Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་ང་དགུ་པ། གྲུབ་པའི་མཐའ་རབ་ཏུ་འབྱེད་པའི་གཏམ་རྟོག་གེའི་གཉེན་པོ། གྲུབ་པའི་མཐའ་རབ་ཏུ་འབྱེད་པའི་གཏམ་རྟོག་གེའི་གཉེན་པོ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །པད་
   
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་ང་དགུ་པ། གྲུབ་པའི་མཐའ་རབ་ཏུ་འབྱེད་པའི་གཏམ་རྟོག་གེའི་གཉེན་པོ། གྲུབ་པའི་མཐའ་རབ་ཏུ་འབྱེད་པའི་གཏམ་རྟོག་གེའི་གཉེན་པོ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །པད་next

གཏམ་ཚོགས་ལེའུ་ང་དགུ་པ། གྲུབ་པའི་མཐའ་རབ་ཏུ་འབྱེད་པའི་གཏམ་རྟོག་གེའི་གཉེན་པོ། གྲུབ་པའི་མཐའ་རབ་ཏུ་འབྱེད་པའི་གཏམ་རྟོག་གེའི་གཉེན་པོ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །པད་


JLAZ007_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ལྟར་བསྔགས་ཤཱཀྱའི་རྒྱལ། །ཚེ་དབང་རིགས་འཛིན་པདྨ་འབྱུང༌། །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས། །རྗེ་བཙུན་འཇམ་པའི་དབྱངས་ལ་འདུད། །གང་ཞིག་ཕར་ཕྱིན་ཐེག་པ་ལ། །ལམ་ཁྱད་མྱུར་བུལ་རྣམ་པ་ལྔ། །ཕྱུགས་གླང་ཤིང་རྟ་ཤིང་རྟ་ཉི་ཟླའི་འགྲོས། །ཉན་རང་སངས་རྒྱས་་བྱང་སེམས་ཀྱི། །རྫུ་འཕྲུལ་འགྲོས་དང་ལྔར་འདོད་པ། །དབང་པོ་རྣོ་རྟུལ་ཁྱད་པར་ལས། །ཐེག་པ་ཐ་དད་མི་དབྱེ་མོད། །ངེས་དོན་གཏིང་ལ་དཔོགས་སམ་མིན། །དང་པོ་མཆོག་གི་གདུལ་བྱ་དང༌། །ཕྱི་མ་ཕལ་བའི་གདུལ་བྱར་ངེས། རྡོ་རྗཻ་ཐེག་པའི་ཐབས་ལམ་ནི། །ངེས་པར་དབང་རྣོན་ལམ་ཡིན་ཡང༌། །དེ་ཡི་འཇུག་པར་མ་ཁྱབ་པས། །ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་འབྱུང༌། །ཐོས་དང་བསོད་ནམས་ཡེ་ཤེས་ཚོགས། །ཟག་བཅས་སམ་ནི་ཟག་པ་མེད། །བསྐྱེད་རྫོགས་གཉིས་ལས་ལམ་བགྲོད་ཚུལ། །གནམ་ས་ལྟ་བུའི་ཁྱད་ཞུགས་པས། །རིམ་དང་ཅིག་ཆར་ཐོད་རྒལ་གསུམ། །བདེན་པ་མཐོང་བ་སྔ་ཕྱི་ཡོད། །དབང་པོ་ཡང་རབ་ལས་སད་ཀྱིས། །སྤྲོས་བྲལ་གཞི་མེད་རྩ་བྲལ་རྟོགས། །དབང་འབྲིང་སྣང་རིག་ཟུང་དུ་འཇུག །ཐ་མས་སྣང་བ་སེམས་སུ་རྟོགས། །དམ་པའི་མགོན་གྱིས་མ་ཟིན་ཅིང༌། །དད་པས་ཆོས་ཉིད་མ་


JLAZ007_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ། །ཕལ་ནི་སེམས་རིག་མ་ཕྱེད་བཞི་ན། །རྟོག་པ་སྣ་སྐྱིལ་འདུ་བྱེད་ཀྱི། །གཟུང་དྲན་ཐེག་པའི་ཡང་རྩེར་སྒོམ། །བློ་ཡུལ་རྟོག་པར་འཁྲུལ་པ་མང༌། །དེ་ལ་སྟོན་བའི་བསྟན་པ་དང༌། །ལོག་པར་ལྟ་བའི་གྲུབ་མཐའ་གཉིས། །ལྟར་སྣང་ཙམ་ལ་སྐྱབས་འགྲོས་བྱེད། །དངོས་ནི་ཐར་ལམ་ཡོད་མེད་ཡིན། །དཀོན་མཆོག་གསུམ་ལ་སྐྱབས་སོང་བ། །ནང་པའི་གང་ཟག་གཞན་དུ་ཕྱི། །དེ་ལའང་མཐོ་རིས་ལམ་ཡོད་མེད། །གཉིས་ལས་དང་པོ་གྲུབ་མཐའ་བཟང༌། །རྟོག་པས་བརྟགས་པའི་ལྟ་ལོག་ནི། །སུམ་བརྒྱ་དྲུག་ཅུ་ཡོད་སྲིད་ཀྱང༌། བསྡུ་ན་རྟག་ཆད་གཉིས་སུ་འདུ། །ལྟ་སྤྱོད་ཀར་རྟགས་རྣམ་པ་བརྒྱད། །ཁས་ལེན་ནང་པ་མི་ལེན་ཕྱི། །དེ་ལ་ལྟ་བ་དཀར་རྟགས་ནི། །འདུས་བྱས་འཇིག་དང་ཆོས་རྣམས་སྟོང༌། སྡུག་བསྔལ་ཟག་པ་མྱང་འདས་ཞི། །དེ་བཞིན་ལྟ་བ་དཀར་རྟགས་ཡིན། །སྤྱོད་པ་དཀར་རྟགས་རྣམ་བཞི་ནི། །ས་ཚྭ་གདབ་དང་ཆུ་སྦྱིན་བྱ། །ཁ་འབར་མ་ལ་སུ་རཱུ་པ། །འཕྲོག་མར་ཆངས་བུ་སྤྱིན་པའོ། །ཐུབ་པས་ཆོསཀྱི་སྒོ་མོ་ནི། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལ། །ཐེག་པ་མཆོག་དམན་ཁྱད་པར་དང༌། །ཆོས་ཀྱི་ཕུང་པོའི་ངོས་འཛིན་སོགས། །ལྡོག་པ་ཐ་དད་ཡོད་མེད་ཀྱི། །ཡོངས་


JLAZ007_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་ཆོས་འཁོར་གསུམ་དུ་རང་ལུགས་གྲུབ་མཐའ་མཛོད་དུ་བལྟའོ། །བསྡུ། །དང་པོ་བདེན་བཞིའི་ཆོས་འཁོར་ནི། །སྡུག་བསྔལ་ཤེས་བྱ་ཀུན་འབྱུང་སྤང༌། །འགོག་པ་མངོན་བྱ་ལམ་རྒྱུད་བསྟེན། །བདེན་བཞི་ལན་གསུམ་བཟློས་པ་ཡིས། །རྣམ་པ་ཡན་ལག་བཅུ་གཉིས་བྱུང༌། །བར་པ་མཚན་ཉིད་མེད་པ་ནི། །རྣམ་ཐར་སྒོ་གསུམ་ལས་བརྩམས་གསུངས། །དེ་ལ་རྒྱས་འབྲིང་བསྡུས་གསུམ་སྟེ། །ཡུམ་དང་ཉི་ཁྲི་བརྒྱད་སྟོང་པ། །སྡུད་པ་ཤེར་སྙིང་ཡིག་གེ་གཅིག །ཐ་མ་ལེགས་ཕྱེའི་་ཆོས་འཁོར་ནི། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ། །ཀུན་བརྟགས་རྟོག་པས་སྒྲོ་བཏགས་ལ། །གཞན་དབང་དེ་ཡི་ལས་བསགས་མྱོང༌། །ཡོངས་གྲུབ་ཆོས་དབྱིངས་འདུས་མ་བྱས། །དེ་ལ་གཉིས་ཡོད་གཞན་དུ་གསལ། །འཁོར་ལོ་གསུམ་པོ་རིམ་པ་བཞིན། །དང་པོ་འདུལ་བའི་སྡེ་སྣོད་སྟེ། །བར་བས་མདོ་སྡེའི་སྡེ་སྣོད་སྟོན། །ཐམས་ཅད་མངོན་པའི་སྡེ་སྣོད་སྟོན། །གསུམ་པོའང་དྲང་ངེས་གཉིས་སུ་འདུ། །གཉིས་པོའི་གྲུབ་མཐའ་གང་བཟུང་ཡང༌། །རང་ལམ་སོ་སོའི་བསམ་སྦྱོར་དངོས། །རྒྱུད་ལ་སྐྱེས་པའི་གང་ཟག་ལ། །ཐེག་ཆེན་པའམ་དམན་པར་བཏགས། །དབྱེ་བའི་སྒོ་ནས་དམན་མཆོག་གི །གྲུབ་མཐའ་སྨྲ་བ་རྣམ་བཞི་


JLAZ007_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །དང་པོ་དྲང་དོན་ཐེག་དམན་ལམ། །ཉན་ཐོས་ལ་ནི་མདོ་སྡེ་པ། །བྱེ་བྲག་སྨྲ་བ་རྣམ་གཉིས་ཡོད། །སྔ་མས་ལྡན་མིན་འདུ་བྱེད་དང༌། །འདས་དང་མ་འོངས་འདུས་མ་བྱས། །བཏགས་ཡོད་ཙམ་དང་ད་ལྟར་བའི། །རྡུལ་ཕྲན་ཤེས་པ་སྐད་ཅིག་གཉིས། །ཆ་མེད་བདེན་གྲུབ་ཡིན་ནོ་ཟེར། །ཕྱི་མས་སྣང་བ་དོན་དམ་སྨྲ། །ཡུལ་དང་དབང་པོ་བདེན་གྲུབ་ལས། །རྣམ་པར་ཤེས་པ་སྐྱེའོ་ཟེར། །ཐེག་ཆེན་པ་ལ་སེམས་ཙམ་དང༌། །དབུ་མ་གཉིས་ལས་སྔ་མར་ཡང༌། །སེམས་ཙམ་རྣམ་བདེན་རྣམ་རྫུན་གཉིས། །བློ་ལ་ཆེ་ཆུང་ཁྱད་ཞུགས་པས། །གོང་མའི་གྲུབ་མཐས་འོག་མ་དགག །རྣམ་བདེན་པ་ཡི་མདོ་སྡེ་པར། །ཕྲ་རབ་རྡུལ་ལས་གྲུབ་མི་འཐད། །རྡུལ་ཕྲན་ཆ་མེད་དེ་ལ་ཡང༌། །ཕྱོགས་བཅུའི་བར་དུ་ཆ་ཕྱེ་བས། །དེ་ཡང་གྲུབ་པ་མེད་པར་རྟོགས། །སྣང་བ་སེམས་སུ་བདེན་པར་འདོད། །ཕྱི་རོལ་མ་གྲུབ་རྨི་ལམ་བཞིན། །དཔེར་ན་མིག་ཤེས་ཀྱིས་ནི་གཟུགས། །མཐོང་ཡང་རང་གིས་རང་མཐོང་སྟེ། །གཟུགས་ཀྱི་རྣམ་པར་འཆར་བའི་རྒྱུ། །ཤིས་པ་ལས་གཞན་རང་ཚན་པའི། །གཟུགས་ཀྱི་རྣམ་པར་གཏོར་བྱེད་མེད། །ཟེར་རོ་སེམས་ཙམ་རྣམ་རྫུན་པས། །ཕྱི་རོལ་ཡུལ་མེད་འཛིན་ཤེས་མེད། །གཟུང་འཛིན་གཉིས་མེད་རང་གསལ་འདི། །


JLAZ007_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ལ་ཀུན་གཞིའི་རྣམ་ཤེས་སུ། །འདོད་ནས་ལས་འབྲས་འདི་རུ་འཇོག །ཉམས་རྟོགས་བྱེ་བྲག་མ་ཕྱེད་བཞིན། །དབེན་པར་ན་ཚོད་ཐལ་བ་དང༌། །ཐེག་པ་ཆེ་ཆུང་གཉིས་ཀ་རུ། །ལུང་མ་བསྟན་པའི་ཀུན་འབྱུང་ཁམས། །རྡོ་རྗེ་ཐེག་པའི་ལམ་མཆོག་ཏུ། །མངོན་ལམ་ཆོས་ཀྱི་མིག་བྲལ་རྣམས། །གནས་ལུགས་འདི་ལས་དཔགས་པ་མེད། །དེ་འདྲ་མཐོང་ནས་འགའ་དང་འགའ། །རྫོགས་ཆེན་ཀ་དག་དགོངས་པ་ལ། །སེམས་ཙམ་ཉིད་དུ་བསྙད་པ་དང༌། །གཟུང་འཛིན་རྫས་གཞན་མེད་ཙམ་ལ། །དེ་ཉིད་བཀག་པར་རློམ་པ་ཡི། །ཕྱི་དོན་རྣམ་རིག་བདེན་གྲུབ་ཀྱི། །སྟོང་ཉིད་བློ་ཡིས་བསྒྲུབས་པ་ཡིས། །རྟོག་གེའི་མཛུབ་མོའང་ནང་དུ་ཁུག །དབུ་མ་ཐལ་རང་རྣམ་གཉིས་ལས། །རང་རྒྱུད་པའི་ནི་ཆོས་རྣམས་ཀུན། །བདག་མེད་བདེན་པ་མེད་པ་དང༌། །རང་བཞིན་མེད་ལ་མ་གྲུབ་པའི༌། །དམ་བཅའ་འཛིན་པ་ཁྱད་པར་རོ། །ཐལ་འགྱུར་བ་ནི་སྒྲ་རྟོག་གི །ཞེན་ཡུལ་བརྗོད་མིན་ལྷན་སྐྱེས་དང༌། །ཤིན་ཏུ་འགལ་ཕྱིར་བདེན་པ་གཉིས། །ཅིག་ཆར་སྟོན་པའང་ཁས་མི་ལེན། །ང་ལ་ཁ་ལེན་མེད་པས་ན། ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པས་ཆོས་ཀུན་ངོ་བོས་སྟོང༌། །ཡུལ་གྱི་རང་ངོས་མ་གྲུབ་ཅིང༌། །


JLAZ007_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མཚན་ཉིད་མ་གྲུབ་དང༌། །ཆོས་ཀུན་ཅིར་ཡང་མ་གྲུབ་པས། །རྟག་ཆད་འགྲོ་འོང་ཡོད་མེད་དང༌། །སྒྱེ་འགག་གཉིས་མེད་ལ་སོགས་ཀྱིས། །སྤྲོས་པའི་མཐའ་དང་བྲལ་བ་ནི། །རྩ་ཤེའི་དགོངས་པ་ཉིད་ཡིན་ནོ། །དེ་ཡི་གནས་ལུགས་བསམ་མི་ཁྱབ། །གཞན་རྣམས་དགག་གཞག་ཚིག་ལ་རྩོད། །མཐའ་བཀག་མཐུན་འཇུག་གྲུབ་མཐའ་འཛིན། །དེ་ནི་སྐྱེ་བའི་བདག་ཉིད་ཅན། །ཐབས་ཀྱི་སྒོམ་པ་ཉིད་ཡྀན་པས། །སེམས་དང་སེམས་བྱུང་འཇིག་མི་ཤེས། །འདིར་ནི་ཟད་པའི་བདག་ཉིད་ཅན། །སྲིད་པ་མཐའ་བྱེད་ཤེས་རབ་ཀྱིས། །མཚན་མ་དང་ནི་རྣམ་རྟོག་ཀུན། །རང་བཞིན་ཉིད་དུ་ཟད་པའི་ཕྱིར། །ཟད་དང་མི་སྐྱེ་ཤེས་པའི་དོན། །གཉུག་མའི་དེ་ཉིད་དངོས་ཡིན་ནོ། །ཡོད་མེད་བློ་ཡི་མཐའ་བྲལ་དུ། །བསྒྲུབས་ལ་གཉུག་མའི་དེ་ཉིད་མེད། །མཉམ་གཞག་ནམ་མཁའ་ལྟ་བུ་ཞེས། །སྟོང་པའི་འཛིན་སྟངས་སྒོམ་ལ་ཡང༌། །གཉུག་མའི་དེ་ཉིད་ཡོད་མ་ཡིན། །ལྷག་མཐོང་སོར་རྟོག་ཡེ་ཤེས་ཞེས། །ཤེས་བྱ་རྣམ་པར་དཔྱོད་ལ་ཡང༌། །གཉུག་མའི་དེ་ཉིད་ཡོད་མ་ཡིན། །རྗེས་ཐོབ་སྒྱུ་མ་ལྟ་བུ་ཞེས། །རྟོག་པ་ཉིང་འཁྲུལ་ཅན་ལ་ཡང༌། །གཉུག་མའི་དེ་ཉིད་ཡོད་མ་ཡིན། །སྒོམ་གྱི་རྩ་བ་དྲན་པ་ཞེས། །ཆེད་འཛིན་བྱས་


JLAZ007_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀུན་འབྱུང་ལའང༌། །གཉུག་མའི་དེ་ཉིད་ཡོད་མ་ཡིན། །མཐོང་སྤངས་སྒོམ་སྤངས་གོ་ཡུལ་གྱི། །ངེས་ཤེས་ཉམས་ཀྱིས་བསྒྲིབས་ལ་ཡང༌། །གཉུག་མའི་དེ་ཉིད་ཡོད་མ་ཡིན། །ཆོས་ཉིད་ཡེ་གྲོལ་ཉག་གཅིག་ཡིན། །དེ་བཞིན་ཉིད་ནི་རང་སོར་ཞོག །བཞག་གོ་སྙམ་པའི་འཛིན་སྟངས་སྤངས། །སྤངས་སོ་སྙམ་པའི་ངེས་ཤེས་གློད། །རིག་པའི་གསལ་མདངས་ཀུན་ལ་བརྡལ། །སྟོང་པའི་ཡེ་ཤེས་མཁའ་ལྟར་དག །རིག་སྟོང་གཉིས་མེད་ཆོས་ཀྱི་སྐུ། །ཡིད་བྱེད་བྲལ་བའི་སྤྲོས་བྲལ་འདི། །གཉུག་མའམ་བདེ་གཤེགས་སྙིང་པོ་དངོས། །དེ་སྐད་དུ་ནི་ཀླུ་སྒྲུབ་ཀྱིས། །མྱ་ངན་འདས་པ་དངོས་མེད་པའང༌། །མིན་ན་དེ་དངོས་ག་ལ་ཡིན། །ཞེས་གསུངས་འདི་ཉིད་མ་རིག་ན། །དྲན་པས་བཅུར་པའི་གཤིས་ཤོར་ལ། །ཕྱག་རྒྱ་ཆེན་པོར་འདོད་པ་དང༌། །བཅོས་ནས་བཞག་པའི་ཡེ་ཡིན་ལ། །དོ་ཧའི་དགོངས་པར་འདོད་པ་དང༌། །དཔྱད་སྒོམ་རྣོན་པོའི་འཛིན་སྟངས་ལ། །ཞི་ལྷག་ཟུང་འབྲེལ་འདོད་པ་སོགས། །ཤེས་བྱའི་སྒྲིབ་པས་ཚར་བཅད་པས། །བསམ་བྱུང་ཡིན་ཡང་སྒོམ་པ་མིན། །རིག་པ་ཀློང་ནས་མ་གྲོལ་བར། །ཡིན་སྙམ་བཤད་པ་གོ་


JLAZ007_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཙམ། །མཐའ་བརྒྱད་སྤྲོས་བྲལ་མ་རྟོགས་པར། །འཕགས་ལམ་རྫོགས་ཆེན་དོན་མི་མཐོང༌། །སྤྲོས་བྲལ་དེ་ཉིད་རྟོགས་པ་ལ། །ལས་རླུང་དབུ་མར་འདུ་དགོས་པས། །ཆོས་ཉིད་དྲན་པའི་རྩིས་བཟུང་ནས། །རྟོག་པ་རྒྱ་ཡན་མ་ཤོར་ན། །རླུང་སེམས་འཇུ་དྲན་རང་དེངས་ཡིན། །ནམ་མཁའ་བྱ་ལྟར་འཕུར་བ་དང༌། །ས་ལ་བྱི་ལྟར་འཛུལ་བ་ཡི། །གྲུབ་རྟགས་སོ་སྐྱེའི་ལམ་ལའང་ཡོད། །ཆོས་ཉིད་བདེན་པ་མཐོང་བ་ནི། །སྒོ་ངའི་ནང་གི་ཁྱུང་ཕྲུག་འདྲ། །བརྗོད་བྱས་གཏན་ལ་དབབ་རུང་བའི། །ལམ་བདེན་ཐམས་ཅད་འདུས་བྱས་ཡིན། །དེ་ལ་ཆོས་ཉིད་རེ་བ་ཡི། །རྟོག་གེ་ཐམས་ཅད་རྣམ་པར་འཁྱམ། །མཆོད་དོ་སྒྲུབ་བརྒྱུད་བླ་མ་མཆོད། །ཐ་མལ་ཤེས་པ་སྒྲ་མི་སྙན། །མཁས་པའི་ཚོགས་ནི་དེ་ལ་བསྲིང༌། །རྣམ་པར་གྲོལ་བའི་ཤུལ་ལམ་ཡིན། །རིག་པ་དེ་ལ་ཕྱག་བཙལ་ནས། །ཕངས་པའི་གདམས་ངག་གླུ་རུ་ལེན། །རྫོགས་པ་ཆེན་པོའི་ཁྲིད་ཚུལ་ལ། །བསྟན་པ་གཞན་གྱི་འཇུག་སྒོ་ཚང༌། །ཐུན་མོང་སྔོན་འགྲོ་གནད་སོང་ན། །སྡུག་བསྔལ་བདེན་པ་ཤེས་པ་ཡིན། །ཐུན་མིན་སྔོན་འགྲོ་ཀུན་འབྱུང་གི །རྒྱུ་འབྲས་སྤོང་བའི་གཉེན་པོར་འཆར། །ཁྱད་པར་ཅན་གྱི་སྔོན་འགྲོ་ཡིས། །ལུས་སེམས་ཤིན་ཏུ་སྦྱངས་བྱས་ནས། །


JLAZ007_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་རུ་ཤན་ལེགས་ཕྱེད་ན། །འགོག་པ་མངོན་དུ་བྱ་བར་ནུས། །ཉག་གཅིག་རྩད་ནས་གཅོད་པའི་ཚེ། །དངོས་པོའི་གཤིས་ལ་མཚང་བཙལ་བས། །འཁོར་འདས་སེམས་ཀྱི་རྩལ་དུ་རིག །དེ་ཚེ་ལམ་མཆོག་རྒྱུད་ལ་བརྟེན། །སྣང་བའི་ཡུལ་ལ་ཕར་དཔྱད་པས། །རང་བཞིན་མ་གྲུབ་སེམས་ཀྱིས་སྤྲུལ། །འཛིན་པའི་བློ་ལ་ཚུར་དཔྱད་པས། །རྣམ་ཤེས་རང་ངོའི་མཚན་ཉིད་ནི། །རང་རིག་རང་གསལ་ཙམ་དུ་མཐོང༌། །སེམས་ཙམ་པའི་ལྟ་བ་དེ་རུ་རྫོགས། །དེ་ལ་བྱུང་གནས་འགྲོ་གསུམ་བརྟགས། །རྟག་ཆད་ཡོད་མེད་སྤྲོས་པས་དབེན། །འདུས་བྱས་དང་ནི་གློ་བུར་བས། །བཞག་པ་ཐམས་ཅད་བདེན་མེད་དུ། །རིག་པས་དཔྱད་བཟོད་དཔྱད་སྒོམ་སྟེ། །དཔྱད་འབྲས་མུ་བཞིའི་སྤྲོས་དང་བྲལ། །དབུ་མ་པའི་ལྟ་བ་དེ་རུ་རྫོགས། །འཁྲུལ་ལུགས་ཆོས་ཅན་རྣམ་རྟོག་ལ། །ཆོས་ཉིད་དོན་དམ་རྒྱ་ཡིས་ཐེབས། །ཆོས་ཅན་སྟེང་ན་ཆོས་ཉིད་འཕྱོ། །ཕྱག་ཆེན་པའི་ལྟ་བ་དེ་རུ་རྫོགས། །ཀ་ནས་དག་པའི་ཆོས་སྐུ་ནི། །བཅིང་གྲོལ་ངོ་བོ་ཉིད་མེད་ཡིན། །འཁོར་འདས་རིག་པའི་ཀློང་ཡངས་སུ། །ཤེས་བྱ་གཤིས་ལ་ཕེབས་པ་ཡི། །གནས་ལུགས་ལ་རྫོགས་པ་ཆེན་པོར་གྲགས། །ལར་མཐའ་བརྒྱད་སྤྲོས་བྲལ་ཆེན་པོའི་དོན། །ཤེས་བྱས་


JLAZ007_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ན་སྔགས་ལམ་མིན། །ཡེ་ཡིན་དུ་རིག་པས་ཁྲེགས་ཆོད་དང༌། །ངང་ཡིན་ལ་རྫོགས་པས་རྫོགས་པ་ཆེ། །ངོ་བོ་ཉིད་མེད་ཀ་དག་ལ། །རྣམ་ཀུན་མཆོག་ལྡན་ལྷུན་གྲུབ་ཆེ། །གདོད་ནས་ཟུང་འཇུག་ཆོས་ཀྱི་སྐུ། །གཉིས་སུ་མེད་པས་ཉག་གཅིག་ཟེར། །ཡུལ་ལ་རྒྱས་འདེབས་སྤང་གཉེན་ཆོས། །ཡུལ་ཅན་རིག་སྟོང་རྟོགས་པ་ལ། །རྫོགས་པ་ཆེན་པོ་སེམས་སྡེར་གྲགས། །ཕྱག་ཆེན་འདྲ་ཡང་ཁྱད་གཞི་ལ། །རྟོན་དང་མི་རྟོན་ཕྱེད་པ་གཅེས། །ཆོས་ཉིད་གདོད་ནས་སྐྱེ་མེད་ངང༌། །རིལ་འཛིན་རྗེས་གཞིག་མ་ལགས་པར། །འགག་མེད་འོད་གསལ་དངས་སུ་གཞུག །དེ་ལ་རྫོགས་ཆེན་ཀློང་སྡེར་གྲགས། །རིམ་ལྔ་འདྲ་ཡང་ཁྱད་གཞི་ལ། །རྟོན་དང་མི་རྟོན་ཕྱེད་པ་གཅེས། །དབྱིངས་ལ་ལྷུན་གྲུབ་ལོངས་སྐུའི་གདངས། །ཤེས་ཉམས་ཡིད་དཔྱོད་ཙམ་མིན་པར། །དབང་ཤེས་འབྲེལ་པའི་མངོན་སུམ་ལམ། །སྐུ་ལྔར་སྨིན་པ་མན་ངག་སྡེ། །སྦྱོར་དྲུག་འདྲ་ཡང་ཁྱད་གཞི་ལ། །རྟོན་དང་མི་རྟོན་ཕྱེད་པ་གཅེས། །ཁྱད་གཞིའི་དེ་ཉིད་མ་རིག་ན། །ཁྱད་ཆོས་མུན་པའི་མདའ་ལྟར་འཁྱམ། །དེ་ཕྱིར་བསམ་གྱིས་མི་ཁྱབ་པའི། །གནས་ལུགས་མངོན་སུམ་བྱས་པ་ནི། །ཆོས་སྐུའི་དངོས་རྒྱུ་ངེས་པའི་དོན། །མཚན་གཞི་བརྗོད་ན་རྫོགས་ཆེན་ནམ། །རྡོ་རྗེ་སེམས་


JLAZ007_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ནམ་མཁའ་ཆེ། །གཞན་དུ་དངོས་རྒྱུས་སྟོངས་པའི་ཕྱིར། །བརྒྱུད་ནས་ཐོབ་པ་རྗེས་དཔག་ལམ། །ཅི་ཕྱིར་བསམ་མི་ཁྱབ་པའི་དོན། །མངོན་དུ་མ་བྱས་དྲང་དོན་ཏེ། །བདེ་བར་གཤེགས་སམ་སངས་རྒྱས་རྒྱུར། །ཡང་དག་སྦྱོར་བའི་ལུང་གིས་བཤད། །འདི་སྐད་དུ། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མངོན་དུ་མ་བྱས་པ་དེ་དག་ནི་བདེ་བར་གཤེགས་པ་སྟེ། སངས་རྒྱས་ཉིད་ཡིན་ལ། མཚན་གཞི་ཡང་དག་པར་མཚོན་པ་ནི། རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་པས་གསལ་ལོ། །རྫོགས་པ་ཆེན་པོའི་ཆོས་ཉིད་འདི། །གླེང་བ་མང་སྟེ་རྟོགས་པ་ཉུང༌། །རྟག་ཆད་ཡོད་ན་ལྟ་བ་ཉམས། །ལམ་གྱི་སྒྲིབ་པ་སྤང་བའི་ཕྱིར། །སྒོམ་བློ་མེད་པའི་རིག་ཆ་དགོས། །སྤང་བླང་ཡོད་ན་སྒོམ་པ་འདྲལ། །འགྱུར་མེད་ཡོངས་གྲུབ་ཆེན་པོ་ལ། །བྱ་རྩོལ་བྱས་པས་དེ་ཉིད་ཉམས། །ཡིད་དཔྱོད་ཡོད་ན་ཀ་དག་འཇིག །བདེ་གཤེགས་སྙིང་པོའི་ཆོས་ཉིད་ལ། །བསྐྱར་གྲོལ་བསྒོམས་པས་ཁྲེགས་ཆོད་ཤོར། །སྣང་བཞི་མེད་ན་ཐོད་རྒལ་འཇིག །སྐུ་གསུམ་དང་རང་རྫོགས་མ་རིག་པར། །གཟུགས་སྣང་དངོས་པོར་ཞེན་པས་བསླུ། །གྲུབ་མཐའི་དེ་ཉིད་མ་རིག་བཞིན། །ཕྱོགས་ལྷུང་སྨྲ་ན་སྨྱོན་པའི་ངག །ལྟ་སྒོམ་བསྲེ་ན་མཁས་པ་ཉམས། །རྒྱལ་བའི་བསྟན་པ་


JLAZ007_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ་ལ། །སྡེ་རིགས་ཕྱེ་ནས་བསུན་འབྱིན་པ། །ཁ་ན་མ་ཐོའི་ནང་ན་ཐུ། །ཤེས་བྱ་ཟད་མཐའ་མེད་པའི་ཕྱིར། །ཆོས་ནི་བློ་ཡི་རྗེས་འགྲོ་བས། །བདེན་གཉིས་མོས་པའི་རྗེས་སུ་འབྲང༌། །དེ་ཕྱིར་གྲུབ་མཐའ་ཀུན་ཤེས་མཛོད། །དགག་བསྒྲུབ་མུ་མཐའ་མེད་སྲིད་ཀྱང༌། །རང་སེམས་བཏུལ་ན་མཐའ་གྲོལ་ཡིན། །སྒྲུབ་པ་བྱེད་ན་ལྷོད་གྲོལ་འབྱུང༌། །བག་ཆགས་སད་ན་ཀློང་གྲོལ་ཡིན། །ཡིན་མིན་བློ་ཡིས་མ་གོས་པའི། །གནས་ལུགས་ཀུན་གྱིས་རྟོགས་པར་ཤོག །གཏམ་ཚོགས་ལེའུ་ང་དགུ་པའོ།། །།


previousགཏམ་ཚོགས་ལེའུ་ང་དགུ་པ། གྲུབ་པའི་མཐའ་རབ་ཏུ་འབྱེད་པའི་གཏམ་རྟོག་གེའི་གཉེན་པོ། གྲུབ་པའི་མཐའ་རབ་ཏུ་འབྱེད་པའི་གཏམ་རྟོག་གེའི་གཉེན་པོ་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །པད་next