Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ང་བརྒྱད་པ། འཕགས་པ་སྟོང་ཕྲག་བརྒྱ་པ་ལས་འཕྲོས་པའི་གཏམ་དེ་ཁོ་ན་ཉིད་ཀྱི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ང་བརྒྱད་པ། འཕགས་པ་སྟོང་ཕྲག་བརྒྱ་པ་ལས་འཕྲོས་པའི་གཏམ་དེ་ཁོ་ན་ཉིད་ཀྱི་མེ་ལོང་།next

གཏམ་ཚོགས་ལེའུ་ང་བརྒྱད་པ། འཕགས་པ་སྟོང་ཕྲག་བརྒྱ་པ་ལས་འཕྲོས་པའི་གཏམ་དེ་ཁོ་ན་ཉིད་ཀྱི་མེ་ལོང་།


JLAZ007_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྟོང་ཕྲག་བརྒྱ་པ་ལས་འཕྲོས་པའི་གཏམ། དེ་ཁོ་ན་ཉིད་ཀྱི་མེ་ལོང་ཞེས་བྱ་བ། འཕགས་པ་སྟོང་ཕྲག་བརྒྱ་པའི་སྙིང་པོ་ལས་འཕྲོས་པའི་གཏམ། དེ་ཁོ་ན་ཉིད་ཀྱི་མེ་ལོང་ཞེས་བྱ་བ། རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །འཕགས་པ་བརྒྱད་སྟོང་པ་ལས། ཅི་ལྟར་སོ་སོར་རྟོག་པ་ན། ཆོས་ཉིད་དེ་ལ་ཆོས་


JLAZ007_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་རང་བཞིན་ཡོད་པ་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་བར་དེ་ལྟར་མི་གཡེངས་པའི་སེམས་ཀྱི་རྒྱུད་ཀྱི་སོ་སོར་རྟོག་པར་བྱ་སྟེ། ཞེས་པའི་དོན་ནི། སྤྱིར་གྲུབ་མཐའ་འོག་མ་དག་ཏུ་འདུ་ཤེས་དང་བཅས་པའི་འདུས་བྱས་ཀྱི་རིག་པ་དང་དཔྱད་བཟོད་པ་དག་ལ་ཡང་སོ་སོར་རྟོག་པའི་སྒྲ་ཙམ་འཇུག་ཀྱང༌། རྣམ་པར་ཐར་པའི་སྒོ་གསུམ་སྟོན་པའི་སྐབས་འདིར་ནི། ཚིག་ལ་རྟོན་ཀྱང་དོན་ལ་མི་རྟོན་པ་རྣམ་པར་རིག་བྱེད་ཀྱི་ཤེས་པའམ། རྟོག་དཔྱོད་དང་བྲལ་བའི་ཡེ་ཤེས་ལ་སོ་སོར་རྟོག་པའི་སྒྲས་བསྟན་པ་སྟེ་དོན་ཏུ་སྦྱོར་ན་སྒོམ་པའི་ཤེས་རབ་ཀྱི་མིང་ཡིན་ལ། ཅིའི་ཕྱིར་ན། ཆོས་ཉིད་དེ་ལ་ཞེས་པས་ཆོས་ཉིད་ནི་དོན་དམ་བདེན་པའི་ཚིག་བླ་དྭངས་དང༌། ཆོས་ཉིད་ཀྱི་རང་བཞིན་ཡོད་པ་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་བ་ཞེས་པས། རང་བཞིན་ཞེས་པ་ནི་ངོ་བོ་ཉིད་ཀྱི་མིང་དུ་གྲུབ་པས། དེ་ལ་དེ་ལྟར་ཡོད་པའི་གཏན་ཚིགས་དང་བློའི་དྲི་མ་སྤོང་བའི་ཐ་ཚིག་ཏུ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བསྟན་ལ། དེ་ལྟར་མི་མཐོང་བ་དེ་ནི་ཆོས་ཀྱི་མིག་རྡུལ་བྲལ་དུ་མཐོང་བའི་ཆོས་ཉིད་དམ་པ་ཡིན་པས། དེའི་རྒྱུན་ལ་མི་གཡེངས་པའི་དྲན་པ་འམ། སེམས་ཀྱི་རྒྱུད་རྒྱུན་ཆགས་པ་ནི་འཕགས་པའི་བདེན་པ་དངོས་ཡིན་པས་དོན་དེ་ལ་སོ་སོར་རྟོག་པ་སྟེ་རང་བཞིན་ཡོངས་ཤེས་ཀྱིས་བསྒོམས་པའི་


JLAZ007_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏེ། དེ་སྐད་དུ་མགོན་པོ་བྱམས་པས་ཀྱང༌། རྣམ་རིག་མ་མཆིས་དངོས་མ་མཆིས། །སྟོང་པའི་ཆོས་ནི་རྟོགས་པར་ཤོག །ཅེས་པས་གསལ་ལོ། །དེ་བཞིན་དུ་སྔ་མའི་འཕྲོ་ལས། ཆོས་ཉིད་དེའང་ཡང་དག་པར་རྗེས་སུ་མི་མཐོང་བས། ཡང་དག་པའི་མཐའ་མངོན་སུམ་མི་བྱེད་དོ། །ཞེས་པའི་དོན་ནི་ཉན་ཐོས་ཀྱི་ལམ་དུ་རྒྱུུ་ཀུན་འབྱུང་དང་འབྲས་བུ་སྡུག་བསྔལ་གཉིས། ལམ་གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་ཀྱིས་འགོག་པའི་ཞི་བ་ཕྱོགས་གཅིག་པ་ནི་ཡང་དག་པའི་མཐའ་ཡིན་ལ་རང་ངོ་ལ་འབྲས་བུའི་མཐར་ཐུག་པ་ཉིད་ཀྱང་བྱང་ཆུབ་སེམས་དཔའི་ལམ་གྱིས་གཞལ་ན་དཔྱད་མི་བཟོད་པའི་ཤེས་སྒྲིབ་དང་བཅས་པའི་འབྲས་བུ་ཉི་ཚེ་བ་ཡིན་པས་ན། འཇུག་པ་ལས་ཀྱང༌། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །ཞེས་ཉན་རང་གི་བྱང་ཆུབ་ལ་སངས་རྒྱས་འབྲིང་གི་ཐ་སྙད་བཞག་ལ། དེའི་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱེད་པ་ནི་ཉན་རང་ལྟར་ཞི་བ་ཕྱོགས་གཅིག་ཏུ་མྱ་ངན་ལས་མི་འདའ་བར། ཡིད་ལ་བྱེད་པ་དང་བྲལ་བའི་རྣམ་པ་ཀུན་གྱི་མཆོག་ལྡན་ཞེས་བྱ་བ་ཚིག་དང་དཔེས་མཚོན་མི་ནུས་པས་ལམ་གྱི་བདེན་པ་སྤངས་པ། ཡིད་དང་ཆོས་ལས་སྐྱེས་པའི་ཤེས་བྱ་དཔྱད་མི་བཟོད་པ། སངས་རྒྱས་སྐུ་གསུམ་གྱི་འཆར་གཞིར་གྱུར་པའི་ཡེ་ཤེས་དེ་ནི། དབུ་


JLAZ007_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྫོགས་པ་ཆེན་པོའི་གྲུབ་མཐའི་ཁ་འཛིན་ཞིང༌། གཏན་ཚིགས་འགོད་པ་རྣམས་ཐོབ་མར་གཏོང་བ་ཞིག་སྣང་བ་དེ་དགའ་རབ་རྡོ་རྗེ་དང༌། ས་ར་ཧ་དང༌། ཀླུ་སྒྲུབ་ཀྱི་བྱིན་རླབས་ཞུགས་པ་འགའ་ཙམ་གྱིས་རྟོགས་པའི་དམ་ཆོས་ཡང་དག་པའོ། །དེ་ལྟ་བས་ན་སྔ་མའི་འཕྲོ་ལས་ནན་ཏན་གྱི་ཚུལ་དུ། དེའི་ཕྱིར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་ཅིང༌། ཡང་དག་པའི་མཐའ་མངོན་སུམ་དུ་མི་ཕྱེད་དོ། །ཞེས་པས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི། ཕུང་པོ་ལྔ་དང་ཚོགས་བརྒྱད་ཀྱི་དྲི་མས་མ་གོས་པའི་མཐའ་བརྒྱད་སྤྲོས་བྲལ་གྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཡིན་པས། ཤེར་ཕྱོགས་ཐམས་ཅད་དུ་སྟོང་པ་ཉིད་ལ་གཟུགས་མེད་ཅེས་པ་ནས། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ་ཞེས་པའི་བར་གསུངས་ལ། དེ་ལྟར་རྣམ་པར་ཐར་པའི་སྒོ་དང་པོ་དེ་ཡང་རང་བཞིན་ཡོངས་ཤེས་ཀྱི་བདེན་པས་མ་ཟིན་ན། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་པ་ལྟར། སྟོང་པར་བལྟ་བའི་གོལ་སྒྲིབ་སྤང་བའི་ཕྱིར་མཚན་མ་མེད་པ་དང༌། ཐོབ་བྱའི་ཡིད་སྨོན་ལྡོག་པའི་ཕྱིར་སྨོན་པ་མེད་པ་ཞེས་ངོ་བོ་གཅིག་ལ་ལྡོག་ཆ་གསུམ་དུ་ཕྱེ་ལ། ཡང་དག་པའི་མཐའ་


JLAZ007_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་མི་བྱེད་པ་ནི། སངས་རྒྱས་ཀྱི་ལམ་ལྔ་མངོན་དུ་མཛད་པ་དང་སྦྱར་ན། གྲངས་མེད་དང་པོར་ཚོགས་སྦྱོར། གཉིས་པར་མཐོང་ལམ་ནས་བཟུང་མ་དག་ས་བདུན། གསུམ་པར་དག་ས་གསུམ་རྫོགས་ཀྱང༌། ཞི་བ་ཕྱོགས་གཅིག་པའི་ཡང་དག་མཐའ་མངོན་དུ་བྱས་ན་སྨོན་ལམ་མི་རྫོགས། དེ་མ་རྫོགས་ན་སེམས་ཅན་གྱི་ཁམས་སྨིན་པར་མི་ནུས། དེ་མ་ནུས་ན་ཞིང་ཁམས་སྦྱོང་བར་མི་ནུས་པས་རྫོགས་སྨིན་སྦྱངས་གསུམ་མཐར་མི་ཕྱིན་པའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་ལྔ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཁོ་ན་ལ་བྱ་བས་ན་ཞི་བའི་ལྷས་ཀྱང༌། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པས་གསལ་ལོ། །སེང་གེ་བཟང་པོའི་འགྲེལ་ཆེན་ལ། བརྟག་དཔྱད་མ་བགྱིས་དེས་འཁྲུལ་སྲིད། །རྟག་ཏུ་མཉམ་པར་བཞག་པ་ཡི། །རང་བཞིན་མཐོང་བས་མ་འཁྲུལ་སྲིད། །འཁྲུལ་ན་རྫོགས་སངས་རྒྱས་ལ་བཤགས། །མ་འཁྲུལ་དགེ་རྩ་ཡོངས་ལ་བསྔོ། །འདི་ཡང་དགོན་རྩེ་སྤྲུལ་པའི་སྐུས། །གསུང་ངོར་འཇིགས་མེད་གླིང་པས་སོ། །གཏམ་ཚོགས་ལེའུ་ང་བརྒྱད་པའོ།། །།


previousགཏམ་ཚོགས་ལེའུ་ང་བརྒྱད་པ། འཕགས་པ་སྟོང་ཕྲག་བརྒྱ་པ་ལས་འཕྲོས་པའི་གཏམ་དེ་ཁོ་ན་ཉིད་ཀྱི་མེ་ལོང་།next