Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་རེ་ལྔ་པ། ཤིན་ཏུ་རྣལ་འབྱོར་གྲུབ་མཐའ་བཞི་ལ་རྟོན་པའི་གཏམ་རྡོ་རྗེ་གཟེགས་མའི་མཚོན་ཆ།
   
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་རེ་ལྔ་པ། ཤིན་ཏུ་རྣལ་འབྱོར་གྲུབ་མཐའ་བཞི་ལ་རྟོན་པའི་གཏམ་རྡོ་རྗེ་གཟེགས་མའི་མཚོན་ཆ།next

གཏམ་ཚོགས་ལེའུ་རེ་ལྔ་པ། ཤིན་ཏུ་རྣལ་འབྱོར་གྲུབ་མཐའ་བཞི་ལ་རྟོན་པའི་གཏམ་རྡོ་རྗེ་གཟེགས་མའི་མཚོན་ཆ།


JLAZ007_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྣལ་འབྱོར་གྲུབ་མཐའ་བཞི་ལ་རྟོན་པའི་གཏམ། རྡོ་རྗེ་གཟེགས་མའི་མཚོན་ཆ་ཞེས་བྱ་བ། མཁྱེན་རབ་རལ་གྲི་ཅན་ལ་འདུད། །འདི་ན་མཉམ་པར་མ་བཞག་ཅིང༌། །རྟོག་གེས་དྲེགས་པའི་ཅེ་སྤྱང་འགའ། །


JLAZ007_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པས་སྤྲུལ་པའི་ཆོ་ངེ་འདོན། །འཁོར་ལོ་ཐ་མའི་སྦས་དོན་གང༌། །སྔགས་སུ་མངོན་སུམ་ཕྱུང་བ་ནི། །ཀུན་ཏུ་བཟང་པོ་རྡོ་རྗེ་འཆང༌། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས། །ས་ར་ཧ་དང་ཀླུ་སྒྲུབ་ཞབས། །མ་ཕམ་མགོན་པོ་དགའ་རབ་རྗེ། །པདྨ་དྲི་མེད་བཤེས་གཉེན་སོགས། །མཆོག་གཟིགས་རྣམས་ལ་འདོམས་མཛད་ཅིང༌། །ལམ་དེ་ལས་ནི་དངོས་གྲུབ་བརྙེས། །སྲོལ་ཕྱེ་སྙན་ནས་སྙན་བརྒྱུད་དུ། །དར་བའི་ཟབ་མོའི་ཆོས་རྣམས་ལ། །མ་རྟོགས་ལོག་རྟོགས་ཕྱོགས་རྟོགས་ཅན། །དྲང་ངེས་ལྡེམ་དགོངས་མི་ཕྱེད་བཞིན། །ཆོས་དོན་ཚིག་ལ་རྟོན་པས་འཇལ། །གྲུབ་མཐའ་སྨྲ་བ་རྣམ་བཞི་ཡི། །ཆོས་སྐད་ལས་གཞན་རྫུན་ནོ་ཞེས། །རྩ་ལྟུང་དྲུག་པ་རིན་གྱིས་ཉོ། །གྲུབ་མཐའ་བཞི་པོའི་མིང་ཙམ་དང༌། །འགལ་ཚད་ལོག་པའི་ཆོས་ཡིན་ན། །སྔགས་སུ་ཕྱག་རྒྱ་ཆེན་པོ་དང༌། །བདེ་སྟོང་ལྷན་ཅིག་སྐྱེས་པའི་སྒྲས། །ལྟ་བའི་དངོས་མིང་སྨོས་པ་དང༌། །དོ་ཧ་མཛོད་དང་སོར་སྡུད་སོགས། །པཎ་གྲུབ་རྣམས་ཀྱིས་ཉམས་བླངས་ཤིང༌། །དངོས་གྲུབ་ཐོབ་པ་དེ་དག་ཀྱང༌། །ནང་པའི་གཞུང་དང་འགལ་ཏ་རེ། །ཁྱད་པར་ངེས་དོན་དབུ་མ་ཆེའི། །སྦས་དོན་གཤིས་ཀྱི་ཐོག་འབེབས་པ། །ཀ་དག་རྫོགས་པ་ཆེན་པོ་ནི། །


JLAZ007_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའ་བཞི་ནང་མ་འདུས་ན། །ཤེས་རབ་ཕ་རོལ་ཕྱིན་པ་ཡང༌། །དེ་ཡི་ནང་དུ་མི་འདུ་སྟེ། །ཅིའི་ཕྱིར་གཟོད་ནས་དག་པའི་སྒྲ། །ཁྱོད་ཀྱི་དགག་གཞི་ཡིན་པའི་ཕྱིར། །དེ་སྐད་དུ་ནི་སྡུད་པ་ལས། །གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་དེ་བཞིན་མདོ་རྒྱུད་ལས། །ཡེ་ཤེས་ཞེས་བྱའི་དོན་བསྟན་པའི། །ཡེ་ནི་དང་པོའི་ཐོག་མའི་སྒྲ། །ཤེས་ནི་སྒྲིབ་བྱེད་སྤངས་པ་སྟེ། །ཡུལ་དང་འབྲེལ་པ་མེད་ལ་བརྗོད། །དེ་བཞིན་ཀ་དག་སྒྲ་དོན་ཡང༌། །བརྗོད་པའི་རྣམ་དབྱེ་གསལ་བྱེད་སྤྱི། །ཀ་ནི་དང་པོ་འམ་གཞི་ཡི་དོན། །ཡེ་དང་གཟོད་དང་དངོས་གཅིག་ལ། །དག་ནི་ཀུན་གཞི་ཚོགས་བརྒྱད་ཀྱི། །འདུས་མ་བྱས་པའི་དོན་ཉིད་དེ། །གསུམ་ཀས་འཁོར་ལོ་ཐ་མ་ཡི། །སྦས་དོན་གདོད་ནས་དག་པ་བསྟན། །དེ་དག་རྣམས་ཀྱི་དགོངས་པ་ནི། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །གསུངས་ལ་གནས་ཀྱང་རྟོག་གེའི་བློས། །བརྟག་ཏུ་མི་བཟོད་རྒྱལ་བའི་བཀའ། །ལ་ལ་བཟང་དང་ལ་ལ་ནི། །ཅིག་ཤོས་ཉིད་དུ་འདུ་ཤེས་ནས། །བསྟན་པ་དཀྲུགས་པ་བདུད་ཀྱི་ལས། །འདི་ན་ཆོས་རབ་རྣམ་


JLAZ007_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་ཀྱི། །བློ་གྲོས་སྲིད་ཞིའི་ཕ་རོལ་ཏུ། །སོན་པ་སངས་རྒྱས་ཉིད་ལས་གཞན། །མེད་ཕྱིར་ཆོས་དང་གང་ཟག་ལ། །སྐུར་པའི་ཕྱོགས་ལྷུང་འདོད་ཞེན་ནི། །མནར་མེད་བསྒྲུབ་པའི་རྒྱུ་ལས་གང༌། །དེ་བཞིན་གཤེགས་པའི་བསྟན་པ་ནི། །རྟོན་པ་བཞི་ཡི་བདག་ཉིད་ཅན། །འདུལ་བ་ལ་སྣང་མདོ་སྡེར་འཇུག །ཆོས་ཉིད་དོན་དང་མི་འགལ་བ། །བཀའ་ཡི་ཚད་དུ་གནང་བའི་ཕྱིར། །འཁོར་ལོ་དང་པོ་དང་བསྟུན་ཏེ། །དགག་པའི་ཕྱོགས་ནས་བཤད་ཀྱིས་ཉོན། །མིང་ཚིག་བརྗོད་པའི་རྒྱུའི་དང་པོ། །ཨའམ་ཀ་ནི་གཞི་ཡིན་ཏེ། །གཞི་སྒྲ་འཇུག་པའི་དོན་ལྔ་ལ། །རྣམ་རིག་ལྐོག་ཏུ་མ་གྱུར་ན། །དམ་པའི་དེ་ཉིད་མཐོང་བར་འགྱུར། །དེ་ཕྱིར་ཀ་ཞེས་བྱ་བ་ནི། །སྡུག་བསྔལ་བདེན་པའི་མངོན་བརྗོད་དེ། །རྒྱུ་རྐྱེན་ལས་བྱུང་ཀུན་འབྱུང་གི །ཟག་པ་ཟད་པས་དག་ཅེས་བྱ། །ཀ་ནི་ལམ་བདེན་བྲལ་བྱ་སྟེ། །ཀུན་ཏུ་སྦྱོར་བའི་ཆོས་ཅན་ཀུན། །དག་པས་འགོག་བདེན་བྲལ་འབྲས་སོ། །འཁོར་ལོ་བར་པ་དང་བསྟུན་ཏེ། །བསྒྲུབ་པའི་ཕྱོགས་ནས་བཤད་ཀྱིས་ཉོན། །ཀ་ནི་ཐོག་མཐའ་མེད་པའི་དབྱིངས། །རྣམ་པར་ཐར་པའི་སྒོ་དང་པོ། །དག་ནི་འདུས་མ་བྱས་པ་སྟེ། །མཚན་མེད་སྨོན་པ་མེད་པའོ། །འཁོར་ལོ་ཐ་མ་དང་བསྟུན་ཏེ། །གཉིས་གའི་ཕྱོགས་ནས་གཞལ་གྱིས་


JLAZ007_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན། །ཀ་ནི་ཀུན་བརྟགས་གཞན་དབང་ཆོས། །གཟོད་ནས་དག་པས་ཡོངས་གྲུབ་སྟེ། །དོན་ལ་རྟོན་པ་འདི་ཤེས་ན། །ཚིག་ལ་ཕུར་ཁུང་ཐུག་མི་འགྱུར། །བླ་ན་མེད་པའི་སྟོན་པ་དེས། །ངའམ་ང་འདྲའི་གང་ཟག་གིས། །ཆོས་དང་གང་ཟག་ཚད་གཟུང་གིས། །གཞན་དུ་ནོངས་པར་གྱུར་ཏ་རེ། །གསུངས་ལ་གཟུ་བོར་མ་བཞག་ན། །ཉན་ཐོས་སནྡེ་པ་རྣམས་ཀྱིས། །ཐེག་ཆེན་དར་པའི་འགོ་རྩོམ་ཚེ། །ཀླུ་སྒྲུབ་ཅེས་བྱའི་གང་ཟག་གིས། །ཐེག་པ་ཆེན་པོ་ཞེས་བྱ་བའི། །ཆོས་ལོག་སྟོན་ནོ་ཞེས་སྐུར་ཞིང༌། །ཧེ་རུ་ཀ་ཡི་སྐུ་བཤིག་ནས། །འདི་ནི་བདུད་ཀྱིས་བྱས་སོ་བསྒྲགས། །དེ་བཞིན་ཕྱོགས་ཀྱི་གླང་པོ་ལ། །མུན་པའི་གླང་པོ་ཞེས་པ་དང༌། །རྒྱལ་སྲས་ཞི་བ་ལྷ་ལྟ་བུར། །འདུ་ཤེས་གསུམ་པར་སྨྲ་བ་སོགས། །རྒྱ་བོད་ཀུན་ཏུ་ལྷ་ཆེན་པོའི། །འཇུག་པས་བསྟན་པ་དཀྲུགས་པ་ནི། །སྔོན་བྱུང་ད་ལྟའང་ཡོད་སྲིད་ན། །དེ་ཡི་རྒྱུད་ལ་བྱང་ཆུབ་སེམས། །སྐྱེས་ནས་འཆལ་ཚུལ་མི་དགེའི་གཟུགས། །གཞན་གནོད་གཞི་བཅས་སྤོང་བ་ཡིས། །ཚུལ་ཁྲིམས་མཆོག་ལ་གནས་པར་ཤོག །འོན་ཏེ་བསྲེགས་བཅད་བརྡར་བ་ཡི། །གསེར་བཞིན་བསྟན་ལ་བྱི་དོར་གྱི། །སྤོབས་པ་ཐོབ་པ་ཡོད་སྲིད་ན། །གནོད་མིན་གདོན་དུ་འཛིན་པ་ལས། །རང་སའི་ཆོས་ལུགས་ལས་གཞན་པ། །དྲི་བཅས་ཉིད་དུ་


JLAZ007_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་ལ། །འགལ་བྲེང་ཐལ་འགྱུར་འགོད་བྱེད་པ། །འཇིགས་བྲལ་ཨཀྵོ་བཛྲ་ཡེ། །གཞུང་ལ་དཔྱད་གསུམ་དག་པ་ཡིས། །ཐལ་འགྱུར་རྣམ་དག་སྒྲུབས་ཤིག་ཀྱེ། །བདག་ཅག་རྒྱལ་བའི་བསྟན་པ་དང༌། །དེ་ལས་གྱེས་པའི་ཆོས་ལུགས་ལ། །སྡེ་པ་བཅོ་བརྒྱད་བཀར་བསྡུས་བཞིན། །ཆོས་སྤོང་ལམ་ལ་མི་འཇུག་པས། །མཉམ་པ་ཉིད་དུ་གནས་གྱུར་ཅིག །རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །གཏམ་ཚོགས་ལེའུ་རེ་ལྔ་པའོ།། །།


previousགཏམ་ཚོགས་ལེའུ་རེ་ལྔ་པ། ཤིན་ཏུ་རྣལ་འབྱོར་གྲུབ་མཐའ་བཞི་ལ་རྟོན་པའི་གཏམ་རྡོ་རྗེ་གཟེགས་མའི་མཚོན་ཆ།next