Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་རེ་གསུམ་པ། གནས་མིན་གྱི་བརྒལ་བརྟག་ལ་སྐྱོ་བའི་གཏམ།
   
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་རེ་གསུམ་པ། གནས་མིན་གྱི་བརྒལ་བརྟག་ལ་སྐྱོ་བའི་གཏམ།next

གཏམ་ཚོགས་ལེའུ་རེ་གསུམ་པ། གནས་མིན་གྱི་བརྒལ་བརྟག་ལ་སྐྱོ་བའི་གཏམ།


JLAZ007_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མིན་གྱི་བརྒལ་བརྟག་ལ་སྐྱོ་བའི་གཏམ། ཀུན་མཁྱེན་རྒྱལ་བ་ལ་ཕྱག་འཚལ། །དཔང་གྱུར་སྐྱེས་བུ་ཁྱོད་ཅིག་ལ། །འདོད་ཞེན་ལུང་དུ་འདྲེན་པ་དེ། །ལྡིང་ཀའི་ནང་གི་ལག་འགྲོར་དྲན། །ད་ནི་སྙིགས་མ་རྩོད་པར་ལྡན། །རྒྱལ་པོ་མངའ་རིས་དོན་དུ་རྩོད། །བློན་པོ་ང་ཆེའི་ཡུལ་ལ་རྩོད། །ཞིང་པ་ས་གཞིའི་དོན་དུ་རྩོད། །སྡེ་དགོན་དཀོར་དང་ཟས་ལ་རྩོད། །དགེ་བཤེས་སྡེ་སྣོད་གསུམ་ལ་རྩོད། །དེ་དག་འཇིག་རྟེན་ཀུན་རྫོབ་ལ། །གཙོ་བོར་བྱེད་པ་བདེན་མོད་དེ། །ངག་བཅད་བསམ་གཏན་ཁང་བུ་ནས། །སེམས་གནས་རྒས་པ་རྟོག་དཔྱོད་དུ། །སོང་བ་མངོན་པའི་ང་རྒྱལ་གྱིས། །གཞན་མཚང་འདྲུ་བ་ཕྲག་དོག་ཡིན། །གནས་དང་གནས་མིན་མི་ཕྱེད་བཞིན། །གསང་སྔགས་ངེས་དོན་ལ་རྩོད་ཅིང༌། །སངས་རྒྱས་གཉིས་པ་ལྟ་བུ་ཡི། །སྐྱེས་མཆོག་རྣམས་ཀྱི་དགོངས་པ་ལ། །བླུན་པོའི་རང་ཉམས་ཚིག་འཁྲི་ཡིས། །དབེན་པར་བསམ་གཏན་གཡེལ་བྱེད་པ། །སྔོན་བྱུང་ལྷ་མིན་འཇུག་པ་ཅན། །སྡེ་བཞིའི་དང་པོ་སྲོག་ཞུགས་བཞིན། །གྲུབ་མཐའ་བཞི་ལ་རྩོད་པ་ནི། །ཤིང་རྟ་ཆེན་པོའི་ལམ་སྲོལ་ཏེ། །ཡང་དག་དོན་ལ་གང་ཉེ་བའི། །རིག་པའི་འཐད་པ་བསྒྲུབ་པའི་ཕྱིར། །དེ་བཞིན་


JLAZ007_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་རྟོག་བསལ་བ་ལ། །ཆོས་ཀྱི་གྲགས་པས་ཆུ་སྟེགས་ཀྱི། །རྒོལ་ངན་ཕྱེ་མར་བཏགས་པ་དེ། །བསྟན་པའི་བྱ་བ་རླབས་ཆེན་ཡིན། །དེ་དག་རྣམས་ཀྱི་རྩོད་རིག་ཀྱང༌། །ཚད་མ་སྡེ་བདུན་ཀུན་ལས་བཏུས། །ཆོས་མངོན་མཛོད་ཀྱི་གནས་བརྒྱད་ཀྱིས། །ཕྲ་རྒྱས་སྲིད་པའི་རྩ་བ་དང༌། །ཆོས་རབ་འབྱེད་པའི་བློ་གྲོས་མཆོག །སྲིད་ཞིའི་ཕ་རོལ་སོན་བྱས་ནས། །སྒྲུབ་དང་སུན་འབྱིན་མཛད་པ་ལས། །ཐོས་བྲལ་སྒོམ་ཆེན་བླུན་པོའི་ཁྲོད། །སྤྲེལ་རྒན་ངོ་མཚར་ཆེ་ནས་མིན། །ད་དུང་ཉོན་དང་གངས་ཅན་འདིར། །ཚད་མར་གྱུར་པའི་སྐྱེས་བུས་ཀྱང༌། །རང་རང་ཕྱོགས་སྔའི་འདོད་ཞེན་གྱིས། །དགག་བསྒྲུབ་འབྱམ་ཡིག་མཛད་དོ་ཅོག །བསྟན་སེལ་སྡེ་འཁྲུགས་རླབས་ཆེན་དུ། །གྱུར་པ་ཁྱོད་ཀྱིས་མ་རིག་གམ། །ཁྱད་པར་ད་ལྟའི་ཕྱག་རྫོགས་གཉིས། །ཟབ་ཁྱད་རང་སར་འབྱེད་པ་ལས། །དགོངས་པ་སྣོད་གཅིག་དཀར་དུས་འདིར། །ཊཱི་ཀ་ངན་པའི་མཚམས་སྦྱོར་གྱི། །ལྟ་བ་ཡིད་ལ་བཞག་བྱས་ནས། །ཚིག་དང་ཡི་གེའི་བརྡ་ཆད་ཀྱང༌། །ཀྱི་ནར་འཕྱན་པའི་སྤྱི་བརྟོལ་ལ། །སྒྲུབ་དང་སུན་འབྱིན་ཐལ་འགྱུར་གྱི། །སྤོབས་པའི་ཉི་མ་འབུམ་ཤར་ཡང༌། །ཉེས་པ་ཟད་དང་རྫུན་ཚིག་སྤངས། །


JLAZ007_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཆེས་སུམ་ལྡན་རྒྱལ་བའི་བཀའ། །གང་ལས་ཕྱིར་ཕྱོགས་བླུན་དད་ཀྱིས། །རང་ཕྱོགས་འཕྱར་དང་རྨོངས་པས་དཀྲུགས། །དེ་ལ་བདག་ཡིད་མི་རྟོན་ན། །དང་པོར་ཚར་བཅད་འབབ་པའི་ཡུལ། །ལུང་གི་བདག་པོ་ཁོ་ནའི་ཕྱིར། །སྣང་བ་དག་པ་རབ་འབྱམས་ཀྱི། །དམ་ཚིག་གཞན་དུ་ལ་བཟླ་ཞིང༌། །གང་ལ་བརྟེན་པའི་ཆགས་སྡང་གི །ཉེས་དམིགས་མཐོང་ནས་དྲི་བའི་ལན། །ཐལ་བ་ལས་ཀྱང་སླར་ལྡོག་གོ །ཨེ་མ་སྒྲུབ་བརྒྱུད་བསྟན་པ་ནི། །རྟོག་གེའི་གཟུགས་བརྙན་མི་བསྒྲུབ་ཅིང༌། །ངེས་འབྱུང་མོས་གུས་དག་སྣང་གསུམ། །ལྷུར་བྱེད་ལས་ཉོན་རྣམ་སྨིན་སྒྲིབ། །རྣམ་པར་མི་རྟོག་པས་སྦྱོང་ན། །ངེས་པ་ཁོ་ནར་ཕན་འདོགས་ཡུལ། །ལས་དང་པོ་པ་ཡི་སེམས་ཅན་ལ། །ཞི་བདེའི་སེམས་ཀྱིས་དག་གཅོད་ཅིང༌། །ཕྱོགས་སུ་རིང་ལ་གྲགས་འདོད་ཀྱིས། །རི་མོའི་ལམ་ནས་སེམས་གཡེངས་པ། །འདི་ནི་ལམ་རྟགས་མ་ཡིན་ཏེ། །འདོད་ཁམས་བདག་པོས་བརླབས་པའི་ཕྱིར། །དེ་ལ་སྐྱོ་བ་ལྷག་པར་འཕེལ། །དངོས་ནི་བསམ་གཏན་ཚེར་མ་ལ། །འཇིགས་ནས་དབེན་པ་འབའ་ཞིག་བསྙེན། །ལས་རླུང་བག་ལ་ཞར་གྱུར་པས། །གཞན་མཚང་འདྲུ་དང་ངག་འཁྱལ་གྱི། །གནས་ལ་ཤིན་ཏུ་སྐྱོ་ཞིང་བསུན། །


JLAZ007_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟས་མཁྱེན་དང་མི་མཁྱེན་སོགས། །ཆོས་བརྒྱད་མྱ་ངན་འདས་གྱུར་ཀྱང༌། །ཁྱོད་ཅིག་རྣལ་དུ་མི་ཐེབས་ན། །གང་གི་མདུན་སད་སླར་ཕྱོགས་ཤིག །གཏམ་ཚོགས་ལེའུ་རེ་གསུམ་པའོ།། །།


previousགཏམ་ཚོགས་ལེའུ་རེ་གསུམ་པ། གནས་མིན་གྱི་བརྒལ་བརྟག་ལ་སྐྱོ་བའི་གཏམ།next