོས་པས། ཧྲིག་གིས་བསྒྲིམས་ལ་ལྷོད་ཀྱིས་གློད་ཟེར་བ་ལྟར་ཡིན་ཞིང༌། འདི་རྫོགས་ཆེན་པའི་དྲན་པ་སྒོམ་གྱི་ངོ་བོར་སོང་བ་དང་ནི་མི་གཅིག་གོ །ཡང་ཆགས་སྡང་ཤུགས་དྲག་པོ་སྐྱེ་དུས་དེའི་ངོ་བོ་ལ་བལྟས་པས་དེ་མ་ཐག་ཡལ་དཀའ་བ་ནི། སྤང་བྱའི་ཆགས་སྡང་ལ་ཚེ་རབས་སུ་གོམས་ཆེས། གཉེན་པོའི་དྲན་པ་ནི་ད་ལྟ་རེས་འགའ་


JLAZ007_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མ་ཟད་འདུ་བྱེད་ཀྱི་དྲན་པ་ལ་སོང་གཤིས། སྤང་གཉེན་ཤེད་མ་སྙོམས་པས་རེ་ཞིག་དེ་ཀ་ལས་མི་འོང་ཞིང༌། དེས་རྣམ་རྟོག་ཆེད་དུ་བཀག་པའི་སྐྱོན་དུ་ཡང་མི་འགྱུར་ལ་དེ་ལ་དགོས་པ་མེད་པ་ཡང་མ་ཡིན་ཏེ། ཡི་གེ་དང་བྲིས་འབུར་ལ་སོགས་པ་བཟོ་གནས་སློབ་དུས་དང་པོར་གྱ་དོད་ཚད་ལས་མི་དོད་ཀྱང༌། དེ་ཀ་ལ་ནན་ཏུར་བསྐྱེད་ན་རིམ་པས་བཟོ་དོད་པ་དང་འདྲ་བས། སྒོམ་པ་མ་ཡིན་གོམས་པ་ཡིན། །གོམས་པ་ཀློང་དུ་གྱུར་པ་ཡིན། །ཟེར་བ་འདི་བདེན། རྣམ་རྟོག་རང་ཤར་རང་གྲོལ་དུ་སོང་དུས་སྤང་གཉེན་རོ་གཅིག་ཏུ་འགྲོ་བས། ཆགས་སྡང་གི་རྣམ་རྟོག་ཀྱང་གདོད་ནས་རང་བཞིན་མེད་པར་འཆར་བ་ཡིན་ཏེ། དེ་འདྲ་ལས་དང་པོའི་རིང་མི་འབྱུང༌། དེས་ན་འགྱུ་བ་ཚོར་དུས་རྣམ་རྟོག་དེས་དྲན་པའི་གདོང་མ་བཟོད་ཅིང༌། ཕྱལ་ལེ། སང་ངེར་དེངས་འགྲོ་བ་དེ་དྲན་རྒྱུན་བརྟེན་ལུགས་ཀྱི་གནད་མ་འཁྲུལ་བ་ཡིན། ཆགས་སྡང་རང་ངོ་མ་ནུབ་ཀྱང༌། །དེ་ལ་ཐ་མལ་སྐྱེ་བོ་ལྟར། །གཟུང་འཛིན་འབའ་ཞིག་མ་ཡིན་པར། །བདག་མེད་སྟོང་པ་གསོག་ཉིད་དུ། །སོང་ན་རེ་ཞིག་དེ་ཀས་ཆོག །རྫོགས་ཆེན་གྱིས་ཁྱད་ཆོས་དྲན་པ་དང་རང་སྒོམ་གྱི་ངོ་བོར་རྫོགས་ཟེར་བ་དེ་དྲན་པ་སྐད་ཅིག་མའི་རྒྱུན་ལ་གྲིམ་ལྷོད་དང་བཅོས་བསླད་སྤང་གཉེན་གང་ཡང་མི་


JLAZ007_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས་རང་བབས་ཀྱི་རྒྱུན་སྐྱོང་བ་ལ་ཟེར་བ་ཡིན། ཡང་དྲན་པ་དང་ཤེས་བཞིན་ཟེར་བ་རྒྱུ་འབྲས་ལྟར་འབྱུང་བ་ཇི་ལྟར་དབྱེ་ནི། སྤྱིར་དྲན་པ་དང་ཤེས་བཞིན་ཟེར་བ་འདི་སྒོམ་ཡིག་ཐམས་ཅད་དུ་གླེང་བ་མང་སྟེ། འདིའི་དྲན་པ་ནི་འདུ་བྱེད་ཀྱི་དྲན་པ་ལ་འཇུག་པ་ཁོ་བོས་གོ་སྟེ། འདི་ལྟར་སོ་བྱང་སྔགས་གསུམ་གྱི་བསླབ་སྡོམ་དང༌། བསྐྱེད་རིམ་གྱི་དག་དྲན་སོགས་དྲན་གཞིར་བྱས་ནས། དེའི་ངང་མ་ཉམས་པ་ཤེས་བཞིན་དུ་གདགས་པའི་ཕྱིར་དང༌། དེ་བཞིན་དུ་ཡིད་དཔྱོད་ཀྱི་ལྟ་བ་སྤྲོས་བྲལ་གྱི་གོ་ཡུལ་དྲན་པར་བྱས་ནས། དེའི་རྒྱུན་ཤེས་བཞིན་གྱིས་བསྐྱང་བ་ནི་རྒྱུ་འབྲས་སྔ་ཕྱི་ལྟ་བུར་ཡོད་ལ། དེ་སྐད་དུ་སྤྱོད་འཇུག་ལས། གང་ཚེ་དྲན་པ་ཡིད་སྒོ་ནས། །བསྲུང་བའི་དོན་དུ་གནས་གྱུར་པ། །དེ་ཚེ་ཤེས་བཞིན་འོང་འགྱུར་ཞིང༌། །སོང་བ་དག་ཀྱང་འོང་བར་འགྱུར། །ཞེས་པ་ལྟར་རོ། །རྫོགས་པ་ཆེན་པོ་ནི་ལྟ་སྒོམ་རོ་གཅིག་པས། ལྟ་བའི་དྲན་པ་དང༌། སྒོམ་པའི་ཤེས་བཞིན་ཆ་གཉིས་སུ་མི་སྐྱོང་བར་དྲན་པ་དེ་ཀ་མཉམ་གཞག་གི་ངོ་བོར་རྫོགས་པས་ཤེས་བཞིན་དེ་ཤེས་བྱའི་སྒྲིབ་པར་མཐོང་བས་རྒྱུ་འབྲས་སྔ་ཕྱི་མེད་པར་སྣང་ངོ༌། །དེའི་རྒྱུ་མཚན། དྲན་པ་ཡོད་ན་དེ་ལས་ལྷག་པའི་ཤེས་བཞིན་བློའི་དྲི་མ། དྲན་པ་མེད་ན་ཤེས་བྱ་མེད་པའི་ཤེས་བྱེད་དེ་ཡ་ཆ། དེ་སྐད་དུ་སྔ་མ་ལས། ཤེས་བཞིན་མེད་པའི་ཆོམ་རྐུན་དག །དྲན་པ་ཉམས་པའི་རྗེས་འབྲང་བས། །ཞེས་པས་གསལ་ལོ། །དེ་ལྟ་མོད་ཀྱི་


JLAZ007_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་ཇི་བཞིན་མ་རྟོགས་ཀྱི་རིང་ལ་སྟོང་འཛིན་གྱི་དྲན་པ་དང༌། དེ་ཀ་རྒྱུན་མ་ཉམས་པར་ཡོད་དོ་སྙམ་པ་ཤེས་བཞིན་དུ་འདོགས་པ་ཡིད་དཔྱོད་ཀྱི་ལྟ་སྒོམ་སྟེ། ཀུན་ཏུ་འགྲོ་བའི་བཞི་དང༌། གཞན་འགྱུར་གྱི་གཉིས་ཏེ་སེམས་བྱུང་གི་བློ་དང་མ་བྲལ་བའི་ཕྱིར་རོ། །གལ་ཏེ་ཤེས་བཞིན་དྲན་པའི་འབྲས་བུར་འདོད་ན། ངེས་དོན་ལ་མཉམ་པར་འཇོག་པའི་ཚེ་དྲན་པ་དེ་ཤེས་བྱ་དང་ཤེས་བཞིན་དེ་ཤེས་བྱེད་དུ་འགྲོ་བའི་ཉམས་ལེན་ཆ་གཉིས་ཀྱི་སྒྲིབ་པ་སྤོང་མི་ནུས། འོན་ཀྱང་ངེས་དོན་གྱི་གཟུགས་བརྙན་འདུ་བྱེད་ཀྱི་དྲན་པ་ཅན་ལ་ནི་དེ་ལྟར་རུང་སྟེ། བལྟ་བྱའི་དྲན་པ་དང༌། ལྟ་བྱེད་ཀྱི་ཤེས་བཞིན་བློ་རྫས་གཉིས་པར་སྣང་བའི་ཕྱིར་རོ། །དེ་སྐད་དུ་སྔ་མ་ལས་ཤེས་བཞིན་མེད་པའི་སེམས་ལྡན་པའི། །ཐོས་དང་བསམ་དང་སྒོམ་པ་ཡང༌། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཞེས་ཐོས་བསམ་སྒོམ་གསུམ་པོ་དྲན་གཞིར་བཞག་པའི་ཕྱིར་རོ། །ཡང་དྲན་པའི་རྒྱུན་ཡོད་ཀྱང༌། དེ་ཉིད་གནས་འགྱུའི་ཆ་གཉིས་སུ་ཤར་དུས་དེ་ལའང་སྤུ་རིས་དབྱེ་རྒྱུ་དང་བཟང་ངན་གྱི་དབྱེ་བསལ་ལ་འདུག་ཚུལ་ནི། རང་བབས་ཆོས་ཉིད་ཀྱི་དྲན་པ་ལ་རྟོག་གེའི་དཔྱད་བཟོད་ཀྱི་བློ་ཞུགས་པས་སྤུ་རིས་དང་བཟང་ངན་གྱི་དབྱེ་བསལ་དོད་པ་སྟེ། ཆོས་ཉིད་རང་བཞིན་གྱི་དྲན་པས་གོ་མ་ཆོད་པར་ཡེངས་མ་ཡེངས་རྣམ་རྟོག་ཤར་མ་ཤར་ལ་ངོས་གཟུང་བར་འདུག །


JLAZ007_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་ཤར་ཚད་ཡེངས་པ་ཡིན་ན། ཡེངས་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིན་པས། དེའི་ཚེ་རྗེས་སུ་མི་འབྲང་བའི་རང་དབང་ག་ལ་ཡོད། དེའི་ཕྱིར་མ་ཡེངས་ཙམ་པ་ནི་དྲན་པའི་ངོ་བོ། དྲན་པ་དེ་ཀའི་ངང་ནས་རྣམ་རྟོག་ཤར་ན། རྣམ་རྟོག་དེ་རྩལ་སྣང་གློ་བུར་བ་ཡིན་པས་དྲན་པའི་གདོང་མི་བཟོད་པར་རང་ཤུགས་ཀྱིས་དེངས་འགྲོ། དེ་ལྟར་དེངས་པ་དེ་དྲན་པ་གསར་པ་ཞིག་གི་ནུས་པ་མིན་པས་དྲན་པ་གཅིག་ལ་བཟང་ངན་གཉིས་མི་ཡོང༌། འོན་ཀྱང་རྣམ་གྲངས་པའི་དོན་དམ་ཅན་ལ་མ་ཡེངས་ཙམ་པའི་རྟོག་མེད་དེ་ཞི་གནས། དེ་ལས་བློའི་དཔྱད་བཟོད་ཀྱིས་སྒོམ་པ་ལྷག་མཐོང༌། རྟོག་པ་ཤར་ཚད་ཡེངས་པར་ངོས་འཛིན་པས་སྒོམ་གྱི་མུ་གེ་ལྡང༌། ཞི་གནས་མི་གཡོ་ལྷག་མཐོང་ཉ་ལྟར་འཁྱུག །སེམས་གནས་ལྟེམས་པོ་སྤྲོས་བྲལ་དངོས་སུ་འདོད། །ཟེར་བ་དེ་ལགས། བོད་འདིར་མཉམ་གཞག་ལ་སེམས་བྱུང་བསྲེས་པའི་རྣམ་གཡེང་གིས་བསམ་གཏན་དཀྲོགས་པ་དག་དེ་འདྲ་དབུ་མ་ཆེན་པོའི་དགོངས་པ་བླ་ན་མེད་དུ་འདོད་ཀྱང་རྟོགས་པའི་རང་ངོ་ནས་གཞལ་ན་མཉམ་གཞག་བྱ་བའི་ལས་སུ་སོང༌། ལྷག་མཐོང་ཡིད་བྱེད་ཀྱི་ཆོས་སུ་སོང་བའི་བྱ་བྱེད་གཉིས་ཆོས་དེས་སྒྲིབ་གཉིས་སྤོང་མི་ནུས་ཏེ། བཤགས་རྒྱུད་ལས། བྱ་བ་བྱེད་དང་ཡིད་ཆོས་


JLAZ007_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག །ཅེས་པའི་དོན་དང་འགལ་བའི་ཕྱིར་རོ། །འོན་ཀྱང་དོན་རབ་འབྱེད་པའི་བསམ་གཏན་གྱི་ངོ་བོ་ཡིན་པས། ཚོགས་ལམ་གྱི་དྲན་པ་ཉེར་གཞག་དང༌། སྦྱོར་ལམ་གྱི་དྲན་པའི་དབང་པོ་ཐོབ་པའི་རྒྱུ་ནི་བྱེད་པས་མཐོང་ལམ་གྱི་ལམ་སྟེགས་ཙམ་མོ། །འདིར་རང་བཞིན་རྫོགས་པ་ཆེན་པོ་ནི་འཕགས་པའི་ལམ་དེ་བཞིན་གཤེགས་དགེ་བའི་བསམ་གཏན་ཡིད་པས། ཆོས་ཉིད་ཀྱི་དྲན་པ་བློ་འདས་ཆེན་པོ་ལ་རྟོག་དཔྱོད་ཀྱི་ཤེས་བྱའི་བསླད་མི་འཇུག །ཡེ་གྲོལ་ལ་ཡང་གྲོལ་མི་སྒོམ། སོ་མ། ངང་གཞག །རང་བངས། མ་བཅོས། མ་བསླད་པ་ལ་ཐ་མལ་གྱི་ཤེས་པ་ཟེར། འོན་ཀྱང་དེ་མིང་ལོད་གྲགས་པས་དེ་བཞིན་ཉིད་དང༌། སྤྲོས་བྲལ་དང༌། ངོ་བོ་ཉིད་མེད་པ་དང༌། ཆོས་ཀྱི་དབྱིངས་ལ་སོགས་པའི་ཆོས་སྐད་གྱ་ནོམ་པ་འདམས་ནས། བདེན་པ་གཉིས་ཤ་བའི་རྭ་ཅོ་ལྟར་བཅོས། གོ་མྱོང་རྟོགས་པར་འཁྲུལ་ནས་ལམ་བདེན་སྤངས་པའི་རྒྱུད་ལུང་ཟབ་མོ་རྣམས་དང༌། དོ་ཧ་མཛོད་ལ་སོགས་པའི་གསང་ཚིག་ལ་ཧྭ་ཤང་གི་ལྟ་བ་ཞེས་སྒྲོག་པ་དེ་ཡ་ཆ། ད་དྲན་པ་ཞེས་པའི་ཆོས་སྐད་གླེན་སྒོམ་གཏི་མུག་ཅན་ཡན་ཆད་ཀྱི་ཁ་ནས་དོན་ཀྱང༌། རང་ངོ་ཤེས་པའི་དྲན་པ། དེ་ལས་མི་འདའ་བའི་དྲན་པ། རང་བཞིན་མེད་པའི་དྲན་པ་


JLAZ007_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས། དང་པོ་གཉིས་ནི་དེ་ལ་དེར་འཛིན་གྱི་ཤེས་སྒྲིབ་ཅན་ཡིན་པ་དེ་སྤང་བའི་ཐབས་སུ། མོས་གུས་དང་སྙིང་རྗེ་ལ་སོགས་རྒྱུ་བསོད་ནམས་ཀྱི་ཚོགས་ལ་འབད། ཕྱི་མ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་པས་དེ་རྫོགས་པའི་ཐབས་སུ་མི་སྒོམ། མི་འཁྲུལ་བའི་ངང་དངས་བྱང་ཆུབ་སྙིང་པོར་འགྲོགས་དགོས་ཏེ། རྒྱུད་ལས། ཇི་སྲིད་ས་བརྒྱད་མ་ནོན་པར། །དེ་སྲིད་ཐེག་པ་དམན་པས་འཇིགས། །གསུངས་ན། སྔགས་ཀྱི་ལམ་ནི་འབྲས་བུ་ལྷུར་བྱེད་པས་དོན་ཟབ་ཀྱང་གནས་སྐབསཀྱི་ཐབས་ལམ་བྱུང་བའི་ཡེ་ཤེས་ཅིག་ཅར་བ་ཡིན་པས་འཕེལ་འགྲིབ་ཆེ་ཞིང༌། དྲོད་མི་བརྟན་པའི་ཚུལ། དབང་གསུམ་པའི་དཔེའི་ཡེ་ཤེས་ཀྱིས་མཚོན་ལ། ཁྱད་པར་རླུང་སེམས་ཀྱི་རིག་པ་སྤུར་བས་ཉམས་རྟོགས་གཉིས་ཀའི་ཆར་འཕེལ་འགྲིབ་རེས་འཇོག་ཅན་ཇི་ལྟ་བུ་ཤར་ཡང༌། སྟོང་འཛིན་དང༌། བློའི་དཔྱད་བཟོད་ཡིད་ལ་མི་བྱེད་པའི་ཡང་དག་གི་དྲན་པ་ཀློང་ཡངས། དཀྱིལ་ཆེ། རང་བཞིན་གྱིས་མ་གྲུབ་པའི་ངང་དུ་འགྱུར་དྲན་དང༌། ཆགས་སྡང་གི་རྣམ་རྟོག་ཆུ་ལ་རལ་གྲི་བསྣུན་པ་ལྟར་དེངས་པ་ཞིག་བྱུང་བའི་ཚེ་བློའི་སྤྲོས་པ་ཞིག་པ་ཡིན་ཏེ་སྤྱོད་འཇུག་ལས། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་སོ། དེ་ལྟར་ཞིག་པ་ལ་སྒོམ་ཡུན་


JLAZ007_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

བསྲིང་དགོས། ལར་ཕར་ཕྱིན་ཐེག་པ་ནས། སྒོ་ལྔའི་རྣམ་ཤེས་ཡེ་ཤེས་སུ་གནས་འགྱུར་པས་ལམ་མཐོན་པོའི་གནས་སྐབས་སུ་གསུང་ན། ལམ་རེས་འཇོག་ཏུ་སྒོམ་པའི་གང་ཟག་རྣམས་ནི། ཕུང་པོ་ལྔ་དང་རྣམ་ཤེས་ཚོགས་བརྒྱད་ཀྱི་གཞན་དབང་ཅན་ཡིན་པས་སྔགས་ཀྱི་ཐབས་ལམ་ལས་བྱུང་བའི་ལྟ་སྒོམ་ཟབ་མོའི་གནད་ཀྱི་རེས་འགའ་ཉམས་རྟོགས་ཅིག་ཅར་དུ་སྐྱེས་ནས་ལམ་བདེན་ཀུན་རྫོབ་ཏུ་ཤར་བའི་ཚེ་སོ་སོར་རང་རིག་པའི་ཤེས་རབ་ཀྱི་སྣང་བ་ཁྱད་པར་ཅན་དང༌། རེས་འགའ་ཡུལ་རྐྱེན་དང་རླུང་སེམས་ཀྱིས་བསླབ་པས་རྟོགས་པའི་དེ་ཉིད་ལ་བསྒྲིབས་ཏེ་ཆགས་སྡང་རྨོངས་གསུམ་གྱི་སྣང་ཤར་དགག་མི་བཟོད་པ་འཆར་ཞིང༌། དེའི་ཚེ་བླ་མ་དམ་པས་མ་ཟིན་ཅིང་སོ་བྱང་སྔགས་གསུམ་གྱི་བླང་འདས་དང་ཆོས་ཉིད་མི་ཤེས་བཞིན་དུ་སེམས་ངོ་འཕྲོད་དོ་སྙམ་ནས་གཟུང་དྲན་ཧད་པོ་ནག་ཡོར་བ་ཞིག་ལ་སྒོམ་དུ་བཟུང་ནས་ཉོན་མོངས་པ་བྱུང་རྒྱལ་དུ་སྤྱོད་པའི་བླུན་སྒོམ་ཕལ་མོ་ཆེ་ནི་ངན་སོང་དུ་འགྲོ། ཡང་ཐོས་པ་མང་པོ་དང་ལྡན་ཡང་རྒྱུ་འབྲས་དག་གྲོལ་ལ་ཞེན་པའི་གང་ཟག་ལ་ལ་ནི་སྟོང་ཉིད་གཉེན་པོའི་དབང་དུ་ཤོར་ནས་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལྟ་སྤྱོད་ལ་འགལ་བ་འདུ་བའི་རྟོག་དཔྱོད་རྣོན་པོས་རང་བྱུང་ཡེ་ཤེས་ལ་བསྒྲིབས་པ་


JLAZ007_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དེ། འདི་ལྟར་རྩ་བ་བཞིས་མཚོན་པའི་ཕམ་ལྟུང་དང་བསླབ་བྱའི་གནས་ལ་ཉེས་སྤྱོད་འདི་ལྟ་བུས་གོས་སོ་སྙམ་པ་ནི། སྔགས་ཀྱི་ཐབས་ལམ་ཡིད་མ་ཆེས་སྟོང་ཉིད་ལྟ་བས་ཀུན་རྫོབ་ཟིལ་གྱིས་མ་ནོན་པ་ཡིན་ནོ། །འོན་ཀྱང་རྗེས་ཐོབ་ཀྱི་ཆ་ལ་གཞག་གནོད་གཞི་བཅས་པའང་ཅང་མི་སེམས་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་འཇིག་པའི་རྒྱུར་འདུག་ལ་བླང་འདས་གཞན་རྣམས་ལ་ཉེས་བྱས་སུ་དོགས་ན་དགེ་སྡིག་རྣམ་རྟོག་གི་གཟུགས་བརྙན་དུ་འདུག་པས་རྣམ་རྟོག་མ་ཟད་པར་དུ་ལས་ཀྱང་དེ་རྗེས་སུ་འབྲང་བས་ཀུན་རྫོབ་བདེན་པ་མི་འགོག་ཕྱིར་སྐད་ཅིག་མ་དང་པོར་ལ་འཆབ་སེམས་མེད་པའི་བཤགས་སྡོམ་ནི་བྱར་རུང་སྟེ། བླ་མ་ལྷ་རྗེ་རིན་པོ་ཆེའི་དུས། སྒོམ་ཉམས་ཅན་ཞིག་གིས་གསུང་རབ་ཀྱི་བསླུས་ཟོས་པས་འགྱོད་པ་ཆེན་པོ་སྐྱེས་ཤིང༌། རྟོགས་པ་ཡང་འགྲིབ་པ་བླ་མ་ལ་ཞུས་པས་གསུང་རབ་དེ་ཀ་བཞེངས་ཤིག་གསུངས། བཞེང་བའི་རྣམ་གཡེང་ལ་སུན་ཞིང་བསམ་གཏན་གྱི་གེགས་སུ་གྱུར་ནས་སེམས་ཉིད་རྟོགས་པ་ལས་ལྷག་པའི་སྒྲིབ་སྦྱོང་མེད་པ་འདྲ་ཞུས་པས། འོ་ཁྱོད་ཀྱིས་གོ་འདུག་པ་ཡིན་པ་རང་དེ་ཀ་ཡིན་གསུངས་པས་བཞེང་འཕྲོ་བཞག་པ་ཡིན། སྐད་ཅིག་མ་གཉིས་པར་སྔ་མའི་རྒྱུན་ལ་མི་འཇུག་པར་ཤེས་པ་སོ་མའི་སྟེང་དུ་བཞག་པས་འདི་ལྟར་ཉན་


JLAZ007_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཀྱི་སྡོམ་པ་ནི་ལུས་ངག་ལས་སྐྱེས་པའི་སྡོམ་པ་གཟུགས་ཅན་ཡིན་པས་སྟོང་པ་ཉིད་ཀྱི་ངང་དུ་དེའི་གཟུགས་མེད། ཉམས་སོ་སྙམ་བྱེད་ནི་ཚོར་བའི་ཕུང་པོ་ཡིན་ན་ཆོས་ཉིད་ཀྱི་གཤིས་ལ་དེ་མ་གྲུབ། སྲུང་ཉམས་ལ་བདེན་པར་ཞེན་པ་འདུ་ཤེས་ཀྱི་ཕུང་པོ་ཉིད་ན་སོ་སོ་རང་རིག་དང་རྫས་འགལ། དེས་ཕྱིན་ཆད་ཀྱི་ལས་ཉེ་བར་ལེན་པའི་འདུ་བྱེད་འགག །སོ་སོ་རང་རིག་གི་ཡེ་ཤེས་ལ་རྣམ་པར་ཤེས་པ་མི་གནས་པས། སྲུང་ཉམས་བློའི་རི་མོ་ཡིན་པའི་ཚུལ་སྡུད་པ་ལས། སེམས་ཅན་འདི་དག་ཁྲིམས་ལྡན་འདི་དག་ཁྲིམས་འཆལ་ཞེས། །སྣ་ཚོགས་འདུ་ཤེས་ཞུགས་པ་ཤིན་ཏུ་ཚུལ་ཁྲིམས་འཚལ། །ཚུལ་ཁྲིམས་ཉམས་ཞིང་དེ་ལ་ཡོངས་དག་ཚུལ་ཁྲིམས་མེད། །གང་ལ་བདག་གི་འདུ་ཤེས་སེམས་ཅན་འདུ་ཤེས་མེད། །འདུ་ཤེས་འདོད་ཆགས་བྲལ་ལ་སྡོམ་མིན་ག་ལ་ཡོད། །ཅེས་པའི་དོན་ལ་མཉམ་པར་འཇོག །དེས་ནི་སྔོན་ཆད་ཆོས་ཉིད་ཀྱི་བདེན་པ་མ་མཐོང༌། སྔགས་ཀྱི་ཐབས་ལམ་ཟབ་མོ་ལྷོངས་སུ་མ་གྱུར། མདོ་སྔགས་ཀྱི་དགོངས་པ་ནང་མི་འགལ་བ་མ་རྟོགས་པའི་དུས་ཀྱི་ཉེས་བྱས་ཐམས་ཅད་ཟིལ་གྱིས་ནོན་པར་འགྱུར་ཏེ། ཉིན་བཞིན་བྲམ་ཟེ་གསོད་པ་དང༌། །མཚམས་མེད་ལྔ་ནི་བྱེད་པ་སོགས། ཞེས་པའི་


JLAZ007_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག སྡིག་པས་གོས་པར་མི་འགྱུར་ཏེ། །ཞེས་པའི་དོན་ལ་འབྱོར་རོ། །འདི་མྱོང་ཐོག་ནས་བཏོན་པའི་གཏམ་ཡིན། བསྟན་བཅོས་མཁན་པོ་རྣམས་ཚིག་ལ་དགག་བསྒྲུབ་བྱེད་པས་དེ་ལྟར་དུ་བཤད་པ་སྔགས་འགྲེལ་རྣམ་མཁྱེན་ཤིང་རྟ་ལ་གསལ། ཡང་ལུང་མ་བསྟན་ནི། དྲན་པ་མེད་པའི་གནས་སྐབས་ཐམས་ཅད་དེ། བཤེས་སྤྲིང་དུ། དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། ཅེས་པ་ལྟར་ཆགས་སྡང་རྨོངས་གསུམ་གྱི་རྣམ་རྟོག་ཁ་རྒྱལ་དུ་སོང༌། སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ལྔ་དང༌། ཕྱི་མ་ཡེ་ཤེས་ཀྱི་ཚོགས་གཉིས་ཀས་སྤོང༌། སེམས་དང་སེམས་བྱུང་ལས་སྐྱེས་པའི་རྣམ་པར་རྟོག་པའི་མཐའ་མི་ཆོད༌། དེ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་པས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་ཡིན། །ཞེས་སོ། །དེ་ལ་སྤང་བསྒྱུར་ལམ་དུ་བྱེད་པའི་གཉེན་པོ་མང་ཡང༌། ནད་བརྒྱ་སྨན་གཅིག་ལྟ་བུ་ནི་དྲན་པའམ་རིག་པ་ཡིན། དེ་གཉིས་ལའང་ངོས་འཛིན་ལུགས་ཐ་དད་པ་ཡོད། འདིའི་དྲན་པ་ནི་ཆོས་ཉིད་ཀྱི་དྲན་པ་ཕུང་པོ་ལྔ་དང་བྲལ་བ་ཡིན། རིག་པ་ནི་རྣམ་ཤེས་མ་ཚོགས་པའི་འདུས་མ་བྱས་སོ་སོ་རང་རིག་གི་ཡེ་ཤེས་ཡིན། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་


JLAZ007_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་མི་མཐོང་ཞིང༌། འདུ་ཤེས་མཐོང་བ་མེད་ལ་སེམས་པ་མི་མཐོང་ཞིང། །གང་ལ་རྣམ་པར་ཤེས་དང་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་པ་ལ་སོགས་པས་བསྟན། དེའི་ཕྱིར་དྲན་རིག་གཉིས་སུ་མེད་པའི་སོ་སོར་རྟོག་པའི་ཤེས་རབ་ངོས་ཟིན་པ་ཙམ་ནས་ལུང་མ་བསྟན་རང་སངས་ལ་འགྲོགས་གཉིད་ལ་སོགས་པའི་ཉོན་མོངས་པ་ལ་བརྟེན་གཞི་མེད། དེའི་ཕྱིར་དྲན་པ་སྟོབས་སུ་གྱུར་པ་ལས་གཏི་མུག་འོད་གསལ་ཆོས་དབྱིངས་ཡེ་ཤེས་སུ་འཆར་བ་སོགས་སྒོམ་ཡུན་བསྲིངས་པ་ལས་འབྱུང་བའོ། །མདོར་ན་སྟོང་པ་ཉིད་ཀྱི་ཕྱོགས་འདིར་གོ་བ་ཕྱོགས་ཙམ་སྐྱེས་པས་ཀྱང་དངོས་འཛིན་འཇིག་པ་ལ་ལྷག་པར་ཕན་ན་མྱོང་བ་སྐྱེས་པ་རྣམས་ལ་ནི་སྨོས་ཅི་དགོས། རྒྱུ་མཚན་དེས་སྔོན་ཆད་རྒྱུ་འབྲས་དག་གྲོལ་དུ་ཞེན་པའི་གྲུབ་མཐའ་ཐམས་ཅད་ལ་ཨ་འཐས་དང་མངོན་ཞེན་ཆུང་ངུ་སོང་ནས་བློ་གུ་ཡངས་ཕྱལ་འགྲོ་བ་ནི་ཆོས་ཉིད་ཡིན་ན། དཀྱིལ་འཁོར་ལ་སོགས་པའི་ཕྲིན་ལས་རབ་འབྱམས་སོགས་ལམ་བདེན་འདུས་བྱས་ལ་གཙོ་བོར་བརྟེན་པའི་ཕྱོགས་ཐམས་ཅད་ལ་མངོན་ཞེན་ཆུང་དུ་འགྲོ་བ་ལ་དོགས་ངན་མི་དགོས། ནག་པོ་ཁ་འབྱམས་ནི། རང་རྒྱུད་ལ་གོ་མྱོང་ཅུང་ཟད་


JLAZ007_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་སྐྱེས་བཞིན་དུ་གྲུབ་ཐོབ་ཀྱི་ལད་མོ་བྱེད་པ་དང༌། དེ་དག་གི་ཚིག་རིགས་ཡིད་ལ་བཞག་ནས་ཕོ་ཚོད་ཀྱི་རྒལ་རལ་བྱེད་པ་ལགས་མོད། ལར་ཨོ་རྒྱན་ཆེན་པོས་ངའི་གསང་སྔགས་འདི་ལྟ་བ་གཙོ་ཆེ། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བ་མཛོད། ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་ན་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་ཀྱི་ལྟ་བར་འགྲོ། སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བར་མཛོད། སྤྱོད་པའི་ཕྱོགས་སུ་ལྟ་བ་ཤོར་ན་དངོས་པོ་དང་མཚན་མས་བཅིངས་ཏེ་གྲོལ་བའི་དུས་མ་མཆིས་གསུངས་པ་འདི་གནང་ཤིན་ཏུ་ཟབ་པས་ད་ལྟ་རྐྱེན་མི་ཐུབ་ཅིང༌། རྟོགས་པ་ལ་རེས་འཇོག་ཡོད་དུས་དོན་དམ་གྱི་ཆ་ནས་དེ་དག་ལ་མི་ཞེན། ཀུན་རྫོབ་ཀྱི་ཆ་ནས་འགེགས་ཀྱང་མི་འགེགས་པ་ཡིན། ཡང་ཚོགས་གཉིས་རྫོགས་པའི་འབྲས་བུ་ནི་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཡིན། ཡེ་ཤེས་ཀྱི་ཚོགས་མ་རྫོགས་པར་བསོད་ནམས་ཀྱི་ཚོགས་ག་ལ་རྫོགས། སྤྱོད་འཇུག་ལས་ཀྱང༌། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པས་གསལ་ལོ། །ཡང་གཟུངས་དྲིལ་ལུགས་སྐོར། དབུ་ནས་མར་དང༌། གཤམ་ནས་ཡར་དྲིལ་གྱི་འདོད་ཕྱོགས་གཉིས་ཀ་ལ་ལུང་གིས་རྒྱབ་བརྟེན་ནི་མ་བྱུང་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གཟུངས་འབུལ་དཀར་ཆག་བི་མ་ལ་


JLAZ007_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཅོག་རོའི་འགྱུར་དང༌། ཛེ་ཏྭཱ་རིའི་རྒྱ་གཞུང་ཇོ་བོ་རྗེས་རང་འགྱུར་མཛད་པ་ཤིན་ཏུ་སྒྲོམ་ཆེ་པ་གཉིས་ལ་ནི་གསལ་ཁ་མེད་དེ་སྔ་མ་ལས། དེ་ལྟར་གཟུངས་རྣམས་དྲིལ་ནས་ནི། །དར་དཀར་དག་གམ་རྣམ་ལྔས་གྲིལ། །དར་སྐུད་དག་གིས་སྐེད་པ་བཅིངས། །དབུ་ཞབས་ཀུན་ཏུ་དབུལ་བར་བྱ། །ཞེས་པ་ཙམ་ལས་མ་གསུངས། རིག་པས་བརྟགས་ན་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལྟར་ཞལ་ཕྱིར་བསྟན་གྱི་དབུ་ནས་དྲིལ་བ་དེ་དཔྱད་བཟོད། དེ་ཡང་ཕྲེང་རེ་རེ་ནས་སྔགས་མཇུག་རྫོགས་པ་དང་འཐུད་མཚམས་འགྲིག་པ་སོགས་ལག་ལེན་གཙང་མར་སྣང་ཡང་གླེགས་བམ་བཅུག་ཆོག་པ་འདིས་ནི་དེ་དག་ཀྱང་བླང་དོར་མེད་པའི་གནས་སུ་སོང་མོད། མཆོད་རྟེན་ལ་སྲོག་ཤིང་གཅེས་པ་དང༌། དེ་ལའང་དྲི་མེད་རྣམ་གཉིས་ལ་བརྟེན་ནས་སྲོག་ཤིང་བརྟེན་པའི་ཆོ་ག་སློབ་དཔོན་ཞི་བ་འཚོའི་གཞུང་ལྟར་གྲུབ་ན་ལེགས་མོད། དེ་ཡང་དབུ་མ་ནི་ཆོས་ཉིད་རྣམ་པར་མི་རྟོག་པའི་རྩ་ཡིན་པས་ཡེ་ཤེས་དམ་པའི་བཞུགས་གནས་ཀྱི་རྟེན་འབྲེལ་དུའང་སྲོག་ཤིང་འདི་གཅེས་ལ། སྐུ་ལའང་དངོས་བསྟན་མ་བཤད་ཀྱང་དེའི་རིགས་པ་བསྒྲེས་པ་ལ་འགལ་བ་ཅི་ཡོད། ལམ་བདེན་སྤངས་པའི་སངས་རྒྱས་རྣམས་ལ་རོ་རྐྱང་ནི་དགོས་པ་མེད་པ་འདྲའོ། །ཡང་སྔ་འགྱུར་ཕྱོགས་ལ་ཚོགས་ཀྱི་


JLAZ007_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དང༌། གསར་མའི་ཕྱོགས་ཀྱི་གཏོར་འབུལ་དོན་གཅིག་གམ་གསུང་པ། གཏོར་མའི་མཆོད་པ་ནི་སྔ་འགྱུར་ལའང་ཡོད་ཀྱང༌། དེས་ཚོགས་ཀྱི་གོ་མི་གཅོད། གསར་མའི་ཕྱོགས་ལ་རྒྱ་གར་དུ་བཟའ་བཅའ་བཏུང་བའི་རྫས་ཀྱང་གསེར་སྲང་མང་པོའི་རིན་ཐང་ཅན་ཚོགས་པར་བྱས་ནས་དྲོད་ཐོབ་པའི་རྣལ་འབྱོར་ཕོ་མོ་ལྷ་གྲངས་དང་མཉམ་པ་འདུས་པ་ལ་ཚོགས་ཀྱི་འཁོར་ལོ་གྲགས་པ་ཡིན་ནོ་ཟེར་ཡང༌། ཌོཾ་བི་ཧེ་རུ་ཀའི་ཚོགས་འཁོར་གྱི་ཆོ་ག་ཟེར་བ་ཞིག་མཐོང་བ་ལ་ནི་དེ་འདྲའི་ཐ་སྙད་མི་འདུག །སྔ་འགྱུར་ལ་གཙོ་བོར་གཏེར་མའི་ཕྱོགས་ལ་གྲགས་ཆེ་བའི་ཁུངས་ནི་གཏེར་ཁ་གོང་འོག་ལ་ཐུག་པས་འདི་ཕན་ཡོན་ཆེན་པོ་དང་ལྡན། དེ་ཡང་བྱེད་པ་ཕོ་རྣམས་བརྟུལ་ཞུགས་ཆུང་བས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་རྫས་སུ་བསྡུ་ནུས་པ་དཀའ་ཡང༌། བཱ་ལ་གཙོ་བོར་གྱུར་པའི་བཟའ་བ་རྣམས་ཐབས་ཀྱི་ཆ་དང༌། མ་དཱ་ན་གཙོ་བོར་གྱུར་པའི་བཏུང་བ་རྣམས་ཤེས་རབ་ཀྱི་ཆར་བསྡུས་ནས་ཚོགས་པར་བྱེད་པ་ལ་ཚོགས་ཞེས་བྱ་སྟེ། དེ་ལའང་འཁོར་ལོ་དང་མཆོད་པའི་མིང་གི་ཁྱད་པར་ནི་བྱེད་པ་པོ་ལྟ་སྤྱོད་ཕུན་སུམ་ཚོགས་མིན་དང༌། དངོས་འབྱོར་གྱི་ཡོ་བྱད་རླབས་ཆེ་ཆུང་ལ་བརྟགས་སོ་ཟེར་བ་ལའང་འགལ་བ་མེད་དེ། སངས་རྒྱས་ཀྱི་ཆོས་རྣམ་པ་ཐམས་ཅད་དུ་གསུངས་ཀྱང་སྡེ་སྣོད་ཀྱི་


JLAZ007_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དབྱེ་བ་དང༌། འདུས་པའི་ཁྱད་པར་ལས་འཁོར་ལོ་གསུམ་ཞེས་གྲགས་པས་མཚོན་ནོ། །དེང་སང་སྔ་འགྱུར་གྱི་ཚོགས་ལ་སྤྱོ་བ་བྱེད་པ་དག་ཀྱང་ཟ་འདོད་ལ་མཐུན་པས་རང་གཞུང་ལ་མེད་བཞིན་ཆོག་སྒྲིག་གསར་པ་བྱེད་པར་སྣང་ལ་དོན་དུ་ནི་སྦོམ་པོ་བརྒྱད་ཀྱི་རྣམ་གྲངས་བདེན་ན་ཚོགས་ཀྱི་འཁོར་ལོ་ནི་འདོད་རྒྱལ་དུ་བྱས་པ་མ་ཡིན་པས་སྔགས་ཀྱི་སྦྱོར་སྒྲོལ་གྱི་མཚོད་པ་གཉིས་ཀའི་རྣམ་གཞག་ཚང་ཕྱིར་ཐོག་མཐའ་བར་གསུམ་གྱི་རྣམ་དབྱེས་བསྟན་པ་འདི་ལེགས་པ་ཡིན་ནོ། །དེ་ཙམ་ནི་ཕྱིའི་ཚོགས་ཀྱི་འཁོར་ལོ་ཐུན་མོང་བ་སྟེ། ཐུན་མོང་མ་ཡིན་པ་འདུ་བ་དང་ཉེ་བའི་འདུ་བ་ལ་བརྟེན་ནས། ཡུལ་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་མཉེས་པར་བྱེད་པའི་ནང་དང་གསང་བའི་ཚོགས་ཀྱི་འཁོར་ལོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བཙན་ཐབས་སུ་རྫོགས་པར་བྱེད་པ་ནི་དབང་པོ་རྣོན་པོ་རྒྱུའི་སྟོབས་ཅན་གྱིས་སྤྱོད་ཡུལ་ལོ། །ཡང་ལྷ་བསངས་འདི་ལ་ལྷོ་གཏེར་བྱང་གཏེར་གཉིས་སུ་གྲགས་པའི་ལྷོ་གཏེར་ཀུན་མཁྱེན་ཆེན་པོས་མཆོག་བསྒྲིགས་མཛད་པ་དེ་ངེད་རང་གི་བློ་ལ་ལེགས་པར་མཐོང་ཞིང་དེའང་བཟོ་བཅོས་རེ་མང་སོང་བའི་ཆོག་བསྒྲིགས་གསར་མ་རེ་གཉིས་འདུག་པ་དེ་ལ་དགོས་པ་གང་ཡོད་གསུང་པ་ལྷ་བསངས་རང་


JLAZ007_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

ངོའི་དམིགས་པ་དང༌། མགྲོན་བསྡུ་ལུགས་སོགས་ནི་ཀུན་མཁྱེན་པའི་བདེ་ལེགས་ཀུན་འབྱུང་ལས་ལེགས་པ་འོང་མི་ཤེས་པ་དེ་ཀ་ནས་ཀྱང་དགོངས་འདུག་པ་དང༌། ཆོ་ག་བསྒྲིགས་བསྐྱར་མ་ལ་བདག་བསྐྱེད་བཅུག་པ་དགོས་པའི་ལུགས་སུ་བྱས་འདུག་ཀྱང༌། སྤྱིར་ལྷ་བསངས་ནི་མཆོད་སྦྱིན་ལ་གཙོ་བོར་དམིགས་པ་ཡིན་པས་བདག་བསྐྱེད་དགོས་པའི་ངེས་ཏིག་ཀྱང་མ་མཐོང་ཞིང༌། གལ་ཏེ་འདོད་ནའང་ཀུན་མཁྱེན་རང་གི་གསུང་ཐོར་བུ་ན་བཅུག་ཆོག་མ་ཡོད་པ་དེས་འཐུས་ལ་རྒྱུ་མཚན་དེས་སངས་རྒྱས་གཉིས་པ་ལྟ་བུའི་གཞུང་ལ་བསྒྱུར་བཀོད་བྱེད་པ་ནི་བྱིན་རླབས་ཉམས་པའི་རྒྱུར་འདུག་པས་ད་ལམ་ཀུན་མཁྱེན་ཆེན་པོའི་ཕུད་སྐོང་ལ་བསྡུ་བ་གྱིས་གསུང་ཡང་མཁས་པའི་གཞུང་མ་བཤིག་པར་འདོན་ཚིགས་ཉུང་ངུ་འགྲོ་རྩིས་ཀྱིས་ཕུད་རབས་བརྔན་སྦྱིན་རྒྱ་མཚོ་གསར་བརྩམས་བགྱིས་ཡོད། གཏམ་ཚོགས་ལེའུ་ང་བདུན་པའོ།། །།


previousགཏམ་ཚོགས་ལེའུ་ང་བདུན་པ། དྲན་དང་ཤེས་བཞིན་ལས་འཕྲོས་པའི་གཏམ་དོན་རབ་འབྱེད་པའི་ཐུར་མ།next