Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་རེ་བཞི་པ། རྣམ་གྲངས་པའི་དོན་དམ་ལ་དཔྱད་པའི་གཏམ་ལྷའི་རྒྱལ་རྔ།
   
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་རེ་བཞི་པ། རྣམ་གྲངས་པའི་དོན་དམ་ལ་དཔྱད་པའི་གཏམ་ལྷའི་རྒྱལ་རྔ།next

གཏམ་ཚོགས་ལེའུ་རེ་བཞི་པ། རྣམ་གྲངས་པའི་དོན་དམ་ལ་དཔྱད་པའི་གཏམ་ལྷའི་རྒྱལ་རྔ།


JLAZ007_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་པའི་དོན་དམ་ལ་དཔྱད་པའི་གཏམ། ལྷའི་རྒྱལ་རྔ་ཞེས་བྱ་བ། དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ། །འདི་ལ་གཉིས། ཤེས་བྱ་ཤེས་བྱེད་སྤྱིར་སྨོས་པ་དང༌། །ཐད་ཀའི་དོགས་པ་བསམ་བའོ། །དང་པོ་ནི་རྟེན་ཁྱད་པར་ཅན་གྱི་གང་ཟག་ཅིག་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཞིག་རྟོགས་དགོས། དེ་མིན་ན་སྦྱིན་པ་ལ་སོགས་པའི་ལམ་གཞན་ལྔ་ཡང་མིག་ལྡོངས་པ་དང་འདྲ་བའི་ཚུལ་སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་དུ་འཇུག་པར་ག་ལ་འགྱུར། །དེ་བཞིན་ཤེས་རབ་མིག་མེད་ཕ་རོལ་ཕྱིན་ལྔ་འདིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་སོ། །དེ་ལྟ་ནའང་བདག་ཉིད་གཟེངས་བསྟོད་པ་དང༌། །གཞན་ཚར་གཅད་པའི་ཀུན་སློང་ཕྱིན་ཅི་ལོག་གིས་མ་ཡིན་པར་ཡང་དག་པའི་དོན་ལ་གང་ཉེའི་རིག་པ་བརྟག་པའི་ཕྱིར་བརྒལ་བ་དང་ལན་ལྡོན་པའི་སྤོབས་པ་ཐོབ་ན་གཉིས་ཀའང་རྒྱལ་བའི་


JLAZ007_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཡིན་པས་མཉམ་པར་གཞག་པའི་སེམས་ཀྱིས་བལྟ་བར་བྱའོ། །དེ་ལ་སློབ་དཔོན་ཀླུའི་དབང་པོས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །དཔེར་ན་སྦྲུལ་ལ་བཟུང་ཉེས་དང༌། །རིག་སྔགས་ལོགས་པར་བསྒྲུབས་པ་བཞིན། །ཞེས་པ་འདི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཟློག་བྱེད་ཀྱི་ངེས་བརྗོད་དུ་འདྲེན་ནའང༌། ཀུན་སློང་གིས་གསར་དུ་བསྐྱེད་པའི་མ་རིག་པ་འདིས་སོ་སོ་སྐྱེ་བོ་ཐམས་ཅད་མ་རུངས་པར་བྱེད་ཅིང༌། རྣམ་གྲངས་མ་ཡིན་པའི་དོན་དམ་ཤེས་བྱའི་ཡུལ་དུ་ལུས་ནས་སླར་ལ་ང་རྒྱལ་དང་རློམ་སེམས་འཕེལ་པས་ཡུལ་ཅན་ཤེས་བྱེད་ཀྱི་གནས་ལུགས་ལ་སྒྲོ་སྐུར་བྱེད་པ་ནི་མཁས་པ་རྣམས་ཀྱིས་ཀྱང་སྤང་བར་བྱ་སྟེ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། ཐོབ་པ་ཞེས་བྱ་བ་དེ་ནི་གཡོ་བ་ཉིད་དོ། །མངོན་པར་རྟོགས་པ་ཞེས་བྱ་བ་དེ་ནི་རློམ་སེམས་ཉིད་དོ། །གཡོ་བ་དང་རློམ་སེམས་གང་ཡིན་པ་དེ་ནི་བདུད་ཀྱི་ལས་སོ། །ལྷག་པའི་ང་རྒྱལ་ཅན་དག་ནི་བདག་གིས་ཐོབ་བོ། །བདག་གིས་མངོན་པར་རྟོགས་སོ་ཞེས་རྣམ་པར་རྟོག་པར་འགྱུར་རོ། །ཞེས་གསུངས་པས་སོ། །དེ་ལ་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་ལས། ངེས་པའི་དེ་ཁོ་ན་ཉིད་དབུ་མ་ཆེན་པོའི་ལྟ་བ་ནི་རྟོགས་བྱའི་


JLAZ007_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་ཏུ་མཐུན་མོད། དེ་ལ་རྒྱུའི་ཐེག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྔགས་ལམ་སྤྱིར་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ། ཐབས་ཀྱི་ལམ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཞེས་གྲགས་པ་བརྟན་པ་དེ་དག་གྲུབ་མཐའ་མཐོ་ས་ནས་གཞལ་ཡང་གཞལ་བྱེད་ཀྱི་བློ་དེ་ཉིད་ཕུང་པོའི་ཟག་པ་དང༌། རྣམ་པར་ཤེས་པའི་ཚོགས་བརྒྱད་དང་འདྲེས་ཤིང་ཕྱོགས་བསླད་པའི་རྟོག་གེའི་རིག་པ་ཉིད་ཀྱིས་ཤེས་བྱ་གཤིས་ཐོག་ལས་གཞན་དུ་འཕེན་པའི་ཕྱིར། གྲུབ་མཐའ་འོག་མ་དང་བསྟུན་ནས་ཐོག་མར་ཕུང་པོ་ལྔ་ལ་ཉེ་བར་ལེན་པའི་སེམས་དང་བྲལ་བར་བྱེད་པའི་ཚུལ་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གཟུགས་བདག་མ་ཡིན་ནོ། །གཟུགས་བདག་ཡིན་ན་གཟུགས་གནོད་པ་དང་སྡུག་བསྔལ་བར་འགྱུར་མི་རིགས་ལ། གཟུགས་ལ་བདག་གི་གཟུགས་འདི་ལྟ་བུར་གྱུར་ཅིག །འདི་ལྟ་བུར་མ་གྱུར་ཅིག་ཅེས་བྱ་བའང་འགྱུར་རིགས་ན། གཟུགས་བདག་མ་ཡིན་པ་དེའི་ཕྱིར་གཟུགས་གནོད་པ་དང་སྡུག་བསྔལ་བར་ཡང་འགྱུར་ལ། གཟུགས་ལ་བདག་འདི་ལྟ་བུར་གྱུར་ཅིག འདི་ལྟ་བུར་མ་གྱུར་ཅིག་བྱ་བའི་དབང་ཡང་མེད་དོ། །ཞེས་ཕུང་པོ་གཞན་བཞི་ལའང་བསྒྲེས་ཏེ་གསུངས་པའི་ཉེར་ལེན་གྱི་བདག་ཉིད་ཅན་


JLAZ007_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་ཚོགས་ལ་བལྟ་བ་མཐའ་དག་ཉེ་བར་ཞི་བར་བྱས་ན། ཡུལ་དང་ཡུལ་ཅན་སྐྱེ་མཆེད་ལྟར་བྱེད་པ་རྣམ་པར་ཤེས་པའི་ཚོགས་ཀྱང་རང་དེངས་ནས་འཕགས་པའི་བདེན་པ་མངོན་དུ་མཐོང་ཞིང༌། དེའི་ཚེ་བདེན་པ་དབྱེར་མེད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སམ། ས་དང་པོའི་མཉམ་གཞག་དོན་རང་གི་མཚན་ཉིད་ཅན་མངོན་སུམ་དུ་རྟོགས་པའོ། །གཞན་དུ་ཆོས་ཉིད་ཟབ་མོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དོན་ལ་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་རྣམ་པར་གཞིག་ཅིང་དཔྱད་ནས་ངེས་པ་ཆེན་པོ་འདྲོངས་ཤིང༌། ཡོད་མེད་མཐའ་བྲལ་དུ་བློ་ཐག་ཆོད་པའི་ངང་ལ་བཅར་གྱིས་བཞག་པ་དེ་ནི་བློ་འམ་ཤེས་པའི་རྫས་ཀུན་རྫོབ་པ་ཡིན་པའི་ཚུལ་མདོ་ལས་ལམ་ཇི་ལྟར་བསྒོམ་པར་བགྱི། བཀའ་སྩལ་པ། ཆོས་དང་ཆོས་མ་ཡིན་པ་རྣམ་པར་མི་རྟོག །མཚན་ཉིད་དང་བྲལ་བའི་ལམ་སྒོམ་པའོ། །ཞེས་དང༌། ཞི་བའི་ལྷས། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་སོ། །ཁ་ཅིག་ལུང་འདིའི་གདོང་མ་བཟོད་པར། བློ་བྱེ་བྲག་པ་གཅིག་ཡིན་ནོ་ཟེར་བ་ནི། ཀུན་རྫོབ་ཀྱི་ངེས་ཚིག་ཙམ་ལའང་རྨོངས་པ་སྟེ། འདི་ལྟར་ཀུན་ཞེས་པ་ནི་འཁྲུལ་པའི་བློ་སྣང་མ་ལུས་པའོ། །རྫོབ་ཞེས་པ་ནི་དེ་ཐམས་ཅད་བརྫུན་པ། བསླུ་བ། གསོག །


JLAZ007_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

གསོབ། ཡ་མ་བརླ་བ། སྙིང་པོ་མེད་ཅིང་ཡང་དག་པའི་དོན་ལ་བསྒྲིབས་པས་ན་རྫོབ་ཅེས་བྱའོ། །བདེན་པ་ནི་འཁྲུལ་པའི་བློ་ངོར་བདེན་པས་ན་བདེན་པའོ། །དེ་ཡང་སོ་སོའི་སྐྱེ་བོའི་ཤེས་པ་ནི་རྟག་ཆད་ལ་རག་ལུས་པས་ཀུན་རྫོབ་ཡིན་ལ། འཕགས་པ་ནི་དེ་ལས་ལྡོག་པས་མངོན་སུམ་པའོ། །དེའི་ཕྱིར་ཐོས་བསམ་ལ་སྒྲོ་འདོགས་ཆོད་པའི་མཁས་སུ་རེ་བས་ཀུན་རྫོབ་ཡོད་ཡོད་པོ་དང། དོན་དམ་མེད་མེད་པོས་བདེན་གཉིས་ཤ་བའི་རྭ་ལྟར་བརྟགས་ནས་ཕུང་པོ་རྣམ་དཔྱད་ཀྱི་སྟོང་པར་བལྟ་བ་ནི་རྗེས་དཔག་ཡིན་པའི་ཚུལ་མྱང་འདས་ལས། ངས་སྔོན་ཕ་རོལ་ཏུ་ཕྱིན་པའི་མདོ་བརྗོད་པ་དག་ལས་སྟོང་པ་ཉིད་དུ་བསྟན་པ་ཡང་རང་བཞིན་མེད་པ་ཙམ་ལ་དགོངས་ཏེ་གསུངས་པར་རིག་པར་གྱིས་ཤིག །གཞན་དུ་ན་ཅི་ཡང་མེད་པའི་སྟོང་པ་ཉིད་བསྒོམས་པས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་འབྱུང་བར་མི་འགྱུར་ཏེ། འབྲས་བུ་ནི་རྒྱུའི་རྗེས་སུ་བྱེད་པའི་ཕྱིར་རོ། །ཞེས་སོ། །དེ་བས་ན་རང་བཞིན་ཡོངས་གྲུབ་ཀྱི་སྤྲོས་བྲལ་ནི་བློ་དང་ཡིད་བྱེད་ལས་གྲོལ་བ་ཡིན་ན། དེ་ལས་ལྡོག་པའི་ཡུལ་ཅན་ལ་རྣམ་པར་རིག་པ་ཅན་དེས་རྒྱལ་བའི་ཡུམ་གྱི་དགོངས་པ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་རེག་པ་མ་ཡིན་ཏེ། ཅིའི་


JLAZ007_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་བློའི་རྟོག་དཔྱོད་རྣོན་པོ་དེ་སོ་སོར་རྟག་པའི་ཤེས་རབ་དངོས་བསྟན་དུ་ལྷོངས་སྲིད་ནའང་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་བའི་རྒྱུ་ཙམ་ལས། གདོད་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་པར་རྟོགས་དགོས་པའི་ཚུལ་འོད་སྲུངས་ཀྱི་ལེའུ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་དེ་ལས་མེ་འབྱུང་སྟེ། བྱུང་ནས་ཤིང་གཉིས་བསྲེག་པ་དེ་བཞིན་དུ། འོད་སྲུངས་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པར་སོ་སོར་རྟོག་པ་དེ་ཉིད་ཀྱང་སྲེག་པར་བྱེད་དོ། །ཞེས་སོ། །དེ་བས་ན་སྔོན་འབྲས་བུའི་བསྟན་པ་རྫོགས་ནས་ལུང་གི་བསྟན་པ་ཆེས་དར་བའི་ཚེ་རྡོ་རྗེ་གཟེགས་མ་ལ་སོགས་པ་དབུ་མའི་གཏན་ཚིགས་ཆེན་པོ་བཞིས་བློ་མཆོག་རྣམས་སྒོམ་པའི་ཤེས་རབ་ལ་མ་ལྟོས་པར་ཐོས་བསམ་ཁོ་ནས་གྲོལ་བ་ཆེས་མང་བ་བྱུང་ཡང༌། ད་ནི་སྒྲུབ་པའི་དུས་ཀྱང་ཆེར་ཐལ་བས་བཅོམ་ལྡན་འདས་ཀྱིས། དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཁོ་ན་ཡིན་ནོ། །ཞེས་དང༌། ཁྱད་པར་ཐབས་ཀྱི་ལམ་ནི་ས་ར་ཧས། མདའ་བསྣུན་ན་རེ་ནམ་མཁའི་ཡིད་ཅན་ལ། ཐར་པ་ནམ་ཡང་ཡོད་པ་མ་ཡིན་ཟེར། །བདེ་བའི་བདག་ཉིད་དང་ནི་བྲལ་གྱུར་ཅིང༌། །ལུས་ཀྱི་དཀའ་ཐུབ་འབའ་


JLAZ007_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཙམ་ལྡན་པ། །དགེ་ཚུལ་དགེ་སློང་གནས་བརྟན་ཞེས་བྱ་བའི། །བནྡེ་རྣམས་ནི་དེ་ལྟར་རབ་བྱུང་ནས། །ཁ་ཅིག་མདོ་སྡེ་འཆད་པར་བྱེད་ཅིང་འདུག །ལ་ལ་རོ་གཅིག་སེམས་ཀྱི་ཚུལ་འཛིན་མཐོང༌། །གཞན་དག་ཐེག་ཆེན་དེ་ལ་རྒྱུ་བྱེད་དེ། །དེ་ནི་གཞུང་ལུགས་ཚད་མའི་བསྟན་བཅོས་ཏེ། །གཞན་ཡང་དཀྱིལ་འཁོར་འཁོར་ལོ་མ་ལུས་སྒོམ། །ཁ་ཅིག་བཞི་པའི་དོན་འཆད་པ་ལ་ཞུགས། །ལ་ལ་ནམ་མཁའི་ཁམས་ལ་རྟོག་པར་བྱེད། །གཞན་དག་སྟོང་ཉིད་ལྟ་བར་བྱེད་པ་སྟེ། །ཕལ་ཆེར་མི་མཐུན་ཕྱོགས་ལ་ཞུགས་པ་སྟེ། །ལྷན་ཅིག་སྐྱེས་བྲལ་གཞན་གང་གིས། །མྱ་ངན་འདས་གང་སྒོམ་བྱེད་པ། །དེ་དག་འགས་ཀྱང་དོན་དམ་ནི། །ཅིག་ཤོས་འགྲུབ་པར་མི་འགྱུར་རོ། །ཞེས་པ་ལྟར་ཆོས་ཉིད་ཟབ་མོའི་གནས་ལུགས་མོས་གུས་དང་ཐབས་ཀྱི་ལམ་ལ་བརྟེན་ནས་རྟོགས་བྱ་རྟོགས་པའི་ཚུལ་གྱིས་བཤད་པ་གང་ཞིག །ཚིག་ཟིན་གྱི་ན་བར་སྣང་ཡང་ཚིག་ནི་བློའི་རྗེས་སུ་འགྲོ་ལ། དོན་ནི་ཐ་སྙད་དང་འགལ་བ་ཅན་ཡིན་པས་མན་ངག་ལྟར་བཤད་པའི་རྒྱུད་དང༌། གྲུབ་ཆེན་རྣམས་ཀྱིས་རྟོགས་ཚུལ་ལ་ཉམས་སད་པར་བྱེད་པ་གང་ཞིག་ལ་རང་ལྟ་མཆོག་འཛིན་གྱི་གོལ་ས་བལྟར་མི་མངོན་པར་འཇུག་པ་ཆོས་ཅན། དེའི་རྒྱུ་


JLAZ007_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་སྙིང་པོ་ལས། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད་ཅེས་པ་ནས། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །ཞེས་པའི་བར་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་མཚན་མའི་ཆོས་ཀྱིས་མི་འགྱུར་བ་གང་ཞིག །པདྨའི་ངང་ཚུལ་གྱིས་འགོག་པའང་དཔྱད་དགོས་ཏེ། རང་ཉིད་ཀྱང་དྲན་པ་དང་ཡིད་བྱེད་མེད་པ་མཐར་ཐུག་ཏུ་འདོད་པའི་ཚུལ་སྒོམ་རིམ་ཐ་མ་ལས། དེ་ལྟ་བས་ན་དམ་པའི་ཆོས་ལ་ཡང་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་དེ་ཡང༌། ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་བལྟ་བར་བྱ་སྟེ། གང་གི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པར་བྱེད་ནུས་ཀྱིས། གཞན་དུ་མ་ཡིན་ནོ། །ཞེས་པས་དཔྱད་སྒོམ་ནི་ལྟ་བའི་གནས་ལུགས་ཉམས་འོག་ཏུ་མ་ཆུད་བར་གྱི་སྔོན་འགྲོ་ལས། དངོས་གཞི་ལ་ཡིད་བྱེད་མེད་པར་འདོད་པ་འོད་སྲུངས་ཀྱིས་ཞུས་པ་དང་མཐུན་པའི་ཕྱིར་རོ། །དེས་ན་རྟོག་གེའི་དཔྱད་པས། སྟོང་པར་རྟོགས་སོ་སྙམ་བྱེད་དང༌། ཡང་དག་པར་ངེས་ཤེས་འདྲོངས་པའི་བློ་དང་ཡིད་བྱེད། སྒོམ་པའི་དངོས་གཞིར་བྱེད་པ་དེ་ནི་དོན་དམ་པ་དང་ཤིན་ཏུ་འགལ་ཞིང་སྲེད་ལེན་གྱི་བདག་ཉིད་ཅན་ཡིན་པས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གྲོས་སྲིད་ཞིའི་ཕ་རོལ་ཏུ་སོན་པའི་དོན་གྱི་དབུ་


JLAZ007_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆེན་པོའི་མི་མཐུན་ཕྱོགས་ཁོ་ན་ཡིན་པའི་ཚུལ་བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང༌། །ཡང་དག་པ་དང་མཐུན་ཉིད་བཞེད། །སྐྱེ་མེད་སྤྲོས་ཀུན་ཞི་བ་ལ། །དོན་དམ་ཞེས་པའི་བརྡ་མཛད་དོ། །ཞེས་པས། འབྲས་བུ་མངོན་དུ་བྱེད་པའི་ཚེ་ན་ལམ་བདེན་ཐམས་ཅད་ནི་སྤང་བྱ་ཡིན་པའི་དོན་ཁོང་དུ་ཆུད་པར་བྱས་ན་འཆད་པར་འགྱུར་བ་དག་ལའང་བདེན་བྲལ་ལེགས་ལྡན་གྱི་ལྷའི་སེམས་ལྡོག་པར་འགྱུར་རོ། །གཉིས་པ་ནི། སེམས་ཀྱིས་སེམས་ནི་མི་ཤེས་ལ། །སེམས་ཀྱིས་སེམས་ཀྱང་མི་མཐོང་དེ། །སྐྱེ་འགག་མཉམ་པར་བྱེད་པ་ལ། །སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས། །ལྟ་བ་ཞེས་པའི་བླ་དྭགས་བཏགས། །བུ་མོ་མྱ་ངན་མེད་ཞུས་མདོར། །རྟོགས་པའི་ཚུལ་གྱིས་རྟོགས་པ་ལ། །ཆོས་མཐོང་མེད་ཅེས་བྱ་བ་ནི། །མཐོང་བའི་ཚིག་གི་བླ་དྭགས་སོ། །དེ་བཞིན་དཀོན་མཆོག་བརྩེགས་པ་ལས། །ཞི་བ་ཕྲ་སྟེ་བལྟ་དཀའ་བ། །འདུ་ཤེས་ཐམས་ཅད་བཅོམ་པས་ན། །དེ་ཕྱིར་ཏིང་ངེ་འཛིན་ཞེས་བྱ། །ཞེས་པའི་ཞི་གནས་དེ་ཉིད་ཀྱིས། །རེ་ཞིག་ཉོན་མོངས་འགོ་གནོན་ཡང༌། །དེ་ཡི་སྒྲིབ་པ་བག་ལ་ཉལ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །འཇོམས་ལ་ལྷག་མཐོང་ཞེས་སུ་གྲགས། །དེ་ལྟའི་ཞི་ལྷག་ཟུང་འབྲེལ་ལ། །འཇོག་ཚུལ་དགུ་དང་གཉེན་པོར་ནི། །


JLAZ007_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བྱིང་བ་དམིགས་པ་མི་གསལ་བའི། །ཆ་ལ་དྭངས་ཆ་ཡོད་ཙམ་དང༌། །ཡོད་མིན་མེད་མིན་ནུབ་པ་སོགས། །ཕྲ་རགས་དབྱེ་བ་ཕྱེད་པ་ཉིད། །རྒོད་པ་འདོད་ཆགས་ཆར་གཏོགས་པ། །ཀུན་ལས་བཏུས་སུ་བཤད་པ་ཡིན། །དྲན་པའི་ངོ་བོ་གཟུངས་ཉིད་དེ། །དེ་ཡི་རྣམ་འབྱེད་གཏིང་ཟབ་ཀྱང༌། །བརྗེད་མེད་རྣམ་པར་མི་གཡེང་ཙམ། །རྟོག་གེ་པ་ལ་འཐད་དུ་རུང༌། །ཤེས་བཞིན་རྒྱུན་ལ་གནས་པ་སྟེ། །དོན་ལ་བསྲུང་བའི་མཚན་ཉིད་ཅན། །བདེ་གསལ་མི་རྟོག་སྒོམ་པ་ཡི། །ཡང་རྩེ་དང་ནི་གོལ་སའི་ཆ། །གཉིས་སུ་འདོད་པ་མི་ལའི་ལུགས། །དེ་ཉིད་ལུང་མ་བསྟན་དོགས་ན། །སྒོམ་པའི་དུས་ན་ཡང་རྩེ་དང༌། །ལྟ་བའི་གོལ་སར་སྨྲས་ན་རུང༌། །གསལ་བ་གོ་འབྱེད་ཆ་ལ་བཏགས། །ཤིན་སྦྱངས་ཐོབ་པའི་ཡན་ལག་ཡིན། །མི་རྟོག་བཀོལ་དུ་མི་རུང་བའི། །གནས་ངན་ལེན་གྱི་རྣམ་གྲངས་ཅན། །དེ་ཕྱིར་ཉམས་གསུམ་ལ་ཞེན་ན། །ཁམས་གསུམ་དག་ཏུ་གོལ་བའི་ཕྱིར། །བདེ་ཉམས་ལ་ཡང་ཤེས་པར་བྱ། །དམིགས་རྟེན་གྱིས་ནི་བཟུང་བའི་སེམས། །སལ་ལེ་ཧྲིག་གེ་ཞེས་པའི་སྒྲ། །རྨོངས་པ་དམིགས་གཏད་ལ་བརྟེན་ནས། །ཐབས་ལ་མཁས་པའི་ཁྲིད་ཚུལ་ཏེ། །སྟོན་པས་དངོས་པོར་བལྟ་བ་ཅན། །འཁྲིད་ཕྱིར་བདག་ཡོད་གསུངས་དང་མཚུངས། །


JLAZ007_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཞི་ལྷག་ཟུང་འབྲེལ་ནི། །སེམས་དང་སེམས་བྱུང་ཉེར་ཞི་བའི། །ངང་དྭངས་རང་བཞིན་འོད་གསལ་ལ། །འབྱོན་འགྱུར་བྱམས་པ་མགོན་པོ་བཞེད། །རྒྱལ་བའི་བསྟན་པ་གངས་ཅན་ལས། །ཙི་ནའི་ཡུལ་དུ་ཆེས་སྔོན་དར། །དེ་ཕྱིར་སྟོན་པ་མཉམ་མེད་ནས། །རབས་སུ་བརྒྱུད་ཅིང་རྒྱལ་བའི་ཡུམ། །ལྟ་བའི་ཁུངས་སུ་བྱེད་པ་ཡང༌། །སངས་རྒྱས་ཕལ་པོ་ཆེ་ལ་སོགས། །བློ་ལ་བཞུགས་པའི་ཁྱད་གཞི་ཅན། །ཅིག་ཅར་སྨྲ་བའི་པཎྜི་ཏའི། །ལྟ་བ་རྫོགས་པའི་སངས་རྒྱས་ལས། །གཞན་དུ་སུ་ཡིས་ཁ་ཚོན་ཆོད། །ཅི་ཕྱིར་ཡིད་ལ་མི་བྱེད་པ། །དེ་ཉིད་དགག་བྱ་ཡིན་ཟེར་ན། །མདོ་སྡེ་ལས་ཀྱང་དེ་སྐད་དུ། །བསམ་དུ་མེད་པའི་ཆོས་ཉིད་ལ། །བསམ་དུ་མེད་པའི་བློ་བཞག་ན། །བསམ་དུ་མེད་པའི་ཉམས་མྱོང་འབྱུང༌། །ཞེས་དང་འཇམ་དཔལ་གནས་པའི་མདོར། །རྟོག་པ་རྣམས་ནི་གཡོ་བར་འགྱུར། །རྟོག་པ་མེད་ན་མྱ་ངན་འདའ། །གང་གིས་རང་བཞིན་དེ་ཤེས་པ། །དེ་ནི་ཡེ་ཤེས་ལྡན་ཞེས་བྱ། །ཞེས་དང་སྒྲ་གཅན་འཛིན་བཟང་པོས། །སྨྲ་བསམ་བརྗོད་མེད་སོགས་ཀྱི་སྒྲས། །ཡུམ་ལ་བསྟོད་པའི་ཐ་ཚིག་ཏུ། །སྐྱེ་འགག་གཉིས་མེད་ནམ་མཁའ་ཡི། །ངོ་བོར་སོ་སོ་རང་རིག་ཏུ། །བཞག་དེ་ཡིད་བྱེད་ཡིན་ནམ་ཅི། །ཡིན་ན་ཟབ་མོའི་མདོ་སྡེ་


JLAZ007_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །རྟོག་གེས་བརྟག་ཏུ་མི་བཟོད་པས། །སོ་སོ་རང་གིས་རིག་པར་བྱ། །ཞེས་པའི་དོན་འདི་གང་དུ་རྟོན། །ཁྱད་པར་དེ་ལ་འཁོར་བའི་རྒྱུ། །ཕྱག་ཤིང་བསྐོར་བས་དྲིས་པའི་ཚེ། །བེར་ཐུལ་སྤྲུགས་ནས་གཟུང་འཛིན་དུ། །བརྡ་ལན་སྟོན་པའི་མངོན་ཤེས་ཅན། །ཡིན་པར་མ་ཟད་སྒོམ་རིམ་གསུམ། །ཐལ་འགྱུར་དོན་ལ་རེག་གམ་མིན། །རང་རྒྱུད་འགེགས་པ་རྣམས་ལ་འདྲི། །ཁྱད་པར་ཇོ་བོའི་ཅིག་ཅར་དུ། །འཇུག་པས་ཁ་ཚོན་གསལ་བར་ཆོད། །དུས་དེང་དགག་པ་བྱུང་ཟེར་བས། །ཡང་དག་ཉིད་དུ་མི་འགྲུབ་ན། །འཕགས་པའི་ཡུལ་དུའང་ཐེག་ཆེན་ལ། །ཆོས་ལོག་ཡིན་པར་སྨྲ་བ་དང༌། །སྔགས་སྐུ་བཤིག་པའི་ཉན་ཐོས་ལ། །རྒྱལ་པོའི་ཆད་པ་བྱུང་བ་སོགས། །གཟུ་བོའི་བློ་ཡིས་སོམས་དང་ཀྱེ། །གཤིས་ལ་དགེ་སྡིག་ཡོད་ཟེར་བའི། །གྲུབ་མཐའ་བཟང་པོ་ཉིད་ཡིན་ན། །གྲངས་ཅན་ལུགས་དེ་ཁྱད་པར་འཕགས། །རྒྱུ་མཚན་ཡང་དག་སྦྱོང་རྒྱུད་ལས། །དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་བཏགས་པ་སྟེ། །མཁས་པས་འདི་གཉིས་རྣམ་པར་སྤང༌། །ཞེས་དང་རིན་ཆེན་ཕྲེང་བ་ལས། །སྡིག་དང་བསོད་ནམས་བྱ་བ་འདས། །ཟབ་མོ་བཀོལ་བའི་དོན་དང་ལྡན། །མུ་སྟེགས་གཞན་


JLAZ007_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་ཉིད་ཀྱིས། །གནས་མིན་སྐྲག་པས་མ་མྱངས་ལ། །ཞེས་པའི་ཆོས་ཉིད་གང་ལ་རེག །དེས་ན་ལྟ་བ་ཟབ་མོ་ལ། །ཤིན་ཏུ་མཉམ་པར་འཇོག་པའི་དོན། །སྤྱོད་པའི་ལུགས་སུ་སྨྲ་དགོས་ན། །དོན་དམ་ཡང་ནི་ཀུན་རྫོབ་འགྱུར། །ཆོས་ཉིད་གཟིགས་པ་སྐུའི་དབང་པོས། །གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་པའང་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང་ན་ཡོད་མ་ཡིན། །ཞེས་གསུང་འོན་ཏེ་རྗེས་ཐོབ་ལའང༌། །རིག་པ་བསྒྲེ་བའི་བླུན་པོ་འགས། །ཐབས་ལ་སྐུར་པ་བཏབ་ཟེར་ན། །བདོན་གྱིས་རང་སྡེ་ལེགས་པར་སྲུངས། །སྤྱོད་པ་ཉམས་དང་ལྟ་བ་འཁྲུལ། །ཤིན་ཏུ་མོད་པ་སེམས་ཅན་གྱི། །ལས་ལ་སུ་ཡིས་འཇུག་ལྡོག་ནུས། །དཔྱད་དང་འཇུག་སྒོམ་གཉིས་ཀའི་ལུགས། །གདོད་ནས་སྤངས་པ་ག་ལ་སྲིད། །སྔོན་འགྲོའི་དུས་ན་དཔྱད་སྒོམ་དང༌། །དངོས་གཞི་འཇོག་སྒོམ་གཙོར་བྱེད་པས། །རྟག་དང་མི་རྟོག་མཚམས་སྦྱོར་བ། །སྒྲུབ་བརྒྱུད་བསྟན་པ་ཀུན་ལ་གྲགས། །དེ་ལྟ་ན་ཡང་དབང་རྣོན་དང༌། །བརྟུལ་པོའི་ཁྱད་པར་བླ་འོག་ལྟར། །ཆེ་ཡང་བསྒྲིབ་ལ་ལུང་མ་བསྟན། །ཉོན་སྒྲིབ་ཀུན་བརྟགས་མཐོང་སྤངས་རྣམས། །


JLAZ007_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གསུམ་ལ་ལྟོས་སྤང་བ་དང༌། །འཁོར་གསུམ་བདེན་ཞེན་དང་བཅས་པ། །མ་བསྒྲིབས་ལུང་མ་བསྟན་པ་ཡི། །ཤེས་སྒྲིབ་ལྷན་སྐྱེས་སྒོམ་སྤངས་ཀྱིས། །རང་སའི་སྤོང་ཚུལ་ཐ་དད་པ། །དེ་བཞིན་ཉིད་ལ་གནས་པས་སྦྱོང༌། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དེ་ཉིད་མི་རྟོགས་པ། །པཎྜི་ཏ་ཡི་རང་ལུགས་ཡིན། །གཞན་དུ་གཤིན་རྗེ་དགྲ་ནག་ལས། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་དངོས་གྲུབ་རིང་དུ་བསྐལ། །གསུངས་ན་མཐའ་གཅིག་ལ་ཞེན་པ། །འདི་གར་ལྟོས་པའི་རྟག་ཆད་ཡིན། །དངོས་གཞིའི་དུས་ན་དཔྱད་སྒོམ་ནི། །ལྷག་མཐོང་ཡིན་པའི་ངེས་པ་མེད། །བྱམས་པ་མགོན་དང་ཀླུའི་དགོངས་པ། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པའི་དོན་དང་འགལ་ཏ་རེ། །འཕྲོ་བས་སྒོམ་གེགས་བྱེད་མི་བྱེད། །གང་ཟག་རང་སའི་རྒྱུད་ཚོད་གཙོ། །དཔྱད་སྒོམ་རང་དབང་ཅན་ཡིན་ལ། །འཕྲོ་བ་རྟོག་པའི་གཞན་དབང་ཅན། །རྒོད་དང་འཕྲོ་བ་གཅིག་གྱུར་ན། །མིང་འདོགས་གཉིས་སུ་ག་ལ་འོང༌། །འོན་ཀྱང་འཕྲོ་བར་མ་ལྟོས་པའི། །རྒོད་པ་ཤེས་བྱ་ལ་སྲིད་དམ། །


JLAZ007_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་གནས་སྒོམ་དང་གཅིག་མི་གཅིག །བསམ་གཏན་བཞི་པའི་ལྷ་ལ་དྲིས། །འོན་ཏེ་བྱིས་པ་ཉེར་སྤྱོད་ལས། །འཕགས་པའི་དོན་རབ་འབྱེད་པ་ལ། །དམིགས་པ་ཡིན་ན་རིམ་ལྔ་ལས། །ཀུན་རྫོབ་དང་ནི་དོན་དམ་དག །སོ་སོའི་ཆར་ནི་ཤེས་གྱུར་པ། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པ་ཤེས་བཤད་དོ། །དེ་ནི་གཉིས་མེད་ཡེ་ཤེས་ཏེ། །མི་གནས་མྱ་ངན་འདས་པའོ། །ཞེས་པས་སོ་སོར་སྡུད་པ་ལ། །གོམས་པ་དག་གི་རྒྱུད་ལ་གསལ། །འཇོག་སྒོམ་བྱེད་ཚུལ་དེ་དང་དེར། །རྒྱུན་དང་རླན་དང་ཉེ་བར་འདུལ། །ཞི་དང་རྣམ་ཞི་རྩེ་གཅིག་མཉམ། །དགུ་ཡི་སེམས་ལ་བཏང་སྙོམས་ཐོབ། །ཡིད་ནི་གཟུགས་ཅན་མ་ཡིན་ཡང༌། །ཕུང་པོའི་ཟག་པ་ཀུན་གྱི་རྒྱུ། །ཡིན་པའི་ཕྱིར་ན་ལང་གཤེགས་ལས། །ཕུང་པོ་སྐྱེ་མཆེད་ཚོགས་རྣམས་ཀྱི། །རྒྱུ་ནི་ཡིད་ལ་སོགས་པ་སྟེ། །བདག་མེད་རབ་ཏུ་འདྲོན་མང་ཞིང༌། །སེམས་དང་བཅས་ཏེ་རབ་ཏུ་འཇུག །འདི་གཉིས་རྟག་ཏུ་འོད་གསལ་བ། །རྒྱུ་དང་འབྲས་བུ་སྤངས་པའོ། །ཞེས་པས་སྲིད་རྩའི་ཉེས་དམིགས་རྒྱུར། །རྒྱལ་བས་ལེགས་པར་གསུངས་ན་ཡང༌། །ཡུམ་གྱི་དགོངས་པ་འགོགས་པ་ལ། །སྲོང་པོར་བརྗོད་པའི་སྐབས་མི་རྙེད། །དེ་ལྟ་ན་ཡང་


JLAZ007_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ས་ར་ཧར། །ཡིད་བརྟན་བྱེད་ན་དེ་ཉིད་ཀྱིས། །ཡིད་ཀྱི་དེ་ཉིད་དམིགས་དང་བཅས། །དམིགས་མེད་སྟོང་པ་ཉིད་ཡིན་ལ། །གཉིས་ལ་སྐྱོན་ནི་ཡོད་པ་སྟེ། །རྣལ་འབྱོར་གང་ཞིག་སྒོམ་པ་མིན། །ཞེས་པའི་དོན་ལ་ད་དུང་ལྟོས། །ཡིད་ལ་བྱེད་པ་ལྟ་བའི་མཆོག །ཡིན་ན་གསང་བའི་མདོ་སྡེ་ལས། །དཔེར་ན་མེ་ནི་རྒྱུ་ལས་འབར། །རྒྱུ་མེད་པ་ན་ཞི་བར་འགྱུར། །དེ་བཞིན་དམིགས་པར་སེམས་འབར་གྱིས། །དམིགས་པ་མེད་ན་ཞི་བར་འགྱུར། །གསུངས་ན་རྫོགས་པའི་སངས་རྒྱས་ཀྱང༌། །ཧྭ་ཤང་གི་ནི་ཕྱོགས་སུ་སླན། །ཡོད་པ་ཉིད་ནས་མི་རྟག་པས། །ཁྱབ་པར་ཆོས་ཀྱི་གྲགས་པ་བཞེད། །དེ་ཕྱིར་གནས་ལུགས་གང་དུ་ཡང༌། །གྲུབ་པ་མེད་པའི་འབྲས་བུ་ནི། །ཆོས་ཀྱི་སྐུ་རུ་འགྲུབ་པའི་ཚུལ། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །ཞེས་སོགས་རྒྱན་ལས་གསུངས་དེས་ཆོག །སྟོང་ཉིད་གང་དུའང་མི་དམིགས་པའི། །དོན་དེ་རྣམ་པར་རིག་མེད་ཡིན། །དེ་ཡི་དབང་པོ་ཀླུ་སྒྲུབ་ཀྱིས། །ང་ལ་རྣམ་རིག་ཅུང་ཟད་མེད། །དེ་བཞིན་ཆོས་འདི་རྣམ་ཤེས་པ། །ཅུང་ཟད་ཤེས་པ་ཡོད་མ་ཡིན། །འབྱུང་བ་དང་ནི་ཤེས་པ་ཉིད། །བྱིས་པ་རྨོངས་པ་རྣམས་ལ་སྣང༌། །གསུངས་སོ་དོན་དེས་གནས་མིན་ལ། །བསྔོ་བ་འགྲུབ་པའང་མི་འདོད་ཀྱང༌། །གནས་ཀྱི་བསྔོ་བ་འགྲུབ་པའི་རྒྱུ། །རྐྱེན་དང་འདུན་པའི་རྩེ་ལ་གནས། །


JLAZ007_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་རྒྱུ་མཚན་ཡང་དག་གི །ཀུན་རྫོབ་ལ་བརྟེན་དོན་བྱེད་པ། །སོ་སོ་སྐྱེ་བོས་མི་ཤེས་པས། །བསྔོ་བ་མཁྱེན་དེ་དམ་པ་ཡིན། །ཆོས་རྣམས་བདེན་པར་མེད་པའི་དོན། །གཟུགས་ཅན་དང་ནི་མ་ཡིན་པའི། །བརྟག་ཚུལ་གཉིས་ལས་དང་པོ་ནི། །ཉན་ཐོས་སྡེ་པའི་ལུགས་ཡིན་པས། །གང་ཟག་བདག་དེ་རི་བོང་གི །རྭ་དང་མོ་གཤམ་བུ་ཡིས་མཚོན། །ཕྱི་མ་གཟུགས་ཅན་མ་ཡིན་པས། །བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་ནས་ཀཱ་ཏྱཱ་ཡཱ་ན་ཡི། །གདམས་པ་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀ་བཀག་པར་མཛད། །གང་དུ་ཡང་ནི་མ་གྲུབ་པ། །འཇིག་རྟེན་ཆོས་མཆོག་མན་ཆད་ཀྱི། །བདེན་མེད་ལྟར་སྣང་ཙམ་པ་སྟེ། །ཆོས་མིག་རྡུལ་བྲལ་ཐོབ་པ་ཡི། །འཕགས་པ་རྣམས་ལ་མངོན་སུམ་མོ། །བདེན་མེད་འཛིན་དང་བདེན་མི་འཛིན། །འདི་ནི་བརྗོད་པ་རྒྱ་ཆེ་ལ། །དོན་ཟབ་པ་ཡི་རང་བཞིན་ཡང༌། །བློ་ཡིས་འཇལ་ན་མེད་དགག་དང༌། །མ་ཡིན་དགག་པའི་གཏན་ཚིགས་ཀྱིས། །གཅིག་དང་དུ་བྲལ་གྱིས་ཁྱབ་པ། །མཚན་ཉིད་ངེས་ཚུལ་གྱིས་གྲུབ་དང༌། །རྐྱེན་ལས་སྐྱེས་པའི་རྟེན་འབྲེལ་གྱི། །རང་ངོ་དཔྱད་ནས་འགོག་དང་མཚུངས། །དང་པོ་སྤྲོས་པ་བཀག་པ་ཙམ། །ཡིན་ཕྱིར་ད་དུང་སྤྲོས་དང་བཅས། །གཉིས་པ་ཆོས་ཅན་གང་ཞིག་ནི། །དཔྱད་


JLAZ007_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

རིག་རྣོན་པོས་མཚང་བྲུས་ནས། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །སྣང་ལ་རང་བཞིན་མ་གྲུབ་པ། །སྒྱུ་མ་ལྟ་བུར་འཛིན་པ་གང༌། །ཡོད་མེད་ཅིར་ཡང་མ་གྲུབ་པ། །ནམ་མཁའ་ལྟ་བུར་འཛིན་པ་ཡིན། །གཉིས་པོའང་བཏགས་པ་ཙམ་ཞིག་ལས། །ཆོས་ཀྱི་དབྱིངས་ལ་སེམས་མེད་པས། །བདེན་པ་གཉིས་ཀྱི་གདགས་གཞི་ཡང༌། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་ཏེ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་པས་དོན་གྱི་དབུ་མར་སྦྱོར། །དེ་ལས་འགལ་བའི་ཐ་སྙད་ཀྱིས། །གྲིབ་མ་ཤ་ཟར་འདོགས་པ་བཞིན། །དཔེ་དོན་ལོག་པར་བསྒྲུབས་པ་དེ། །བརྗོད་དུ་མེད་པའི་བདག་འཚོལ་འདྲ། །དེ་བཞིན་ང་དང་ང་ཡི་བར། །འཛིན་པའི་སེམས་ལ་དཔྱད་པའི་ཚེ། །དབྱིབས་དང་རྣམ་པ་ཕྱི་ནང་སོགས། །གང་དུ་ཡང་ནི་མ་མཐོང་བའི། །ཤུགས་ལ་མཐའ་བཞིའམ་བརྒྱད་སྤངས་པའི། །སྤྲོས་བྲལ་ངོ་སྤྲོད་མིའཐད་ན། །བྱམས་པས་ཞུས་པའི་མདོ་སྡེ་ལས། །སེམས་ལ་དབྱིབས་མེད་ཁ་དོག་མེད། །གནས་མེད་ནམ་མཁའ་ལྟ་བུའོ། །ཞེས་དང་འོད་སྲུངས་ཀྱིས་ཞུས་པར། །འོད་སྲུངས་སེམས་ནི་ནང་ནའང་མེད། །ཕྱི་རོལ་ན་མེད་གཉིས་ཀར་མེད། །གསུངས་པའི་དགོངས་པ་ཇོ་བོ་རྗེས། །ཀུན་རྫོབ་ཇི་ལྟར་


JLAZ007_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་འདི། །རིག་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་ཡིན། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་པའི་དོན་འདི་གང་དུ་དྲང༌། །འོན་ཏེ་གང་དུའང་མ་མཐོང་བས། །མེད་དོ་སྙམ་དུ་འཛིན་པ་དང༌། །མེད་རྐྱང་ཉིད་དུ་ངོ་སྤྲོད་པ། །འདུག་ན་རིག་པས་སུན་ཕྱུང་ཞིག །དེ་ལས་གཞན་དུ་སོ་སྐྱེས་ནི། །མངོན་སུམ་མཐོང་བ་མ་ཡིན་བཞིན། །འཕགས་པའི་རྟོགས་པས་གཞལ་བྱེད་པའི། །ཀུན་སློང་བཟང་པོ་ཡིན་ན་རུང༌། །དེ་བཞིན་མོས་པས་དཔྱོད་པ་དང༌། །རྨོངས་དང་ཐོས་པ་ཉུང་བ་དག །སྟོང་པ་ཉིད་ལ་བཀྲི་བའི་སླད། །རང་གི་རང་བཞིན་དུ་དྲན་རིག་གིས། །སྐྱོང་ཚུལ་དེ་ལ་ནོར་བ་དང༌། །མ་ནོར་གཉིས་སུ་དབྱེར་ཡོད་ཅིང༌། །དེ་བཞིན་རྣམ་རྟོག་ལམ་འཁྱེར་ལ། །ཤེས་བྱའི་ཁྱད་པར་ཤེས་བྱེད་ཀྱི། །ཡུལ་ལ་ཞུགས་དང་མ་ཞུགས་ལས། །རྣམ་རྟོག་རང་རྒྱུད་ལྡན་མི་ལྡན། །ཤིན་སྦྱངས་ཐོབ་དང་མ་ཐོབ་སོགས། །རྨོངས་དང་དང་པོའི་ལས་ཅན་ལ། །འདོམས་པ་མིན་ཕྱིར་རང་ངོ་ལ། །ཅེར་གྱིས་ལྟ་དང་དག་ཚུལ་གྱི། །ཆ་ལ་ཆོས་སྐུར་བཏགས་པ་ཙམ། །འགལ་ན་དྲི་མེད་འོད་ལས་ཀྱང༌། །ཡུལ་གྱི་སྐད་ཀྱིས་ཆོས་གོ་ཕྱིར། །བསྟན་བཅོས་སྐད་ཀྱིས་ཅི་ཞིག་བྱ། །ཞེས་པའི་དོན་འདི་གང་དུ་དྲང༌། །ཕུང་


JLAZ007_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སྐྱེ་མཆེད་ཚོགས་བརྒྱད་ཀྱི། །ཉེར་ལེན་དབྱིངས་སུ་མ་དག་པར། །སེམས་ཀྱི་དེ་ཉིད་ཆོས་མཚུངས་པས། །རང་གི་རང་བཞིན་མཐོང་བ་ལ། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །བསྟན་བཅོས་བྱེད་པོས་སྨྲ་ན་ཡང༌། །རང་ངོ་ཅེར་མཐོང་རེག་ཤེས་ཀྱི། །དྲན་པའི་རྒྱུན་དང་རྫས་འགལ་བར། །དཔྱོད་ན་སྟོང་འཛིན་རྟོགས་པའམ། །གསལ་ཆ་དོར་བ་མཐར་ལྟའི་གཡང༌། །དཔྱད་ནས་སྟོང་པར་བལྟ་བ་ཡང༌། །ཚུ་རོལ་མཛེས་དང་གཙོ་བོ་ལ། །རྣམ་འགྱུར་ཐིམ་པའི་གྲངས་ཅན་ལུགས། །སྒྱུ་མ་ལྟ་བུ་ཡིན་ཟེར་ན། །དེ་ཡང་མུ་སྟེགས་བྱེད་ལ་ཡོད། །དེ་བཞིན་རྟོག་པས་བརྟགས་པ་ཡི། །སྤྲོས་བྲལ་ཚངས་པ་བ་ཡང་འདོད། །མདོར་ན་ཞང་ཞུང་བོན་ལ་སོགས། །སངས་རྒྱས་བསྟན་དང་འདྲ་མཚུངས་སུ། །བཅོས་པ་རྣམས་ལ་སུ་ཡིད་གཏོད། །འོན་ཏང་བོད་ཡུལ་གངས་ཁྲོད་འདིར། །ཐོས་བྲལ་རྟོགས་པས་མ་ངོམས་པའི། །སྒོམ་ཆེན་བླུན་པོ་རང་ཉམས་ཅན། །ཡིད་ཆོས་མྱོང་བ་དང་བྲལ་ཞིང༌། །དགེ་བའི་བཤེས་ཀྱིས་མ་ཟིན་པས། །རྟེན་འབྲེལ་ཚོགས་པའི་མཐོང་སྣང་དང༌། །གཏི་མུག་སྒོམ་དུ་འཁྲུལ་པ་དག །རྣམ་རྟོག་གང་ཤར་ལ་བལྟས་ནས། །འགེགས་པ་འགོག་པའི་སྙོམས་འཇུག་ཡིན། །སྟོང་པ་ཉིད་དང་


JLAZ007_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་གཉིས། །རྒྱུ་འབྲས་ལྟ་བུར་ཡོད་པའི་ཚུལ། །གོང་དུ་རྒྱན་གྱི་དགོངས་པས་བཤད། །འོན་ཀྱང་ལམ་གྱི་གནས་སྐབས་ན། །ཡིད་ཀྱི་རྣམ་པར་རིག་པ་ཅན། །མ་བསྒྲིབས་ལུང་མ་བསྟན་པ་དེ། །དམིགས་པའི་ཆ་ནས་ཀུན་གཞི་དང༌། །རྣམ་པའི་ཆ་ནས་རང་སེམས་པ། །འཁོར་གསུམ་རྣམ་པར་རྟོག་པ་ཡི། །སྤང་བྱ་སྤངས་པའི་སྟོང་ཉིད་ནི། །མཐོང་སྤངས་དྲི་བྲལ་ཆོས་ཀྱི་སྐུར། །བཏགས་ལ་འགལ་བ་ཡོད་མིན་ཏེ། །སྔགས་ཀྱི་དུས་ན་མདོ་ལམ་གྱི། །སངས་རྒྱས་བཏགས་པར་བཤད་དང་མཚུངས། །རྣམ་རྟོག་དགག་དང་སྒྲིབ་པ་གཉིས། །ཀུན་ནས་འགལ་བ་ལྟག་སྤྲོད་མིན། །དང་པོའི་ལས་ཅན་རྣམས་ལ་ནི། །ངོ་བོ་ཉིད་སྒྲིབ་མ་རིག་ཡིན། །གོམས་པ་སྟོབས་སུ་གྱུར་པའི་ཚེ། །རྟོག་དང་མི་རྟོག་རོ་མཉམ་ཞིང༌། །སོ་སོར་རྟོག་པའི་ཤེས་རབ་ནི། །ཁྱད་པར་ཅན་གྱིས་མཐོང་སྤངས་དང༌། །སྒོམ་སྤངས་སྒྲིབ་པ་སྤང་པའི་ཕྱིར། །ཆོས་སྐུའི་རབ་བཏགས་བརྗོད་པར་ཟད། །ཆོས་ཉིད་ཅིག་ཅར་ཟད་པ་ལ། །འཁོར་འདས་ལག་པའི་ལྟོ་རྒྱབ་ལས། །མེད་པ་ངེས་པར་བདེན་པ་སྲིད། །འཕྲོ་ག་ནས་བསྐོས་སུ་འདེབས་པ་ཡི། །བླུན་པོའི་ཆོས་སྐད་གཞལ་དེས་ཅི། །ངེས་པར་བདེན་པ་གཟིགས་པ་དང༌། །


JLAZ007_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་མཆོག་རྣམས་ལ་གྲགས་པ་ཡི། །དུས་ཀྱི་འཁོར་ལོའི་སྦྱོར་དྲུག་དང༌། །ཁྱད་པར་མ་ཧཱ་སནྡྷི་པའི། །སྐུ་གསུམ་ལམ་སྣང་གྲུབ་པའི་མཐའ། །ཟབ་ལ་དབྱིངས་ཆེ་དེར་བཏགས་པ། །ཕལ་གྱིས་ཤེས་པ་མ་ཡིན་ལ། །དེ་ལས་གཞན་པ་གདམས་ཕྲན་གྱིས། །དབང་པོ་བསླད་པའི་སྟོང་གཟུགས་ལ། །རྣམ་པ་ཀུན་གྱི་མཆོག་ལྡན་དུ། །འདོགས་པ་སྙིང་རྗེའི་གནས་ཡིན་པས། །དེ་ཀ་སྡེ་ཚན་གཅིག་པར་ཞོག །དེ་བཞིན་རང་སྟོང་གཞན་སྟོང་གི །གདགས་གཞི་རྒྱལ་བས་གསུངས་མོད་ཀྱང༌། །དེ་ཡི་ཕྱོགས་འཛིན་ལ་བརྟེན་ནས། །བསྟན་པ་དཀྲུག་པ་ལྷ་ཆེན་པོའི། །རྣམ་ཐར་ཁོ་ནར་མཐོང་བའི་ཕྱིར། །མཆོག་དམན་སྐྱེ་དགུ་ཐམས་ཅད་ཀྱི། །རྒྱུད་ལ་བྱང་ཆུབ་སེམས་སྐྱེས་ནས། །བསྟན་པའི་ལྷག་ཞབས་ཅུང་ཟད་འདི། །ཆུད་མི་ཟ་བའི་བཀྲ་ཤིས་ཤོག །ནན་དུ་བསྐུལ་ན་བྲག་ཅ་ཡང༌། །སྐྱེས་བུ་བཞིན་དུ་སྒྲོག་པའི་ཕྱིར། །སྡེ་སྣོད་འཛིན་པ་ས་ར་པ། །ཆོས་ཉིད་གཟིགས་པའི་སླད་དུ་བསྔོ། །གཏམ་ཚོགས་ལེའུ་རེ་བཞི་པའོ།། །།


previousགཏམ་ཚོགས་ལེའུ་རེ་བཞི་པ། རྣམ་གྲངས་པའི་དོན་དམ་ལ་དཔྱད་པའི་གཏམ་ལྷའི་རྒྱལ་རྔ།next