Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་རེ་གཉིས་པ། ཆོས་ཉིད་རྣམ་པར་མ་གྱུར་པའི་གཏམ་ནམ་མཁའ་ལྡིང་གི་རྣ་རྒྱན།
   
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་རེ་གཉིས་པ། ཆོས་ཉིད་རྣམ་པར་མ་གྱུར་པའི་གཏམ་ནམ་མཁའ་ལྡིང་གི་རྣ་རྒྱན།next

གཏམ་ཚོགས་ལེའུ་རེ་གཉིས་པ། ཆོས་ཉིད་རྣམ་པར་མ་གྱུར་པའི་གཏམ་ནམ་མཁའ་ལྡིང་གི་རྣ་རྒྱན།


JLAZ007_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་རྣམ་པར་མ་གྱུར་པའི་གཏམ་ནམ་མཁའ་ལྡིང་གི་རྣ་རྒྱན་ཅེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཤེས་བྱ་ཀུན་གྱི་ཕ་རོལ་ཕྱིན་པ་དེས། །ལམ་བདེན་སྤང་ན་ཚིག་ཏུ་བརྗོད་པའི་མཐའ། །བཟང་པོར་


JLAZ007_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ཀྱང་གྲུབ་མཐའ་ལྟར་སྣང་བ། །ཡིན་པར་ངེས་ན་འདུས་མ་བྱས་དབྱིངས་དྲན། །འདི་ལ་གསུམ། གྲུབ་མཐའི་རྣམ་གཞག་སྤྱིར་བསྟན་པ་དང༌། རང་སྡེའི་གྲུབ་མཐའི་ཁྱད་པར་བཤད་པ། ཆོས་ཉིད་ཟབ་མོ་ལ་རྩོད་པ་སྤང་བའོ། །དང་པོ་ནི། རྒྱལ་བའི་བསྟན་པ་ལས་སྔ་རོལ་པ་དང༌། ཕྱི་རོལ་གཉིས་ཀར་གྱུར་པ་དྲང་སྲོང་ཕུར་བུ་དང༌། འུག་ཕྲུག་པ། གྲོག་མཁར་བ་ལ་སོགས་པའི་སྡེ་ཚན་གྱིས་ཀུན་འབྱུང་གི་བློས་གཏགས་ཤིང་བཟུང་བའི་གྲུབ་པའི་མཐའ་མུ་སྟེགས་བྱེད་ཀྱི་གཞུང་ལ་ཐར་བའི་ལམ་མེད་ཀྱང༌། རྣམ་པར་རིག་བྱེད་ཀྱི་དཔྱད་པས་མཐོ་རིས་ཐོབ་པའི་ལམ་ཡོད་མེད་གཉིས་ལས་དང་པོའི་ཕྱོགས་ལ་སྡིག་སྤོང་དགེ་སྒྲུབ་དང༌། སྙོམས་འཇུག་གི་བསམ་གཏན་བཞི་ཚན་གཉིས་ལ་བརྟེན་ནས་མཐོ་རིས་ཀྱི་ལམ་ཡོད་པ་ལ་དགོངས་ནས་མུ་སྟེགས་ཅན་གྱིས་ལེགས་པར་དཔྱད་པའི་གཞུང་ལའང་དམོད་པ་བཀག་པ་ཡིན་ལ། ཕྱོགས་གཉིས་པ་རྒྱང་འཕེན་ལ་སོགས་ནི་ལས་འབྲས་ལ་སྐུར་ཞིང༌། འཚེ་བ་ཆོས་སུ་སྨྲ་བ་སོགས་གྲུབ་མཐའ་ཆད་པ་ཡིན་ནོ། །དེ་གཉིས་ཀས་ཀྱང་འཁོར་བའི་རྩ་བ་བདག་ཏུ་འཛིན་པ་ལ་ཐོག་མ་མེད་པ་ནས་གོམས་ཤིང་འདྲིས་པར་བྱས་པའི་སྟེང་དུ། ད་དུང་ཡང་རྣམ་རིག་ཕྱིན་ཅི་ལོག་གི་རྟགས་ཁྱབ་མང་པོས་བཞག་པའི་གྲུབ་མཐའ་ངན་པས་སྤང་གཉེན་གོ་ལྡོག་ཏུ་སྦྱར་བས་ཉོན་མོངས་པའི་འབྱུང་ཁུངས་རྩ་བ་མི་ཆོད་པས་དེ་དག་ལ་


JLAZ007_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་ལམ་ནི་མེད་པ་ཡིན་ནོ། །དེ་སྐད་དུ་ལངྐར་གཤེགས་པ་ལས། མུ་སྟེགས་ལྟ་བས་དྲི་མར་བྱས། །ཡིད་ཀྱི་རྣམ་པར་ཤེས་པས་གཡོགས། །བརྗོད་དུ་མེད་པ་སྨྲ་བར་བྱེད། །ཅེས་སོ། །ནང་པ་སངས་རྒྱས་པའི་གྲུབ་མཐའ་ནི་ཐོག་མཐའ་བར་གསུམ་དུ་དགེ་ཞིང་ཇི་ལྟར་བསྟན་པའི་ལམ་ཡང་བགྲོད་པ་མྱུར་བུལ་ཙམ་ལས་མཐར་གྱིས་འཁོར་བའི་རྩ་བ་གང་ཟག་གི་བདག་དང༌། དེའི་གཉེན་པོ་ལ་ཞེན་པའི་ཆོས་ཀྱི་བདག་ཆ་ཕྲ་མོ་ནས་སྤང་བ་ལ་ཞུགས་པས་མྱ་ངན་ལས་འདས་པའི་ལམ་རྣལ་མ་ཡོད་པའི་ཕྱིར་རང་སྡེའི་བསྟན་བཅོས་ཀྱི་མཚན་ཉིད་ཀྱི་ལའང༌། ཐར་པ་ཐོབ་པའི་ལམ་དང་རྗེས་འབྲེལ་བས། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང༌། །ཞེས་སོ། །གཉིས་པའི་དོན་ལ་གྲུབ་མཐའ་སྨྲ་བ་བཞི་ཡོད་པ་ལས། བྱེ་བྲག་ཏུ་སྨྲ་བ་དང༌། །མདོ་སྡེ་པ་གཉིས་ནི་ཐེག་དམན་ཉན་ཐོས་ཀྱི་གཞུང་ལུགས་འཛིན། སེམས་ཙམ་པ་དང༌། དབུ་མ་པ་གཉིས་ནི་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པའོ། །གྲུབ་མཐའ་བཞི་པོ་གང་བཟུང་ཡང་རུང་སྟེ་དང་པོ་གཉིས་བཀའི་མཐར་ཐུག་ཏུ་འདོད་ཅིང༌། དེའི་གཞུང་ནས་བཤད་པའི་བསམ་སྦྱོར་ལྷུར་བྱེད་པ་ནི་ཐེག་དམན་པ་ཡིན་ལ། ཕྱི་མ་གཉིས་བཀའི་མཐར་ཐུག་ཏུ་འདོད་ཅིང༌། དེ་ལས་བཤད་པའི་བསམ་སྦྱོར་ལྷུར་བྱེད་པ་ནི་ཐེག་ཆེན་པར་འཇོག་པ་ལས། གྲུབ་


JLAZ007_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དེ་དང་དེའི་གཞུང་བཟུང་བ་ཙམ་ལ་ཐེག་པ་ཆེ་ཆུང་གི་གང་ཟག་ཏུ་བཞག་ཏུ་མི་རུང་ངོ༌། །གཞག་གསུམ་པོ་གང་ཡང་མ་རིག་ཅིང༌། ལམ་གྱི་ཡོན་ཏན་སྣ་གཅིག་ཀྱང་རྒྱུད་ལ་མ་སྐྱེས་ན་ཆོས་ལུགས་དང་གྲུབ་མཐའ་གང་ཡིན་ཟེར་ཡང་གང་ཟག་དེ་ཐེག་ཆེན་པའམ། ཐེག་དམན་པ་ལྟ་ཅི་སྨོས། མུ་སྟེགས་བྱེད་དུའང་མི་རུང་སྟེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་འབྲས་གཉིས་ཀ་ལ་རྟོག་དཔྱོད་དང་བྲལ་བའི་ཕྱིར་རོ། །དེ་བས་ན་ལམ་དུ་ཞུགས་པའི་གང་ཟག་ཡིན་ཕྱིན་ཆད་ཐ་ནའང་ཐེག་པ་ཆེ་ཆུང་གི་རྣམ་དབྱེ་ཤེས་དགོས་ཏེ། དེ་མ་ཤེས་ན་ཆོས་ལུགས་ཙམ་ལ་ཡིད་རྟོན་དུ་རུང་བའི་རྒྱུ་མཚན་གང་ཡང་མེད་པའི་ཕྱིར་རོ། །དེ་སྐད་དུ་རབ་དབྱེར། ད་ལྟའི་ཆོས་པ་ཕལ་ཆེ་བ། །བསླབ་པ་གསུམ་པོ་མི་སྤྱོད་པས། །ཕ་རོལ་ཕྱིན་པའི་ཆོས་ལུགས་མིན། །དབང་དང་རིམ་གཉིས་མི་ལྡན་པས། །རྡོ་རྗེ་ཐེག་པའི་བསྟན་པ་མིན། །འདུལ་བའི་སྡེ་སྣོད་མི་ཤེས་པས། །ཉན་ཐོས་ཀྱི་ཡང་ཆོས་ལུགས་མིན། །འོན་ཀྱང་ཆོས་པར་ཁས་འཆེ་བ། །ཀྱེ་མ་གང་གི་བསྟན་པར་འགྱུར། །ཞེས་བཤད་པ་ལྟར་རོ། །དེ་ལ་བདག་ཅག་གི་སྟོན་པ་ནི་ཐབས་ལ་མཁས་པས་ཐོག་མ་ཉིད་ནས་རང་གི་གྲུབ་མཐའ་འདོད་རྒྱལ་དུ་མི་སྟོན་པར་མུ་སྟེགས་བྱེད་རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པའི་རིགས་ཅན་དག་དང་མཐུན་པའི་དཀའ་ཐུབ་དང༌། བསམ་གཏན་བསྟེན་ནས་གཞན་གྱི་གྲུབ་པའི་མཐའ་


JLAZ007_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་འོག་ཏུ་ཆུད་པར་མཛད་ཀྱང་རང་ཉིད་ཀྱིས་ཐོག་མ་མེད་པ་ནས་བསྟེན་གོམས་མཛད་པའི་ཡེ་ཤེས་དྲི་བྲལ་མངོན་སུམ་པར་བྱས་ནས་སངས་རྒྱས་པའི་ཚུལ་བསྟན་ནོ། །དེ་ལྟ་བུའི་གོ་འཕང་ལ་གདུལ་བྱ་མཐའ་དག་བཀྲི་བར་བཞེད་ཀྱང༌། གང་ཟག་རྣམས་ནི་ཚོགས་ལ་བལྟ་བ་ཅན་ཡིན་པས་ལམ་ལ་རིམ་གྱིས་བཀྲི་བའི་ཕྱིར། སེམས་དང༌། སེམས་བྱུང་དང་། སེམས་བྱུང་དང་། ཡུལ་དང༌། གཟུགས་སོགས་བཏགས་ཡོད་ཙམ་དུ་བསྟན་པས་ཡུལ་དང་དབང་པོ་བདེན་གྲུབ་ལས་རྣམ་ཤེས་སྐྱེ་བའི་ཚུལ་གྱིས་བྱེ་བྲག་སྨྲ་བའི་གྲུབ་མཐའ་ཤིན་ཏུ་རགས་པ་བྱུང་ཡང༌། མུ་སྟེགས་པ་རྣམས་ཀྱིས་བཏགས་པའི་ང་བདག་གཅིག་པུ་རང་དབང་ཅན་གྱིས་རྟག་པ་ལས་ཁྱད་པར་ཕྱེ་ནས་བསྟན་པས་རིམ་གྱིས་ཐར་པ་ཐོབ་པའི་སྐལ་བ་ཅན་ཡིན་ནོ། །དེ་ཡང་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་སོགས་ནི། འདུས་བྱས་རྣམས་ཀྱང་སྐད་ཅིག་གིས་འཇིག་པའི་མི་རྟག་པ་དང༌། གང་ཟག་གི་བདག་ཀྱང་བློས་བཏགས་པ་ཙམ་ལས་རྫས་སུ་མེད་པར་འདོད་པས་སྔ་མ་ལས་གྲུབ་མཐའ་བཟང་ངོ༌། །མདོ་སྡེ་པ་ནི། གཟུགས་སོགས་རགས་རྒྱུན་ཡང༌། ཤེས་པའི་རྒྱུན་བདེན་མེད་ཡིན། འདས་མ་འོངས་ཀྱི་ཆོས་དང༌། འདུས་མ་བྱས་དང༌། ལྡན་མིན་འདུ་བྱེད་བཏགས་ཡོད་ཙམ་དུ་འདོད་ཅིང༌། ད་ལྟར་པའི་རྡུལ་ཕྲན་དང༌། ཤེས་པ་


JLAZ007_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མ་ཙམ་ཆ་མེད་བདེན་གྲུབ་ཏུ་སྨྲ། མིག་ལས་མིག་ཤེས་ཀྱིས་ཀྱང་གཟུགས་དངོས་སུ་མི་མཐོང་སྟེ། མཐོང་བ་ལྟར་སྣང་བ་ནི་མིག་ཤེས་ལ་གཟུགས་སྣང་ཤར་བ་དེ་གཟུགས་རྣམ་དུ་གྲགས་པ་ཤེས་པར་གྱུར་པ་ཡིན་ལ། དེའང་རྣམ་པ་འཆར་བ་དེ་ལ་རྣམ་པ་གཏོད་བྱེད་གཟུགས་སོགས་ཕྱི་དོན་དུ་ཡོད་པར་འདོད་དོ། །སེམས་ཙམ་པ་ནི། གཟུགས་ལ་སོགས་པའི་ཡུལ་ཕྱི་རོལ་ན་ཡོད་པ་ལྟར་སྣང་ཡང༌། ནང་གི་འཛིན་ཆའི་ཤེས་པ་ཉིད་དེར་སྣང་བ་ཙམ་ལས་ཕྱི་རོལ་ན་མེད་དེ་རྨི་ལམ་གྱི་གཟུགས་སོགས་དང་མཚུངས་པར་བལྟ་བས་ན་ཕྱི་རོལ་ན་མེད་ཀྱང་ཡོད་པ་ལྟར་སྣང་བའི་གཟུང་ཆ་ལ། གཟུགས་ཀྱི་རྣམ་པར་འཆར་བའི་རྒྱུ་འཛིན་ཆའི་ཤེས་པ་དེས་རང་གིས་རང་ཉིད་མཐོང་བས། ཕྱི་དོན་དུ་སྣང་བའི་རྣམ་རིག་བདེན་གྲུབ་དེའི་རྣམ་ཤེས་ཀྱི་ངོ་ལྡོག་ཙམ་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སུ་འདོད་པས་རང་ལུགས་སུ་གཟུང་འཛིན་བཀག་པར་རློམ་ཡང༌། འཛིན་པའི་ངོ་བོ་རྣམ་ཤེས་ལས་གཞན་པ་ཡུལ་དུ་སྣང་བའི་རྣམ་རིག་གི་ཆ་ལ་ཕྱེ་བས་གཟུང་འཛིན་རྫས་གཞན་མེད་པར་ཁས་བླངས་པ་ཙམ་ཞིག་གོ །གྲུབ་མཐའ་སྨྲ་བ་བཞི་པོའི་ཡང་རྩེར་སོན་པ་དབུ་མ་ཆེན་པོ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང༌། སེམས་ཀྱི་རང་བཞིན་རྣམ་ཤེས་ཚོགས་བརྒྱད་དང༌། ལྡན་མིན་འདུ་བྱེད་འདུས་བྱས་ཀྱི་དངོས་


JLAZ007_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང༌། ནམ་མཁའ་སོགས་འདུས་མ་བྱས་དང༌། དངོས་མེད་དུ་བཏགས་པའི་ཆོས་ཐམས་ཅད་ཀུན་རྫོབ་དང༌། དེ་དག་གི་རང་བཞིན་བདེན་མེད་ནི་དོན་དམ་དུ་འདོད་ཅིང༌། དེ་གཉིས་ཀྱང་རྣམ་གཞག་ཙམ་དུ་ཐ་དད་ཀྱང༌། ངོ་བོའི་ཆ་ནས་གཅིག་ཐ་དད་གང་དུའང་བརྗོད་དུ་མེད་ཅིང༌། ཡོད་མེད་ཡིན་མིན་སྤྲོས་པ་ཐམས་ཅད་ལས་འདས་པར་སྟོན་པའི་ཚུལ་དབུས་མཐའ་རྣམ་འབྱེད་ལས། །ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་མེད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་སྣང་བ་སྣ་ཚོགས་སུ་འཆར་བའི་ཤེས་པ་ཡང་དག་པ་མ་ཡིན་པའི་རྟོག་པ་ཙམ་ནི་ཀུན་རྫོབ་ཏུ་ཡོད་ལ། དེ་ལ་སྣང་བའི་གཟུང་འཛིན་གྱི་ཆ་ནི་བློས་བཏགས་པ་ཙམ་གྱི་ཕྱིར། ཀུན་རྫོབ་ཙམ་དུའང་ཡོད་པ་མ་ཡིན་པས་མཐའ་གཉིས་ལས་གྲོལ་བ་ཡིན་ཏེ། འདི་ལྟར་ཀུན་རྟོག་ཀུན་རྫོབ་པ་ཙམ་ཡོད་པས་མེད་ཆད་གཉིས་ཀྱི་མཐའ་ལས་གྲོལ་ལ། གཟུང་འཛིན་དང་ལྟོས་ཆོས་ཀྱི་སྒྲོ་བཏགས་ལས་འདས་པས་རྟག་ཡོད་གཉིས་ཀྱི་མཐའ་ལས་གྲོལ་བ་སྟེ། དེའི་ངང་ལ་སྟོང་པ་ཉིད་ཀྱི་རང་བཞིན་དེ་ཆོས་ཉིད་ཀྱི་ཚུལ་དུ་ཡོད་ཀྱང༌། བདེན་པ་གཉིས་ཀྱི་ཟླས་ཕྱེ་བའི་ངོ་བོ་ཉིད་ཀྱི་གྲུབ་ཆོས་ནི་ཤེས་བྱ་ལ་མི་སྲིད་པ་ཡིན་ཏེ། དེའི་ཚུལ་མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། དེ་བཞིན་


JLAZ007_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

ཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་སོ། །དེ་ཡང་སེམས་ཅན་ལ་སྙིང་པོའི་ཚུལ་གྱི་བཞུགས་པས་ལམ་བདེན་གྱི་མཐུས་སྒྲིབ་གཉིས་སྤང་དགོས་ལ། སངས་རྒྱས་ལ་མངོན་སུམ་པའི་ཚུལ་གྱི་བཞུགས་པས་ཆོས་ཀྱི་དབྱིངས་ལ་སྒྲིབ་གཉིས་སྤང་དུ་མིད་དོ། །དེས་ན་གང་ཟག་གི་བློའི་ངོས་ནས་སྒྲིབ་པ་སྤང་བའི་དོན་དུ་ཀུན་བརྟགས་ཀུན་རྫོབ་ཏུ་ཡང་མེད་པ་དང༌། གཞན་དབང་ཀུན་རྫོབ་ཙམ་དུ་ཡོད་པ་དང༌། ཡོངས་གྲུབ་སྤྲོས་པ་ཐམས་ཅད་དང་བྲལ་བར་གཏན་ལ་འབེབས་པའི་ཕྱིར་རང་སྟོང་དང༌། གཞན་སྟོང་ལ་སོགས་པའི་གྲུབ་མཐའི་འཆའ་ལུགས་དང༌། རྣམ་གཞག་མི་མཚུངས་པ་ཐ་དད་པར་སྣང་བ་དེའང་གྲུབ་མཐའ་འཇོག་བྱེད་ཀྱི་བློ་ཟད་པ་དང་ལྷན་ཅིག་རང་བཞིན་གྱིས་རྣམ་པར་དག་པའི་ཚུལ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས། གདོད་ནས་ཟད་པས་དེ་ཕྱིར་ཟད་ཅེས་བྱ། །ཞེས་སོ། །གསུམ་པ་ནི་གངས་རིའི་ཁྲོད་འདིར་རྒྱལ་བའི་ཕྲིན་ལས་ཀྱི་དབང་ལས་སྒྲུབ་བརྒྱུད་ཀྱི་བསྟན་པའི་ལམ་སྲོལ་དང་བཀའ་བབས་ཐ་དད་པ་རྣམ་པ་བརྒྱད་ཡོད་པ་ལས། རྣལ་འབྱོར་དབང་པོ་ཀཱ་རུ་ཎ་ཞེས་པ་ལ་རྒྱ་གར་མཁའ་འགྲོའི་གདམས་པ་བཅོ་ལྔ་ཡོད་པའི་རྫོགས་རིམ་གྱི་ཆོས་སྐད་ལ། ཕན་གནོད་སྤངས་རྟོགས་མ་གྲུབ་པ། །འདི་ནི་དོན་དམ་མཚན་ཉིད་དོ། །ཞེས་པའི་གཞུང་ལ་སྒྲོ་སྐུར་གྱི་མཐའ་སྤོང་བ་ལ་ཆོས་ཉིད་


JLAZ007_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་མ་གྱུར་པའི་གཏམ་ཞེས་བཏགས་པ་སྟེ། ཇི་ལྟར་སྤོང་ན། དེ་བཞིན་གཤེགས་པ་ནི་གཉིས་སུ་གསུང་བ་མ་ཡིན་ཡང༌། ཐུགས་རྗེ་ཆེན་པོ་དང་ཐབས་ལ་མཁས་པ་ཡིན་པས་སེམས་ཅན་གྱི་དབང་པོ་དང༌། བློ་དང༌། སྐལ་པ་དང་རྗེས་སུ་མཐུན་པར་ཐེག་པ་དང་གྲུབ་མཐའི་རྣམ་གཞག་སྣ་ཚོགས་པས་འདུལ་ཞིང༌། མཐར་གྱི་དེ་དག་ཀྱང་ངེས་པའི་དེ་ཁོ་ན་ཉིད་འབའ་ཞིག་ལ་འབབ་ཅིང་གཞོལ་བས། ཆུ་བོ་ཆེན་པོ་རྒྱ་མཚོར་བབ། འབབ། གཞོལ་ཞེས་གསུངས་པ་ལྟར་རོ། །དེ་ལ་རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པའི་གདུལ་བྱ་གདུལ་སླ་བ། སྦྱང་སླ་བ། བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ལྡན་པ་དག་ལ་ནི་འབྲས་བུ་ལམ་དུ་བྱེད་པའི་མན་ངག་བསྟན་ནས་ཆོས་ཉིད་རྗེས་དཔག་ཏུ་མ་ཡིན་པར་གཤིས་ཐོག་ཏུ་ཅིག་ཅར་དུ་འདོམས་པར་མཛད་པ་ལ་ཐ་སྙད་ཀྱི་འགལ་འགྲེལ་བསམ་པ་དག་གྱི་ན་པ་ཡིན་ནོ། །དེ་ལ་ཕན་གནོད་དང་སྤངས་རྟོགས་མ་གྲུབ་པ་ནི་དོན་དམ་པའི་མཚན་ཉིད་ཡིན་ཏེ། འདི་ལྟར་ཕན་པ་ནི་དགེ་བའི་ཆོས་རྣམ་པ་ཐམས་ཅད་པ་དང༌། གནོད་པ་ནི་སྡིག་པའི་ཆོས་རྣམ་པ་ཐམས་ཅད་པ་སྟེ། གཉིས་ཀའང་བདེན་པ་བཞི་དང་དྲང་ངེས་ཀྱིས་ཕྱེ་བའི་ལམ་བདེན་འདུས་


JLAZ007_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཡིན་ན། ཆོས་ཀྱི་དབྱིངས་ལ་དེ་དག་གི་ཕན་གནོད་གཉིས་ཀ་མི་རུང་བའི་ཚུལ་ཡང་དག་སྦྱོར་བའི་རྒྱུད་ལས། དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་བཏགས་པ་སྟེ། །མཁས་པས་འདི་ཉིད་རྣམ་པར་སྤང༌། །ཞེས་དང༌། གཏམ་བྱ་རིན་ཆེན་ཕྲེང་བ་ལས། སྡིག་དང་བསོད་ནམས་བྱ་བ་འདས། །ཟབ་མོ་བཀོལ་བའི་དོན་དང་ལྡན། །ཞེས་སོ། །འོ་ན་སྤང་བྱ་སྡིག་པས་གནོད་མ་བསྐྱལ། བླང་བྱ་དགེ་བས་ཕན་མ་བཏགས་ན་སེམས་ཅན་ཐམས་ཅད་འབད་མེད་དུ་མི་གྲོལ་བའི་རྒྱུ་ཅིས་ལན་ཞེ་ན། ཆོས་ཀྱི་དབྱིངས་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ལ། དེ་སོ་སོ་སྐྱེ་བོའི་ཤེས་མཐོང་གི་ཡུལ་ཡིན་པས་ལྟ་ཞོག །ཉན་ཐོས་དང་རང་སངས་རྒྱས་ལ་སོགས་འགོག་བདེན་ཕྱོགས་གཅིག་གཟིགས་པ་དང༌། འཕགས་པ་རྣམས་ལའང་མངོན་སུམ་དུ་མ་གྱུར་པས་ཟབ་མོ་བཀོལ་བའི་དོན་ཞེས་གསུངས་པ་ཡིན་ནོ། །ཡང་དབྱིབས་ཀྱི་བཞུགས་ཚུལ་ལ་དགེ་སྡིག་དང་ལེགས་ཉེས་ཀྱི་ཕན་གནོད་མ་གྲུབ་པ་ཡིན་དུ་ཆུག་ཀྱང༌། གོ་འཕང་དེ་ལ་སྦྱོར་བའི་ཆ་ནས་སྤངས་རྟོགས་ཀྱི་ཡོན་ཏན་ངེས་པར་ཡོད་དགོས་པར་གྲུབ་སྟེ། ལམ་བདེན་ལ་བརྟེན་ནས་སྒྲིབ་གཉིས་སྤང་དགོས་པར་རང་ཉིད་ཀྱང་འདོད་


JLAZ007_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ་ཟེར་ན་བདེན་ཏེ། ཤེས་བྱ་ནི་བློའི་རྗེས་སུ་འགྲོ་བས་དོན་ལ་མི་རྟོན་ཚིག་ལ་རྟོན་པ་ཡིན་པས་གྲུབ་མཐའ་བཞི་པོའང་བློས་གཞལ་བ་ཡིན་པའི་ཕྱིར་རོ། །དོན་དམ་པ་ནི་ཆོས་ཉིད་ཀྱི་རྗེས་སུ་འགྲོ་ཞིང་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པས་སྒྲ་རྟོག་དང་ཞེན་པའི་ཡུལ་ལས་འདས་པ་ཡིན་ནོ། །དེ་བས་དམིགས་པ་དང་ཀུན་སློང་མཚུངས་ལྡན་གྱིས་རྣམ་པར་གཞག་པའི་ལྟ་གྲུབ་ནི་བློའི་གཞན་དབང་ཅན་ཡིན་པས་དོན་དམ་པའི་ཕྱོགས་དང་འགལ་བའི་ཚུལ། །སམྦུ་ཊི་ལས། སྟོང་དང་མི་སྟོང་གཟུང་བ་ལས། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཡོངས་སུ་སྤངས་པས་ཀུན་རྟོག་སྟེ། །དེ་ཕྱིར་གཉིས་པོ་འདི་དག་སྤང༌། །ཞེས་པས་གསལ་ལོ། །འོན་དན་དམ་པ་དེ་སུ་ཡི་སྤྱོད་ཡུལ་ཡིན་སྙམ་ན། སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཡིན་པས་རང་བཞིན་རྫོགས་པ་ཆེན་པོ་ལ་སོགས་པའི་མན་ངག་གི་རྒྱུད་སྡེ་ཆེན་པོ་རྣམས་ནས་ཀྱང་གཤིས་ཀྱི་བཞུགས་ཚུལ་ཇི་ལྟ་བའི་ཚིག་རླབས་པོ་ཆེ་འབའ་ཞིག་བཤད་པ་ལ་སྐྲག་པ་སྐྱེས་ནས་ཆོས་སྤོང་གི་ལས་བསྒྲུབས་པ་མང་དུ་གྱུར་ནའང༌། དེ་དག་གིས་ནི་ཤེས་རབ་སྙིང་པོ་ཙམ་ལའང་ཁ་ཏོན་དུ་བགྱིད་པ་ཙམ་ལས་གོ་བའི་ཕྱོགས་མ་བསླངས་པར་སྣང་ངོ༌། །སྟོང་པ་ཉིད་ལ་གཟུགས་མེད་ཚོར་བ་མེད་ཅེས་པ་ནས། དེ་བཞིན་


JLAZ007_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང༌། ལམ་མེད༌། ཡེ་ཤེས་མེད། མ་ཐོབ་པ་ཡང་མེད་དོ། །ཞེས་པས་ཕུང་པོ་ལྔ་བྲལ་གྱི་སྟོང་ཉིད་དམ། ཚོགས་བརྒྱད་ལས་འདས་པའི་རིག་པ་ལ་མཐོང་སྤངས་སྒོམ་སྤངས་ཀྱི་སྒྲིབ་བྱེད་མེད་པ་ནམ་མཁའི་རྡོ་རྗེའི་ཆོས་ཉིད་གཅིག་ཏུ་རྟོགས་ན། དེ་ལ་སྡུག་བསྔལ་དང་ཀུན་འབྱུང་གིས་བསྐྱེད་པའི་སྤང་བྱ་དང༌། འགོག་བདེན་དང་ལམ་བདེན་གྱིས་བསྐྱེད་པའི་རྟོགས་བྱ་གང་ཡང་མ་མཆིས་པས་ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་ཅེས་བསྟན་པས་སོ། །དེ་སྐད་དུ་ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། ཆོས་ཉིད་གང་ཡིན་པ་དེ་ལ་ནི་གདགས་པའམ། རྣམ་པར་རིག་པ་མེད་ཅིང་མ་དམིགས་ཏེ། ཞེས་དང༌། ཡོད་ཅེས་བྱ་བའམ། མེད་ཅེས་བྱ་བའམ། བསོད་ནམས་ཞེས་བྱའམ། བསོད་ནམས་མ་ཡིན་པས་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བའམ། ཐར་པ་ཞེས་བྱ་བ་མེད་དོ་ཞེས་སོ། །དེ་བས་ན་སྟོང་པ་ཉིད་ཀྱྀ་དོན་ཐོས་བསམ་གྱིས་གཏན་ལ་འབེབས་པ་ལ་ཐལ་འགྱུར་ལས་གྲུབ་མཐའ་བཟང་བ་མེད་ཀྱང༌། གང་ཡང་ཁས་མི་ལེན་པའི་གྲུབ་མཐའ་རྣམ་པར་རིག་བྱེད་ཀྱི་བློམ་བཞག་བ་དེའི་ངོ་བོ་སྤྲོས་བྲལ་ཆེན་པོར་འདོད་ན་ནི་ཆོས་ཉིད་ཟབ་མོ་ལ་རྗེས་སུ་དཔགས་པ་ཙམ་ཞིག་སྟེ། དེའི་དོན་མངོན་


JLAZ007_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་མཐོང་བ་ནི་དད་པའི་ཉེར་ལེན་དང༌། བླ་མའི་བྱིན་རླབས་དང༌། སྔགས་ཀྱི་ཐབས་ལམ་གསུམ་ལས་བསླུ་བ་མེད་པར་རྟོགས་པའི་ཚུལ་ཁོང་དུ་མ་ཆུད་ན་གཅིག་གིས་གཅིག་སྟོང་པར་བསྒྲུབས་པའི་རྟོག་གེའི་སྟོང་ཉིད་ནི་ལྟར་སྣང་ཐ་ཤལ་བ་ཡིན་པའི་ཚུལ་དགོངས་འགྲེལ་ལས། རྟོག་གེ་ནི་རྩོད་པའི་ཡུལ་དུ་གྱུར་པ་ཡིན་ལ། རྟོག་གེ་ཐམས་ཅད་ལས་ཡང་དག་པ་འདས་པ་ནི་དམ་པའི་མཚན་ཉིད་དུ་ཤེས་པར་བྱའོ། །ཞེས་སོ། །འོ་ན་མགོན་པོ་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་སྲིད། །ཅེས་གསུངས་པས། །ཐོས་པ་མང་པོ་དང༌། བསམ་བྱུང་གི་ཤེས་རབ་ལ་མ་བརྟེན་པར་ཟབ་མོའི་དེ་ཁོ་ན་ཉིད་དང་མཇལ་བར་མི་འགྱུར་རོ་སྙམ་ན། བདེན་ཏེ། གངས་ཅན་འདི་ན་ཐོས་པ་དང་བྲལ་བའི་སྒོམ་ཆེན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་རང་བཞིན་ལས་འཁོར་བའི་རྣམ་པར་ཤར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ཡང་མ་རིག་ཅིང༌། མ་བསྒྲིབས་ལུང་མ་བསྟན་གྱི་ཀུན་གཞིའི་རྣམ་ཤེས་དེས་རྣམ་སྨིན་དང༌། ས་བོན་དང༌། རྣམ་ཤེས་ཀྱི་ཆ་གསུམ་བཟུང་བ་ཉིད་དྲན་འཛིན་གྱི་ཐག་པས་བཅིངས་པ་ལ་ཞི་གནས་སུ་འཁྲུལ་བ་དང༌། བལྟར་མི་མངོན་པའི་ཉོན་མོངས་པ་ཅན་གྱི་ཡིད་བདག་ཏུ་བལྟ་བ་དང༌། བདག་ལ་ཆགས་པ་དང༌། བདག་ཏུ་ང་རྒྱལ་


JLAZ007_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་བདག་མེད་པའི་དོན་ལ་རྨོངས་སུ་བཅུག་ནས་སྟོང་ཉིད་ཡིན་སྙམ་གྱི་ཤེས་པ་ལ་ལྷག་མཐོང་དུ་འཁྲུལ་པའི་རྟོག་གེ་བ་དང༌། ཡུད་ཙམ་ལ་སྐྱེ་འགག་སྣ་ཚོགས་བྱེད་ཅིང་རྒྱུན་མི་བརྟེན་པའི་འཇུག་ཤེས་དྲུག་གི་རང་བཞིན་ལ་རྗེས་ཐོབ་ཏུ་བཏགས་ནས་རང་ལྟ་མཆོག་འཛིན་གྱི་གད་རྒྱངས་སྒྲོག་པ་དག་ཚར་གཅོད་པའི་དོན་དུ་ཐ་སྙད་ལ་བརྟེན་ནས་དམ་པའི་དོན་འཚོལ་བ་དང༌། བསམ་བྱུང་གི་ཤེས་རབ་ལ་བརྟེན་ནས་གཤིས་ཀྱི་གནས་ལུགས་སྟོང་རྐྱང་དང༌། རྟག་རྐྱང་དུ་འཁྲུལ་པའི་མུ་སྟེགས་བྱེད་དང༌། རྣམ་གྲངས་པའི་དོན་དམ་ཅན་ཉན་ཐོས་སོགས་འཁོར་ལོ་གསུམ་ཅར་གྱི་དྲང་ངེས་ལེགས་པར་ཕྱེད་པའི་གྲུབ་མཐའ་རྣམས་ཤེས་ཤིང༌། ཟབ་མོའི་དོན་ལ་གང་ཉེ་བའི་ཆོས་ཉིད་རྟོགས་པར་བྱ་བའི་སླད་དུ་སོ་སོར་རྟོག་པའི་ཤེས་རབ་ལ་བརྟེན་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་བྱེད་པའི་ཚུལ་གསེར་འོད་དམ་པར། འཁོར་བའི་ཉེས་དམིགས་དང་མྱ་ངན་ལས་འདས་པའི་ཕན་ཡོན་ཡང་དག་པར་རིག་ཅིང༌། ཡང་དག་པར་སོ་སོར་རྟོགས་པ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་རྫོགས་པར་བྱེད་པ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཞེས་པའི་གནས་ཤེས་ནས་བདག་ཅག་ཐོས་བསམ་གྱི་ཕྱོགས་ལ་གུས་པ་ལྷོད་པ་ཡང་མ་


JLAZ007_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ལྟ་ནའང་སྒོམ་བྱུང་གི་ཤེས་རབ་ཀྱིས་རྟོགས་པའི་དོན་ལ་ཚིག་དང༌། ཡི་གེ་དང༌། ཐ་སྙད་ཀྱི་སྤྲོས་པ་མི་འཇུག་པས་ལྟ་བ་ལ་ཁས་ལེན་མེད་པ། སྒོམ་པ་ལ་ཡིད་བྱེད་སྤངས་པ། སྤྱོད་པ་ལ་བླང་དོར་བྲལ་བ། འབྲས་བུ་ལ་རེ་དོགས་མེད་པར་སྟོན་པའི་གཞུང་ཐམས་ཅད་ངེས་དོན་ཟབ་མོའི་མཐར་ཐུག་ཏུ་རྗེས་ལ་ཐོབ་པའི་ཤེས་བྱའི་ངོ་ལྡོག་ཙམ་དུ་འདོད་པ་སྟེ། མཉམ་གཞག་གི་ངོ་ན་ལྟ་སྒོམ་སྤྱོད་འབྲས་བཞི་པོའང་སྒྲོ་བཏགས་འབའ་ཞིག་ཡིན་པའི་ཚུལ། མདོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་གང༌། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་སྟོན་པར་བྱེད་པ་ཡིན། །ཞེས་པས་གསལ་ལོ། །ཉེས་པའི་གཟུགས་བརྙན་ཆོས་ལ་སྡང་བ་ཆེ། །དེ་ལྟར་བཟློག་ལ་ཕན་ཡོན་ཚད་མེད་པ། །དེ་ཡང་ཀུན་སློང་ཉིད་ཀྱི་རྗེས་འགྲོ་ན། །འདི་ནི་སྒྲུབ་བརྒྱུད་བསྟན་པ་གསལ་བའི་རྒྱན། །མཁྱེན་རབ་ཀྱི་དབང་ཕྱུག་ལྕགས་ཟམ་སྤྲུལ་པའི་སྐུ་བསྟན་འཛིན་ལྷུན་གྲུབ་དཔལ་བཟང་པོའི་ཞལ་སྔ་ནས་ཤངས་པ་བཀའ་བརྒྱུད་པའི་གདམས་ངག་གི་ངེས་དོན་སྟོན་པའི་ཚིག་རྐང་གཉིས་ལ་སྔ་རབས་ཀྱི་མཁས་པ་རྣམས་ཀྱིས་སྒྲོ་སྐུར་བྱས་པ་སེལ་བར་བསྐུལ་བ་ལས། རྫོགས་ཆེན་པ་རང་བྱུང་རྡོ་རྗེས་དཔལ་ལྡན་པདྨ་འོད་གླིང་དུ་བཀོད་པའོ། །གཏམ་ཚོགས་ལེའུ་རེ་གཉིས་པའོ།། །།


previousགཏམ་ཚོགས་ལེའུ་རེ་གཉིས་པ། ཆོས་ཉིད་རྣམ་པར་མ་གྱུར་པའི་གཏམ་ནམ་མཁའ་ལྡིང་གི་རྣ་རྒྱན།next