Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་རེ་གཅིག་པ། ཕྱག་རྫོགས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་དབྱེ་བའི་གཏམ་ཀེ་ཏ་ཀའི་རྣ་རྒྱན།
   
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་རེ་གཅིག་པ། ཕྱག་རྫོགས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་དབྱེ་བའི་གཏམ་ཀེ་ཏ་ཀའི་རྣ་རྒྱན།next

གཏམ་ཚོགས་ལེའུ་རེ་གཅིག་པ། ཕྱག་རྫོགས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་དབྱེ་བའི་གཏམ་ཀེ་ཏ་ཀའི་རྣ་རྒྱན།


JLAZ007_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྫོགས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་དབྱེ་བའི་གཏམ་ཀེ་ཏ་ཀའི་རྣ་རྒྱན་ཅེས་བྱ་བ། རང་བཞིན་ཆོས་ཉིད་བདེན་པ་ལ། །ཀུན་ཏུ་བཟང་པོའི་ཡེ་ཤེས་ཞལ། །རྒྱལ་བ་གཉིས་པ་ངག་གི་དབང༌། །དེ་ལ་སླར་ཡང་བསམས་བཞིན་འདུད། །བརྒལ་བརྟག་བསྟན་པའི་ག་དར་ཡང༌། །རྣལ་མའི་སེམས་ལས་ཕྱིར་ཕྱོགས་ན། །ཕྱོགས་སྔའི་ཀུན་འབྱུང་མི་ལྡོག་པས། །ཀླུ་སྒྲུབ་ཞབས་ཀྱང་འདིར་མི་སྨོན། །འོན་ཏང་ཁྱོད་གསུང་བྲག་ཆ་ལྟར། །གྱུར་ནས་རངས་མིན་ཐོབ་དོགས་ནས། །ཡིན་ལུགས་སྲོང་པོར་བརྗོད་པ་ལ། །མཉམ་པར་གཞག་པའི་སེམས་ཀྱིས་ལྟོས། །བདེན་པ་མཐོང་བའི་འཕགས་པ་ལ། །ཕྱག་རྫོགས་དབུ་གསུམ་རོ་གཅིག་ཀྱང༌། །ཆོས་རབ་འབྱེད་པའི་བློ་གྲོས་ཀྱིས། །ལམ་བདེན་མངོན་དུ་བྱེད་པའི་ཚེ། །རྟ་དང་གླང་པོ་ཤིང་རྟ་དང༌། །ཉི་ཟླའི་འགྲོས་བཞིན་ལམ་ལ་ཁྱད། །ཆེ་བས་ཀུན་བཟང་རྡོར་འཆང་གི །ཐེག་པ་རིམ་དགུར་ཕྱེ་མིན་ནམ། །རིམ་དགུའི་ཁྱད་པར་མི་འདོད་ན། །ཤིན་ཏུ་རྣལ་འབྱོར་ཚིག་ཙམ་དུ། །ཟད་པ་སོ་སོའི་ལོག་ཤེས་ཕྱིར། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཚིག་ལམ་དུ། །སྒྲུབ་པར་ནུས་མིན་དེ་ལྟ་ན། །ཕྱག་རྫོགས་དབུ་མ་ཞེས་བྱ་བའི། །ཐ་སྙད་སྤོངས་ལ་མཉམ་པར་ཞོག །འདི་


JLAZ007_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བློ་ཡིས་སྤྱོད་ཡུལ་ལམ། །སྤྱོད་ཡུལ་ལས་འདས་ཤེས་བྱའི་གཤིས། །དཔྱོད་དང་མི་དཔྱོད་ས་ནས་སར། །འཕར་བའི་ཐོས་བསམ་སྒོམ་གསུམ་དང༌། །སོ་སོར་རྟོག་པའི་ཤེས་རབ་ལ། །གོང་ནས་གོང་དུ་ཁྱད་ཞུགས་པས། །རང་བཞིན་ཤེས་ན་མཁས་པ་ཡིན། །དེ་ལ་དང་པོ་གཞི་ཡི་སྐབས། །སེམས་ཅན་སངས་རྒྱས་དངོས་ཡིན་ན། །ལམ་ལ་དགོས་པ་མ་མཆིས་པས། །འབྲས་བུའང་ནི་དེ་རྗེས་འབྲང༌། །དེ་ཕྱིར་འཁོར་འདས་གཉིས་ཀ་རུ། །ལུང་མ་བསྟན་ལ་གཞི་ཞེས་བཏགས། །ལམ་དུས་ཕྱག་རྫོགས་གཅིག་ཐ་དད། །བརྗོད་པའི་ལམ་དུ་མཚན་གཞིས་དབྱེ། །རྒྱུད་སྡེ་ལས་གསུངས་ཕྱག་ཆེན་ནི། །སྐྱེ་འགག་སྟོང་པར་རྒྱས་འདེབས་པའི། །སྟོང་ཉིད་སྒོམ་པ་ཙམ་མ་ཡིན། །གསུམ་པའི་དཔེ་ཡིས་ཡེ་ཤེས་དོན། །ཚོར་བ་བདེ་བ་ཙམ་མིན་པའི༌། །རྟོག་བྲལ་རང་བྱུང་ཡེ་ཤེས་ཡིན། །དེ་ཉིད་མངོན་དུ་གྱུར་ཙ་ན། །ཐེག་པ་ཆེན་པོའི་མཐོང་ལམ་ཐོབ། །ཕྱག་ནི་འཁོར་བ་ལ་སོགས་པའི། །ཡི་གེའི་འབྲུ་བསྣོན་ལ་འཇུག་ན། །གལ་ཏེ་མི་སྟོང་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་མེད་པས་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །དེ་སྐད་དབུ་མ་ལས་གསུངས་ལྟར། །འཁྲུལ་ལུགས་གནས་ལུགས་


JLAZ007_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྟོག་ནི། །ཆོས་སྐུའི་ཕྱག་རྒྱ་ཆེན་པོ་སོགས། །ཆོས་ཅན་དོན་ལ་ཆོས་ཉིད་ཀྱི། །ཤེས་བྱས་རྒྱས་འདེབས་གང་ཞིག་དང༌། །ཆོས་གང་རབ་ཏུ་རྣམ་དབྱེ་འབྱེད་ཀྱི། །བློ་གྲོས་སྲིད་ཞིའི་ཕ་རོལ་ཏུ། །སོན་པའི་ཡེ་ཤེས་རྫོགས་པ་ཆེ། །གཅིག་གམ་ཐ་དད་ད་དུང་གཟིགས། །དེ་སྐད་དུ་ནི་ཕྱོགས་གླང་གིས། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བ་ཡིས། །གཞུང་དང་ལམ་ཡང་དེ་སྒྲ་ཡིན། །ཞེས་པས་གསལ་བར་གོ་ནུས་སོ། །དེ་བཞིན་ཀུན་གཞི་མྱང་འདས་སུ། །དངོས་སྟོབས་རིག་པས་ཁས་ལེན་ན། །ཆོས་སྐུའང་ལུང་མ་བསྟན་དུ་འགྱུར། །ཅི་ཕྱིར་ཀུན་གཞི་ལས་འཁྲུལ་ཕྱིར། །གདོད་ནས་འཁྲུལ་གཞི་ཅན་དུ་འགྱུར། །འདི་ན་ཁ་ཅིག་བྱིས་པ་རྣམས། །རེ་ཞིག་ཆོས་དབྱིངས་དྲི་མེད་ལ། །ཡིད་མི་ཆེས་པ་དྲང་བའི་ཕྱིར། །ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །མྱ་ངན་འདས་པའི་གཞི་མའང་ཡིན། །ཞེས་པའི་ལྡེམ་དགོངས་ཅན་གྱི་ལུང༌། །ཇི་བཞིན་པ་རུ་འཁྲུལ་པར་ཟད། །ཁྱད་པར་ལམ་དང་འབྲས་བུ་གཉིས། །གཤིས་སུ་གཅིག་པར་ཉམས་ལེན་པར། །འབྲས་བུ་ལམ་བྱེད་རྡོ་རྗེའི་ཐེག །གང་གིས་ཁྱད་ཆོས་ཉིད་ཡིན་ཡང༌། །རླུང་སེམས་ཆ་ཡིས་བསླད་མ་བསླད། །ཁྱད་


JLAZ007_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤིན་ཏུ་ཆེ་བས་ན། །གྲོལ་གཞི་དང་ནི་གྲོལ་ས་ཡིན། །ཀ་དག་གཉིས་ཀྱི་ཆར་དབྱེ་བ། །སྔོན་ཆད་གཞན་གྱིས་མ་རྟོགས་པའི། །གསང་ཚིག་ཀུན་མཁྱེན་ཉིད་ཀྱིས་བསྒྲགས། །དེ་སྐད་དུ་ནི་རྫོགས་ཆེན་ལས། །ཀུན་གཞི་ཆོས་སྐུར་འདོད་པ་ནི། །ང་ལས་གོལ་བ་ཡིན་ཞེས་བཤད། །གཞི་གཅིག་ལམ་གཉིས་ཞེས་བྱ་བའི། །ལུང་ནི་རགས་པའི་རྣམ་གཞག་སྟེ། །གཞི་བདུན་རྣམ་དབྱེ་མ་ཤེས་ན། །ཆོ་ག་ཞིབ་མོ་ག་ལ་ཤེས། །རགས་པ་དེ་ཡང་དོན་གཅིག་ན། །འགལ་ཞེས་བརྗོད་པ་རང་དགར་ཟད། །བརྒྱ་ལ་འགལ་ཡང་མདོ་རྒྱུད་ནི། །ལུང་གི་དབང་པོ་ཡིན་པས་སོ། །སྐབས་འདིར་འཁོར་ལོ་ཐ་མ་དར། །རྒྱུད་སྡེའི་ལུང་འདྲེན་བྱུང་རྒྱལ་དུ། །དྲངས་ཀྱང་དྲང་ངེས་ལྡེམ་དགོངས་དང༌། །དགོངས་མིན་སྒྲ་ཇི་བཞིན་པའམ། །མ་ཡིན་ཁྱད་པར་མ་ཕྱེད་ན། །ཚུལ་འདིར་རྒྱ་བོད་མཁས་རྣམས་ཀྱང༌། །བཞེད་པ་ཤིན་ཏུ་འགལ་གྱུར་པས། །བོད་འདིར་སྒྲོམ་བྱུང་ཤེས་རབ་ཀྱིས། །ཐུགས་རྒྱུད་གྲོལ་ཀྱང་ཐ་སྙད་དང༌། །རྣམ་དབྱེ་མ་འདྲེས་འདོད་རྒྱལ་དུ། །བརྗོད་པའི་ལུང་ལ་རྒྱབ་བརྟེན་དང༌། །དགག་བསྒྲུབ་གཉིས་ཀ་ཉེས་དམིགས་ཀྱིས། །རྒྱུ་རུ་མཐོང་ནས་བཏད་སྙོམས་བཞག །འོན་ཏང་སེམས་ལ་སངས་རྒྱས་སུ། །གསུངས་ལ་དགོངས་གཞི་དགོས་པ་གཉིས། །


JLAZ007_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་མཚན་ཉིད་མ་རྟོགས་བཞིན། །ཐ་མལ་ཤེས་པ་རང་རྒྱུད་ཅན། །དྲན་པའི་འཚིར་དཔྱད་ཀྱིས་བཟུང་ཡང༌། །དེ་ལ་ཕྱག་རྒྱ་ཆེ་མི་རུང༌། །སེམས་ནི་འདུས་བྱས་ཡིན་ཇི་ལྟར་འདུས་ན་རྣམ་ཤེས་ཀྱི། །ཚོགས་པ་བརྒྱད་དང་བཅས་པ་ཡང༌། །སངས་རྒྱས་ཡིན་ན་གདན་གསུམ་ལྷའི། །སྦྱངས་གཞི་སྦྱོང་བྱེད་སྦྱངས་འབྲས་ཀྱང༌། །དགོས་པ་མེད་པའི་གནས་སུ་ལྷུང༌། །དེས་ན་སེམས་ལ་སངས་རྒྱས་ཀྱི། །སྙིང་པོ་གནས་པ་སྒོམ་སྟོབས་ཀྱིས། །མངོན་དུ་བྱས་པ་ལ་དགོངས་ནས། །སེམས་ལ་སངས་རྒྱས་ཡིན་ཞེས་གསུངས། །དགོས་པ་སྐྱོན་ལྔ་སྤང་ཕྱིར་ཏེ། །སེམས་ཞུམ་སེམས་ཅན་དམན་ལ་བརྙས། །སོགས་ཀྱི་རྒྱུ་མཚན་རིག་པར་བྱ། །རྣལ་དབབ་དང་ནི་ཞི་གནས་གཉིས། །གཅིག་པ་འདི་ཡང་ཐེ་ཚོམ་གནས། །རྣལ་མ་མ་བཅོས་དོན་ཡིན་ལ། །དབབ་པ་ངང་ལ་བཞག་པའི་དོན། །ཞི་གནས་བྱིས་པ་ཉེར་སྤྱོད་ཀྱི། །བསམ་གཏན་ལ་ཡང་ཡོད་པའི་ཕྱིར། །དང་པོར་བཅོས་མའི་སྒོམ་བྱས་ནས། །ཕྱི་ནས་དོན་རབ་འབྱེད་པ་ཡི། །ཏིང་ངེ་འཛིན་ལ་འཇུག་པས་སོ། །སོར་གཞུག་ལྷག་མཐོང་ཉེར་བསྡོགས་ཏེ། །རྣལ་དུ་དབབ་པའི་གེགས་སེལ་ལམ། །རྩལ་སྦྱོང་ཉིད་དེ་རྣམ་རྟོག་གི །རང་བཞིན་ཞེས་ལ་རང་


JLAZ007_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་གྱི། །ཐ་སྙད་བཞག་རུང་རྣམ་རྟོག་དངོས། །ཆོས་སྐུ་ཁས་ལེན་རྟོག་བཟོ་སྟེ། །རྣམ་རྟོག་ཅེས་བྱ་རླུང་སེམས་ཀྱིས། །ཆས་ཁུར་འཁྲུལ་པའི་རང་གཟུགས་ཡིན། །དེ་ཡང་སྒོམ་དུ་མ་ཤར་བར། །ཀུན་ཏུ་བརྟགས་པའི་གཞན་དབང་ཅན། །ཤར་ནས་ལམ་དུ་སོང་བ་ལ། །རྗེས་ལ་ཐོབ་པའི་ཐ་སྙད་རུང༌། རྣམ་རྟོག་ཆོས་སྐུ་དངོས་ཡིན་ན། །སངས་རྒྱས་སློབ་པའི་ལམ་པར་འགྱུར། །དེ་ཡི་རྒྱུ་མཚན་ཕྱོགས་གླང་གིས། །རྣམ་པར་རྟོག་པ་མ་གཏོགས་པ། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་འདའ། །ཞེས་པ་ཁོང་དུ་ཆུད་པར་གྱིས། །ཡང་ཅིག་སྣང་བ་སེམས་འདོད་པ། །སེམས་ཙམ་པ་ཡི་གྲུབ་མཐའ་ཡིན། །ངེས་པའི་དོན་དུ་དེ་ཡིན་ན། །རང་ཉིད་ཡོད་མེད་བྱེད་པ་ལྟར། །སྣང་བ་ཉིད་ཀྱང་དེ་རྗེས་འབྲང༌། །འོན་ཀྱང་ཁྱོད་ནི་སྣང་བ་ཡང༌། །སེམས་སུ་འདོད་པའི་ཤེས་བྱེད་དུ། །མངོན་སྤྱོད་དུས་ཀྱི་གསལ་གསུམ་ལས། །ཕྱིར་སྣང་དགྲ་ལ་རྟགས་ཐོན་དཔེ། །འདྲེན་པའི་རྟོག་པ་དེ་ཆོས་ཅན། །སྣང་བ་སེམས་ཀྱིས་བརྟགས་པའི་ཕྱིར། །བཏགས་པ་དེ་ཀ་སེམས་ཡིན་ན། །རྣམ་ཤེས་དངོས་པོར་འདོད་དགོས་ཏེ། །མིག་ཤེས་ལ་སོགས་ཁ་ཕྱིར་བལྟའི། །ཡུལ་འཛིན་གཉིས་སྣང་གློ་བུར་བ། །གཟུང་ཡུལ་དངོས་དང་འཁྲུལ་པས་ལེན། །


JLAZ007_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་ཀུན་གཞིའི་རྣམ་པར་ཤེས། །ངར་འཛིན་པ་ནི་ཡིད་ཡིན་ནོ། །ཞེས་པས་སེམས་དང་སེམས་བྱུང་རྣམས། །གཟུང་འཛིན་རིས་སུ་མ་ཆད་པར། །སྣང་སེམས་འདྲེས་པའི་དུས་ཉིད་ལ། །བེམ་པོ་འགུལ་དང་སྒྲ་འབྱིན་སོགས། །ཀུན་རྫོབ་རྟེན་འབྲེལ་བསླུ་མེད་དང༌། །ལམ་བདེན་འདུས་བྱས་བདེན་པ་ལས། །སྣང་བ་སེམས་སུ་གཅིག་ནས་མིན། །ངོ་སྤྲོད་སྤྲས་པའི་དགོངས་པ་ནི། །ཉན་ཐོས་བྱེ་བྲག་སྨྲ་བ་ནས། །དབུ་མ་རབ་ཏུ་མི་གནས་པར། །རིམ་གྱིས་ཁྲིད་པའི་ཐབས་མཁས་ཀྱི། །ཡན་ལག་ཡིན་གྱི་ཐ་དད་མིན། །རྒྱལ་བ་ཀློང་ཆེན་རབ་འབྱམས་ནི། །ཅིག་ཅར་ཁྲིད་པ་གཙོར་བཏོན་ནས། །འཕགས་ལམ་རྫོགས་པ་ཆེན་པོ་ཡིས། །ཤེས་རབ་ཅན་རྣམས་དམན་ལམ་དུ། །ཆུད་མི་ཟ་བར་མཛད་པ་ཡིན། །རིག་པ་ཞེས་བྱ་འདོད་རྒྱལ་དུ། །སྨྲ་ལ་རྒྱུ་མཚན་ཡོད་མ་ཡིན། །འཇིག་རྟེན་སྐྱེ་བོའི་ངག་བགྲོས་ལའང༌། །མི་འདི་རིག་པ་ལེགས་ཞེས་ཟེར། །གྲུབ་མཐའ་སྨྲ་ལ་ཞུགས་པ་རྣམས། །བཞེད་ལུགས་མང་ཡང་གཉིས་སུ་འདུ། །ཆོས་རྗེ་ས་སྐྱཔཎྚི་ཏ། །དབུ་མ་རང་རྒྱུད་ཁས་ལེན་ཞིང༌། །རིག་པ་འདུས་བྱས་ཡིན་པར་བསྒྲུབས། །རྫོགས་པ་ཆེན་པོའི་རྒྱུད་སྡེ་ནས། །གསུངས་པའི་རིག་པ་རྣམ་རིག་མིན། །


JLAZ007_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་རྒལ་དུས་ན་ལུག་རྒྱུད་ལ། །མིང་དུ་བཏགས་ཀྱང་དོན་ལ་གཞན། །ཅི་ཕྱིར་ལུག་རྒྱུད་དབང་པོའི་སྒོར། །མངོན་སུམ་ཕྱིར་ན་རྫས་ཡོད་ཡིན། །ཐོད་རྒལ་ལམ་ལ་དད་གྱུར་ཀྱང༌། །ཁྲེགས་ཆོད་གདེང་དུ་མ་གྱུར་རྣམས། །སྣང་ཉམས་ལ་ཞེན་ཕུང་བར་འགྱུར། །དེ་ཕྱིར་ཀུན་མཁྱེན་ཆེན་པོ་ཡིས། །རྩལ་དང་གདངས་དང་ངོ་བོ་དང༌། །གསུམ་གྱི་ལྡོག་པ་ཕྱེ་བའི་ཁྱད། །རྫོགས་པ་ཆེན་པོར་ཁས་འཆེ་བ། །ཀུན་གྱིས་རིག་པ་མ་ཡིན་ནོ། །ཁྱད་པར་ཀ་དག་སྤྲོས་བྲལ་ལམ། །ཁྲེགས་ཆོད་དུས་ན་སེམས་རིག་གི །དབྱེ་བ་ཆུ་དང་སྦུ་བའི་དཔེས། །ཤིན་ཏུ་གསལ་བ་རྫོགས་ཆེན་གྱི། །རྒྱུད་ལས་གསུངས་པ་ཐེག་མཆོག་ཏུ། །རྒྱས་པར་བཀྲལ་བ་མ་གཟིགས་སམ། །གཟིགས་ན་རྫོགས་ཆེན་པོ་དང༌། །ཡིད་དཔྱོད་གྲུབ་མཐའ་གཞན་པའི་ཁྱད། །གཏིང་དུ་ཕྱིན་པར་དགོངས་མཆི་ལ། །གལ་ཏེ་ད་དུང་ཁས་ལེན་གཞན། །ཕྱོགས་སྔའི་དབང་གིས་མི་འདོར་ན། །རྫོགས་ཆེན་ལམ་ལ་བསྔགས་བྱས་ཀྱང༌། །ཆགས་སྡང་ཙམ་གྱིས་རྒྱུ་རུ་ཟད། །ཐོད་རྒལ་རྫོགས་པ་ཆེན་པོ་ཡི། །ཐབས་ཀྱི་ལམ་མཆོག་ཆེ་ཤོས་སུ། །རིག་ཅིངབསྐྱེད་རིམ་སྒྱུ་ལུས་དང༌། །འོད་གསལ་ཟུང་འཇུག་ཀུན་གྱི་གནད། །ཚང་བར་འདུག་ཚུལ་ཕལ་ཆེར་དགོངས། །ད་དུང་ཐོད་རྒལ་ཁྲེགས་


JLAZ007_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཆོད་ལས། །ཁྱད་པར་བདུན་གྱིས་འཕགས་པའི་ཚུལ། །ལེགས་པར་དཔྱད་ནས་གཞན་ལའང་འདོམས། །ཕྱག་རྒྱ་ཆེན་པོའི་སྦོམ་ཆེན་གྱི། །འབྲོག་འབྲང་ཀུན་ཏུ་རྟོག་པ་སྟེ། །ཤར་གྲོལ་ཡེ་ཤེས་བྱིན་ཟར་ཕུལ། །འབྲང་འབྲང་གཤེད་སྐོར་ལས་མ་མཐོང༌། །གཏེར་གྱི་སྒྲ་ནི་འཛད་མེད་དོན། །ཡིན་ན་ས་གཏེར་ཞེས་བྱའི་སྒྲ། །དོན་གཞན་ལ་དགོངས་རྒྱུ་མཚན་མང༌། །འོན་ཀྱང་གཏེར་ཀ་གོང་འོག་སོགས། །བླ་དཔེ་ཤོག་སེར་དངོས་ཀྱང་ཡོད། །དག་སྣང་ཉམས་ཀྱི་ཆོས་ཡིན་ཡང༌། །རིག་པས་བཏགས་པའི་བློ་འཐོར་ནི། །བྱིན་རླབས་འབྱུང་བ་ག་ལ་སྲིད། །ཐུགས་གཏེར་རམ་ནི་དགོངས་གཏེར་ནི། །གཏེར་གྱི་ངོ་བོ་ཉིད་ཡིན་ཏེ། །དེ་ལ་མཁས་འགྲོའི་བརྡ་ཡིག་ཀྱང༌། །རྣམ་པ་ཀུན་གྱི་མཆོག་ལྡན་དང༌། །མཚུངས་དཔེར་འོས་པ་ཡོད་མོད་དེ། །གཞོན་ནུ་མ་ཡི་པྲ་བཞིན་དུ། །ཀུན་དང་ཐུན་མོང་ཡིན་པ་འགལ། །ཚིག་དོན་གཉིས་ཀ་ནོར་གྱུར་ཅིང༌། །དངོས་གྲུབ་གནས་ལ་བསླུ་བ་ལ། །པདྨའི་གསུང་དུ་སྒྲོ་བཏགས་པས། །སྔ་འགྱུར་ཆོས་ལ་ཐེ་ཚོམ་དུ། །འགྱུར་བ་འདི་ནི་བདུད་ཀྱི་ལས། །གནམ་ཆོས་ཁམས་ན་ཡོད་ཅེས་ཐོས། །དེ་ཕྱིར་གང་ལ་ཁྱོད་ཅིག་བཟོ། །རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ༌། །དེ་


JLAZ007_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལྷ་མ་ཡིན་གྱིས་ནི། །འཇུག་པ་ཉིད་ཀྱང་ཆེས་མང་ན། །དེ་དག་དགག་དང་བསྒྲུབ་པ་ཡི། །བསམ་སྦྱོར་གཉིས་ཀར་སྤྲོ་བ་མེད། །བཏང་སྙོམས་ཀྱིས་ནི་སྡིག་བསྲུངས་ཀྱང༌། །ཁྱེད་ཀྱིས་དྲིས་པའི་ལན་མ་བཟློག །གཏེར་རྒྱ་འཛད་པ་མེད་པའི་དོན། །སྦས་རྒྱ་རྒྱུ་རྐྱེན་རྟེན་འབྲེལ་ནི། །མ་ཚོགས་ཐུགས་ལ་གབ་པའི་དོན། །གསང་རྒྱ་སྐལ་མེད་ཐེ་ཚོམ་དང༌། །ལོག་ལྟ་ཅན་ལ་གསང་བའི་དོན། །ཟབ་རྒྱ་དངོས་གྲུབ་སྒྲུབ་པ་ལ། །བསླུ་བ་མེད་པའི་ཐ་ཚིག་ཡིན། །གཏད་རྒྱ་ཆོས་ཀྱི་བདག་པོ་དང༌། །ལས་འཕྲོ་ཅན་ལ་སྤྲོད་པའི་དོན། །ཤེས་བཞིན་ཅོ་འདྲི་བྱེད་པ་དང༌། །ཡིད་གཉིས་གྱུར་ནས་གདོན་ཟ་བར། །གཉིས་ཀ་མཉམ་པ་ཉིད་ཀྱི་ཕྱིར། །རེ་དོགས་མེད་པའི་སེམས་ཀྱིས་སྨྲས། །སངས་རྒྱས་ལས་གཞན་སྤོབས་པའི་རྒྱུན། །གཅོད་པར་མི་ནུས་ལི་ཙ་གི །དམ་པའི་རིགས་ཅན་དྲི་མེད་གྲགས། །གངས་རིའི་ཁྲོད་ན་མངོན་སུམ་པའི། །ཀུན་མཁྱེན་གཞུང་ལ་ཅོ་འདྲི་བ། །རང་གིས་རང་ཉིད་བརྡེག་དང་མཚུངས། །ཅི་ཕྱིར་སྔ་འགྱུར་ཆོས་མིན་དུ། བསྒྲུབ་པར་འདོད་པའི་ལོག་རྟོག་ཅན། །སྔ་རབས་བྱུང་དང་ད་ལྟ་བར། །ཀུན་ཀྱང་འདི་ཡི་གཞུང་མཐོང་ནས། །རོག་སྟེ་འདུག་ལ་ཕྱོགས་པའི་ཕྱིར། །བཀའ་དྲིན་བསམ་ཞིང་བྱས་པ་བཟོ། །དེ་བས་འདི་ཉིད་དོན་ཆེ་


JLAZ007_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །སྒམ་པོའི་རིང་ལུགས་བྱིན་རླབས་ཅན། །ཚིག་གི་ཆ་ལ་མ་ངེས་ཀྱང༌། །དོན་ལ་རྟོན་པ་རྒྱུད་བཅས་དང༌། །ཁྱད་པར་འབྲི་གུང་དགོངས་གཅིག་གཞུང༌། །རྩ་འགྲེལ་ཆུད་གསོན་བྱེད་པ་ཡི། རབ་དབྱེ་འགྲེལ་བྱེད་མང་དག་ལ། །ལུང་རིག་གཏན་ཚིགས་ཀྱིས་བསྒྲུབས་པའི། །དཔྱད་པ་རྣོན་པོས་འཁྲུལ་སྤོང་ཞིག །བསྐྲུན་ན་ངེས་པར་སྒྲུབ་བརྒྱུད་ཀྱི། །བསྟན་པའི་བྱི་དོར་ཉིད་འགྱུར་བས། །བསྐུལ་ལོ་ངེས་པར་སྐབས་དབྱེ་ཞིག །སྔ་འགྱུར་གཞུང་ལ་ཟུར་ཟ་བ། །རྣམས་ལ་དངོས་དང་བརྒྱུད་མ་ནས། །སྔར་ཡང་མང་དུ་བྱས་ཟིན་གྱིས། །སླར་ཡང་བགྱིད་པར་དམ་བཅའ་འོ། །དགེ་བ་དེ་ཡིས་བདག་གཞན་ཀུན། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །གདོད་མའི་མགོན་དང་རོ་གཅིག་ཤོག །ཅེས་པའང་འབྲི་གུང་བླ་མ་ཆན་དོན་གྲུབ་སྐལ་བཟང་གིས་དྲི་བའི་འཕྲིན་ཡིག་རིང་མོ་བསྲིངས་པའི་ལན་དུ་མཁྱེན་བརྩེའི་འོད་ཟེར་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །གཏམ་ཚོགས་ལེའུ་རེ་གཅིག་པའོ།། །།


previousགཏམ་ཚོགས་ལེའུ་རེ་གཅིག་པ། ཕྱག་རྫོགས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་དབྱེ་བའི་གཏམ་ཀེ་ཏ་ཀའི་རྣ་རྒྱན།next