Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་དྲུག་ཅུ་པ། མི་དགེ་བཅུ་སྤོང་གི་གནང་བཀག་ལ་དཔྱད་པའི་གཏམ་ཚུལ་ཁྲིམས་རིན་པོ་ཆེའི་རྒྱན།
   
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་དྲུག་ཅུ་པ། མི་དགེ་བཅུ་སྤོང་གི་གནང་བཀག་ལ་དཔྱད་པའི་གཏམ་ཚུལ་ཁྲིམས་རིན་པོ་ཆེའི་རྒྱན།next

གཏམ་ཚོགས་ལེའུ་དྲུག་ཅུ་པ། མི་དགེ་བཅུ་སྤོང་གི་གནང་བཀག་ལ་དཔྱད་པའི་གཏམ་ཚུལ་ཁྲིམས་རིན་པོ་ཆེའི་རྒྱན།


JLAZ007_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགེ་བཅུ་སྤོང་གི་གནང་བཀག་ལ་དཔྱད་པའི་གཏམ་ཚུལ་ཁྲིམས་རིན་པོ་ཆེའི་རྒྱན་ཅེས་བྱ་བ། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོའི་སྡེ་སྣོད་ལ། །གནང་བཀག་དམིགས་བསལ་འཆད་པའི་སྐབས། །སེམས་དཔའ་མཆོག་ལ་གཞན་དོན་དུ། །འགྱུར་ན་གཟུགས་ཅན་ལས་གྱུར་པའི། །ལུས་ངག་གཉིས་ཀྱི་མི་དགེ་བདུན། །གནང་པ་འདི་ལ་རྩོད་པ་མེད། །ཡིད་ཀྱི་གསུམ་ལ་དཔྱད་ཀྱིས་ཉོན། །འདི་ལྟར་གཞན་གནོད་གཞིར་བཅས་ཀྱི། །གཞི་སྒྲ་འཇུག་པའི་དོན་ལྔ་སྟེ། །རྒྱུ་རྐྱེན་གནས་དང་ཀུན་སྦྱོར་དང༌། །ཡོངས་བཟུང་བ་ལ་གཞི་སྒྲ་འཇུག །ཅེས་པའི་རྒྱུ་ནི་ཡིད་ཤེས་ལ། །སྐབས་འདིར་འཇུག་པའི་གཞི་བཅས་སྒྲ། །ཡིད་ནི་ལས་ཀྱི་སྔཽན་འགྲོ་བས། །ཉན་ཐོས་སྡོམ་


JLAZ007_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཟུགས་ཅན་རྣམས། །བྱང་ཆུབ་སེམས་པའི་རྣམ་རིག་གི །ཐབས་ཀྱིས་ཟིན་ན་དགེ་བ་རུ། །སོན་པའི་ཕྱིར་ན་གནང་མོད་ཀྱང༌། །དམིགས་པ་དུག་ཅན་ལས་གྱུར་པའི། །ཡིད་ཀྱི་ཁ་ན་མ་ཐོ་གསུམ། །རང་བཞིན་ཉོན་མོངས་ཅན་ཡིན་བཞིན། །གནང་འདོད་གཟུགས་བརྙན་གཟུགས་སུ་འཁྲུལ། །ཅི་ཕྱིར་བྱང་སེམས་ཀུན་སྤངས་པས། །དབུལ་པོའི་སླད་དུ་གཞན་གྱི་ནོར། །བླང་འདོད་བརྣབ་སེམས་མ་ཡིན་ཏེ། །ཀུན་སློང་ཤིན་ཏུ་དགེ་བའི་ཕྱིར། །མ་བྱིན་བླང་བའི་གཞིར་བསྡུ་ཡི། །འདི་ལྟར་བརྣབ་སེསམ་ཞེས་བྱའི་སྒྲ། །ཞུགས་པ་ཙམ་ནས་སྡིག་ཏོ་སྟེ། །ཆོས་ལྔ་ལྡན་པའི་བརྐམ་སེམས་ཀྱིས། །གཞན་རྫས་ཐོབ་བློ་སྐྱེས་པ་ནི། །ཡིད་ཀྱི་ཉེས་པའི་ངོ་བོ་ཉིད། །དེ་བཞིན་དཀོན་མཆོག་སུན་འབྱིན་པ། །དར་མ་འུ་དུམ་བཙན་སོགས་དང༌། །མི་ནག་མདུང་ཐུང་ཅན་ལྟ་བུའི། །ལས་དང་སྡིག་ཏོའི་ཁུར་འབེབས་ཕྱིར། །གསོད་པའང་ལུས་ཀྱི་ལས་ཉིད་དེ། །བསམ་སྦྱོར་གཉིས་པོ་ཆེས་འགལ་བས། །གནོད་སེམས་མིན་པར་ཁ་ཚོན་ཆོད། །ལས་གནག་རྣམ་སྨིན་དཀར་བ་དེ། །ཕན་པའི་སེམས་ཀྱི་རྒྱུ་འབྲས་ཡིན། །བྱམས་པ་འཇུག་པའི་མདོ་ལུང་སོགས། །དུས་དང་དོན་གཞན་ལ་དགོངས་པ། །དྲང་དོན་ཉིད་དེ་ངེས་དོན་དུ། །ཇི་ལྟར་རྒྱ་མཚོ་ཆེན་པོ་ནི། །གང་ལྟར་ནང་གྲང་


JLAZ007_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་ཚ། །དེ་བཞིན་ཁྲོ་བོའི་སྐུར་བསྟན་པ། །ཐུགས་ནི་ཞི་བར་ཤེས་པར་བྱ། །དེ་སྐད་རྒྱུད་ལས་གསུངས་པ་དེས། །ནང་གྲང་གནོད་སེམས་མེད་པར་ཞི། །ཕྱི་ཚ་སྤྱོད་པ་བརླང་པོས་གནོད། །མདོར་ན་ལུས་ངག་གཉིས་ཀྱི་ལས། །ལུང་མ་བསྟན་ཕྱིར་སེམས་ཀྱིས་བསྒྱུར། །དེ་ཕྱིར་ཟབ་མོའི་མདོ་སྡེ་ལས། །དགེ་འམ་ཡང་ན་མི་དགེ་བར། །ལས་ནི་སེམས་ཀྱིས་སྤྲུལ་པ་ཡིན། །གསུངས་ན་ཡིད་ཀྱི་གསུམ་པོ་ནི། །རྣམ་པར་གྱུར་པའི་ཀུན་སློང་ལ། །བརྣབ་སེམས་གནོད་སེམས་ལོག་ལྟའི་སྒྲ། །ཞུགས་པས་སྡིག་ཏོའི་རྣམ་རིག་ཡིན། །ཁྱད་པར་ལོག་པར་ལྟ་བ་ནི། །ཡང་དག་ལྟ་བའི་འགལ་ཟླ་སྟེ། །ཀུན་སློང་དཀར་དང་གནག་པ་གཉིས། །ཅིག་ཆར་ཚོགས་པ་ཤེས་བྱ་ལ། །སྲིད་པ་མིན་པའི་ཆོས་ཅན་ནོ། །རིག་པ་འདི་ལ་སུན་འབྱིན་པའི། །ཐལ་འགྱུར་རྣམ་དག་ཡོད་ཟེར་ན། །དཔལ་ལྡན་མ་ཁོལ་དཔའ་བོ་ཡི། །ལུང་གི་གོ་སྐབས་ཁྱེད་ལ་དབྱེ། །ཞེས་པའང་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ལ་སྤྱན་དཀྱུས་ཡངས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དག་དང་ཆོས་ཀྱི་འབེལ་གཏམ་ལས་འཕྲོས་ཏེ་སྒོམ་བྱུང་གི་ཤེས་རབ་ལས་སྤོབས་པའི་གཏེར་མཛོད་གྲོལ་བ་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པའམ། །མཁྱེན་བརྩེའི་འོད་ཟེར་གྱིས་སོ། །གཏམ་ཚོགས་ལེའུ་དྲུག་ཅུ་པའོ།། །།


previousགཏམ་ཚོགས་ལེའུ་དྲུག་ཅུ་པ། མི་དགེ་བཅུ་སྤོང་གི་གནང་བཀག་ལ་དཔྱད་པའི་གཏམ་ཚུལ་ཁྲིམས་རིན་པོ་ཆེའི་རྒྱན།next