Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་རེ་དྲུག་པ། ཡེ་གྲོལ་ཀ་དག་གི་གཏམ་དག་པ་གཉིས་ལྡན་གྱི་མཛོད་ཁང་།
   
   
   
   
   
   
   


 
previousགཏམ་ཚོགས་ལེའུ་རེ་དྲུག་པ། ཡེ་གྲོལ་ཀ་དག་གི་གཏམ་དག་པ་གཉིས་ལྡན་གྱི་མཛོད་ཁང་།next

གཏམ་ཚོགས་ལེའུ་རེ་དྲུག་པ། ཡེ་གྲོལ་ཀ་དག་གི་གཏམ་དག་པ་གཉིས་ལྡན་གྱི་མཛོད་ཁང་།


JLAZ007_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་གྲོལ་ཀ་དག་གི་གཏམ། དག་པ་གཉིས་ལྡན་གྱི་མཛོད་ཁང་ཞེས་བྱ་བ། དང་པོའི་སངས་རྒྱས་ལ་ཕྱག་འཚལ་ལོ། །སྲིད་པའི་ཟུག་རྔུ་འབྱིན་ལ་ཉན་ཐོས་ཀྱི། །སྡེ་སྣོད་དག་ཀྱང་ཐར་པའི་གྲུ་ཆེན་ཏེ། །རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ནི། །གང་ལས་སྐྱེ་ཕྱིར་བྱང་ཆུབ་སེམས་ལ་འདུད། །དེ་ལ་མན་ངག་རྫོགས་པ་ཆེན་པོ་ནི། འབྲས་བུ་ལམ་དུ་བྱེད་པས་དང་པོའི་བདེན་པ་ཡིན་ཏེ། རྒྱུ་འབྲས་རིམ་ཅན་ནམ། སྤང་གཉེན་གྱི་ཚུལ་ལས་འདས་པས་ཡང་དག་པའམ། རྣམ་པར་དག་པའམ། གདོད་ནས་དག་པའི་སྒྲ་ཀ་དག་ཏུ་བསྒྱུར་ནས་བསྟན་པ་སྟེ། དེ་ལ་དག་བྱ་ནི་རྒྱ་ཆེར་རོལ་པ་ལས། ཀ་ཞེས་བརྗོད་པ་དང་ལས་ཀྱི་རྣམ་པ་སྨིན་པ་ལ་འཇུག་པ་ཞེས་བྱ་བའི་སྒྲ་བྱུང་ངོ༌། །ཞེས་པ་ལྟར་རྣམ་སྨིན་དང་འབྲེལ་བའི་ལམ་བདེན་ཀུན་རྫོབ་པ་ཉིད་


JLAZ007_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ནས་དག་པའི་དོན་ཡིན་ཏེ། དེ་ཡང་རྣམ་གྲངས་ཀྱི་སྒོ་ནས་བསྟན་ན། ཡང་ནི་ནན་ཏན་གྱིས་དག་པ་དང༌། རྣམ་པར་ནི་རང་གི་ངོ་བོས་དག་པ་དང༌། གདོད་དང་གཟོད་ནི་སྔ་ཕྱི་གང་རུང་ལ་འཇུག་པས་དུས་གསུམ་གྱི་སྤྲོས་པ་ལས་འདས་པའི་དོན། མཚན་བརྗོད་ལས་ཀྱང༌། དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་སོ། །དེའི་ཕྱིར་ཀ་དག་གི་སྒྲ་དོན་ལོག་པ་ཡིན་ན། ཡང་དག་དང་རྣམ་དག་དང༌། གཟོད་ནས་དག་པ་ཡང་ལོག་པ་ཡིན་ཏེ། སྡུད་པ་ལས། གཟོད་ནས་དག་པས་སེམས་ཅན་སྐྱེ་བར་ག་ལ་འགྱུར། ཞེས་པའི་དགོངས་པ་ལེན་མི་ཤེས་པར་ཟད་དོ། །དེ་བས་ན་སྒྲ་དོན་ལ་འཇུག་པའི་ཚེ་ཡང་ཀ་ནི་སྔོན་རོལ་པ་སྟེ། བརྗོད་པ་འབྱུང་བའི་རྒྱུའི་དང་པོ་དབྱངས་དང་གསལ་བྱེད་ཀྱི་སྤྱི་བོ་ན་ཡང་ཨ་དང་ཀ་ཡོད་ཅིང༌། དེ་གཉིས་ངོ་བོ་གཅིག་ལས་ལྡོག་པ་ཐ་དད་པས་སྐྱེ་འགག་གཉིས་མེད་ཀྱི་དོན་ལ་འཇུག་པའི་ཚུལ་སྔ་མ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་པས་དབྱངས་ཀྱི་དང་པོ་ནི་སྐྱེ་བ་མེད་པའི་དོན་དང༌། གསལ་བྱེད་ཀྱི་དང་པོ་ནི་བརྗོད་པའི་རྒྱུ་འགག་པ་མེད་པའི་དོན་ལ་གནས་པས་


JLAZ007_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་འགག་གཉིས་མེད་ཀྱི་བདེན་པ་ཀ་དག་གི་སྒྲས་དག་པ་གཉིས་ལྡན་གྱི་གོ་དོན་ཡང་ལྷོངས་ཤིང༌། ལམ་བདེན་འདུས་བྱས་པ་ལས་འདས་པའི་བརྗོད་གཞིར་བསྟན་པ་ཡིན་ནོ། །ཐ་ན་འཇིག་རྟེན་གྱི་ཁ་སྐད་ཙམ་ལའང་ཞིང་རང་སར་ཆུ་འདྲེན་པའི་མགོ་ལ་ཆུའི་ཀ་ཞེས་སྒྲོག་ཅིང༌། དེ་བཞིན་དུ་མིང་གི་ལུང་མ་བསྟན་པའི་ངོ་བོ་ཉིད་སྨྲ་བའི་ཚིག་བསླད་ལའང་། ཀ་ཅ་དང༌། ཀ་བ་དང༌། ཀ་བློ་མི་བདེ་བ་སོགས་བརྗོད་པའི་ཕྱིར་རོ། །དེ་ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ཆོས་སྐད་ལས་ལོགས་སུ་གྱུར་པའི་སྙམ་པའི་ལོག་ཤེས་ཅན་ལ་བཀའ་འཁོར་ལོ་གསུམ་གྱི་འཆད་གཞི་དང་སྦྱར་ནས་ཚིག་གི་མེ་ཏོག་དོན་གྱི་འབྲས་བུ་ལ་རྟོན་པའི་ཚུལ་རྡོ་རྗེ་གཟེགས་མའི་མཚོན་ཆར་འདོམས་ཟིན་ལ། དེ་བས་ན་དབང་པོ་རབ་ཀྱིས་གཞུང་གི་མཚན་ལ་དཔྱད་པས་དོན་དཔྱིས་ཕྱིན་པར་རྟོགས་པ་ནི་ཐོས་བསམ་དང་འབྲེལ་བའི་དཔྱད་སྒོམ་ཡིན་ལ། དེ་སྒོམ་པའི་ཤེས་རབ་ཀྱི་ཉམས་སུ་མྱོང་བའི་ཕྱིར་འཇོག་སྒོམ་གྱི་གནད་བཤད་པར་བྱའོ། །རྫོགས་པ་ཆེན་པོའི་རིག་པ་ནི། སེམས་མིན་སེམས་ལས་བྱུང་བའང་མིན། །ཕུང་པོ་ལྔ་དང་མ་འདྲེས་ཤིང༌། །རྣམ་ཤེས་ཚོགས་བརྒྱད་ལས་འདས་པས། །གྲུབ་མཐའ་རྗེས་སུ་འཛིན་རྣམས་ཀྱི། །བློ་ཡིས་


JLAZ007_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པའི་མེད་དགག་དང༌། །མ་ཡིན་དགག་དང་མཐའ་བརྒྱད་ཀྱི། །སྤྲོས་པ་བཤིག་པའི་རྗེས་ཐོབ་ཀྱི། །རིག་པ་འདུས་བྱས་ལས་འདས་པས། །ཡེ་གྲོལ་འདུས་མ་བྱས་པའོ། །དེ་སྐད་དུ་ནི་སྤྱོད་འཇུག་ལས། །བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་བྱ་གསུངས། །དེ་ལྟ་མོད་ཀྱི་དབང་རྣོན་དང༌། །སྦྱངས་པ་སྔོན་སོང་མ་ལགས་པས། །དོན་འདི་རྟོགས་པ་མ་ཡིན་ཏེ། །སྒོམ་མོ་སྙམ་པ་སེམས་ཡིན་ལ། །རྣམ་རྟོག་ལྔ་བཅུ་སེམས་བྱུང་ངོ༌། །བློ་ཡིས་བགྲོད་ཡུལ་གཟུགས་ཕུང་སྟེ། །དེ་ཡི་རོ་མྱོང་ཚོར་བའོ། །རྟོག་དཔྱོད་དབུ་མར་འཁྲུལ་པ་ཡི། །སྤུ་རིས་འབྱེད་པ་འདུ་ཤེས་ལ། །བག་ཆགས་བརྟས་པ་འདུ་བྱེད་རྒྱུ། །ཀུན་གྱི་བདག་ཉིད་རྣམ་ཤེས་ཏེ། །དེ་དག་ཡུལ་དང་ཡུལ་ཅན་དུ། །འབྲེལ་ལས་ཚོགས་དྲུག་སྐྱེ་བའི་ཕྱིར། །གོ་བས་དཔྱད་པའི་རྣམ་གཡེང་གིས། །བསམ་གཏན་དཀྲོག་པའི་རྟོག་གེ་དང༌། །མྱོང་བས་བསླུས་པའི་དཔྱད་སྒོམ་གྱིས། །བྱིས་པ་ཉེར་སྤྱོད་སྒོམ་པ་རྣམས། །བསམ་གཏན་དང་པོའི་ཉེར་བསྡོགས་དང༌། །དངོས་གཞི་ཉིད་ལས་འཕགས་པ་མེད། །ཆོས་ཉིད་གཟིགས་པ་ཞི་བ་ལྷས། །རྣམ་དཔྱོད་ཀྱིས་ནི་དཔྱོད་བྱེད་ན། །དེ་ཚེ་རྣམ་དཔྱོད་དེ་ཡང་ནི། །རྣམ་དཔྱོད་ཕྱིར་ན་ཐུག་པ་མེད། །དཔྱད་བྱ་རྣམ་པར་དཔྱད་བྱས་ནས། །རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །རྟེན་


JLAZ007_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཕྱིར་ན་མི་སྐྱེ་སྟེ། །དེ་ཡང་མྱ་ངན་འདས་པར་བརྗོད། །ཞེས་གསུངས་ཐ་སྙད་ལ་བརྟེན་ནས། །སྟོང་ཉིད་གཏན་ལ་འབེབས་པ་དེ། །བདག་ཉིད་ཆེན་པོ་ཀླུ་སྒྲུབ་དང༌། །ཟླ་བ་གྲགས་པའི་ལུགས་ཡིན་ཡང༌། །དེ་ནི་ཐོས་དང་བསམ་པ་ཡིན། །གཤིས་ཀྱི་བཞུགས་ཚུལ་དཔྱད་པའི་སྐབས། །ཡིན་གྱི་སྒོམ་པའི་དངོས་གཞི་ལ། །སྔགས་ཀྱི་ཐབས་ལམ་གཙོར་བྱས་ནས། །ལས་རླུང་ཟད་པར་བྱེད་པའི་དོན། །ཉམས་སུ་གཞེས་པ་ཤེས་པར་གྱིས། །དེ་ལ་མཚན་བཅས་མཚན་མེད་ཀྱི། །རྫོགས་རིམ་གཉིས་ལས་ཕྱི་མ་ནི། །མན་ངག་རྫོགས་པ་ཆེན་པོ་སྟེ། །འདུས་མ་བྱས་པའི་རིག་པ་ལ། །ཀ་ནས་དག་པ་ཞེས་བྱ་སྟེ། །བསྒོམ་པར་བྱ་བའི་ལྟ་བ་དང༌། །སྒོམ་པར་བྱེད་པའི་ཤེས་པ་མེད། །མེད་དོ་སྙམ་ན་ཆད་ལྟ་དང༌། །ཡོད་དོ་སྙམ་ན་རྟག་ལྟ་དང༌། །གཉིས་ཀྱི་བར་ནི་བློ་ཡིན་པས། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཉིད་དུ་གསུངས། །བློ་དང་བྲལ་བ་རྟོགས་པ་ལ། །ཚོགས་རྫོགས་སྒྲིབ་པ་དག་པ་དང༌། །བླ་མའི་བྱིན་རླབས་ཞུགས་པ་དགོས། །དེ་སྐད་དུ་ནི་སྟོན་པའི་བཀས། །དོན་དམ་པ་ནི་དད་པ་ཡིས། །རྟོགས་པར་བྱ་བ་ཡིན་ནོ་གསུངས། །དེ་ཕྱིར་ཚོགས་གསོག་སྒྲིབ་སྦྱོང་དང༌། །དད་པས་རང་རྒྱུད་བརླན་


JLAZ007_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས། །གྲུབ་མཐའི་ཞེན་པས་མ་བཅིངས་པའི། །རིག་པ་རང་བཞིན་མེད་པ་འདི། །གདོད་ནས་དག་པའི་ལྟ་བ་ཡིན། །ཡིན་ནོ་སྙམ་ན་ངེས་ཤེས་ཀྱང༌། །ཤེས་བྱའི་སྒྲིབ་པ་རྔམ་ཆེན་ཏེ། །དངོས་དང་དངོས་མེད་བློ་ཡི་བདག །འདུས་མ་བྱས་དབྱིངས་མ་ཞི་བར། །རྟོག་དཔྱོད་ཚེར་མས་སྒོམ་པའི་མིག །ཕུག་སྟེ་སྨྲ་བསམ་བརྗོད་མེད་ལ། །སྐྲག་པ་སྐྱེས་ནས་བཅོས་ཤིང་བཅོས། །བསྒྲིམས་ཤིང་བསྒྲིམས་པ་མཐོང་ལམ་གྱི། །དམ་པའི་དེ་ཉིད་ཡིན་ཟེར་ན། །མུ་སྟེགས་ཚངས་པའི་རྗེས་འབྲང་གི །ཕྱོགས་སུ་དེངས་ཤིག་གཞན་དུ་ན། །ཐེག་པ་ཆེན་པོའི་རྒྱུད་བླ་མར། །འདི་ལ་བསལ་བྱ་ཅི་ཡང་མེད། །ཞེས་པའི་དོན་དང་ཅིས་མི་འགལ། །ལྟ་བའི་ངོ་བོ་དྲན་པ་དང༌། །དབྱེར་མེད་རོ་གཅིག་བསྲེ་བ་ལ། །སྒོམ་པ་ཞེས་བྱའི་ཐ་སྙད་གྲགས། །དེ་གཉིས་ཐ་དད་བཟུང་བྱས་ཏེ། །ལྟ་བ་མ་ཧེ་ལྟ་བུ་ལ། །སྒོམ་པ་སྐྱོང་བྱེད་ལྟར་བྱས་ནས། །ཡིད་དང་ཆོས་སུ་འབྲེལ་བ་ཡི། །རྟོག་དཔྱོད་ཚེར་མ་ལྟ་བུའམ། །འགྱུར་དྲན་ངང་དུ་འཇོག་བྱེད་ཀྱང༌། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་དང་འགལ་བ་ལྟག་སྤྲོད་ཡིན། །ལྟ་སྒོམ་རྗེས་སུ་སློབ་པ་དེ། །དོན་གྱི་དཔྱོད་པ་བླ་ན་མེད། །


JLAZ007_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

བླང་དོར་དགག་སྒྲུབ་བློ་བྲལ་བས། །ཡང་དག་ཉིད་ལ་ཡང་དག་བལྟ། །གསུངས་འདི་རྒྱལ་བའི་གསང་ཚིག་ཡིན། །གཞི་དང་ལམ་དང་འབྲས་བུའི་ཆོས། །ཀ་ནས་དག་པའི་ཆོས་ཉིད་ལ། །བསྒོམ་བྱ་སྒོམ་བྱེད་ཅུང་ཟད་མེད། །ཀ་དག་དོན་ནི་ཡང་དག་ཕྱིར། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་པའི་དོན་ལ་སུ་ཡིས་བསྙོན། །འདི་ཉིད་མ་རིག་རྟོག་ཅན་རྣམས། །འཁོར་ལོ་བར་མཐའི་དྲང་ངེས་དང༌། །ཐ་སྙད་ཚིག་ལ་ལྟ་བར་འཛིན། །མཚན་ཉིད་མེད་ལ་བློས་སྒྲོ་འདོགས། །ཕུང་པོ་ལྔ་པོ་རང་བཞིན་གྱིས། །སྟོང་པར་ཡང་དག་རྗེས་བལྟ་བ། །བཅོས་པའི་སྟོང་པས་བསླད་པ་ཡི། །གཟུགས་སོགས་སྟོང་ཡུལ་རང་ངོ་ནས། །གྲུབ་པ་མེད་པའི་དོན་ལས་རིང༌། །གྲིབ་མའི་གཟུགས་བརྙན་ཤ་ཟ་རུ། །ཡོད་པ་ཡུལ་མིན་འཁྲུལ་ཤེས་དེ། །གཟུང་བའི་ཡུལ་དང་རྟོག་དཔྱོད་ཀྱི། །ཤེས་པ་འཛིན་པའི་སེམས་ཡིན་ན། །ཆོས་ཅན་སྣང་བར་འདོད་པ་ཡི། །གྲུབ་མཐའ་མུ་སྟེགས་བྱེད་དང་མཚུངས། །དེ་ཕྱིར་ཀུན་རྫོབ་ཙམ་དུ་ཡང༌། །འཁྲུལ་གཞི་ཞལ་གྱིས་མི་བཞེས་པ། །བདག་ཉིད་ཆེན་པོ་ཀླུ་སྒྲུབ་དང༌། །ལྷ་གཅིག་དཱི་པཾ་ཀ་རའི་ལུགས། །འདི་ན་མངོན་པའི་ང་རྒྱལ་ཅན། །


JLAZ007_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གི་དམ་ཆོས་ལ་ཞེན་ནས། །མཉམ་པར་གཞག་དང་རྫས་འགལ་བའི། །བདག་མེད་གཉིས་ཀྱི་ཚིག་ལ་ཞེན། །མཐའ་བརྒྱད་སྤྲོས་བྲལ་བློས་བཅོས་ནས། །རབ་ཏུ་མི་གནས་དབུ་མའི་དོན། །ང་ལས་གཞན་གྱིས་མ་རྟོགས་ལོ། །དེ་ཀ་རང་ལྟ་མཆོག་འཛིན་གྱི། །རྟག་ཆད་མུ་བཞིའི་ཕྲང་ཡིན་ཏེ། །བཅོམ་ལྡན་བདག་ཉིད་ཆེན་པོ་དེས། །དགེ་སློང་གང་ཞིག་འདི་སྙམ་དུ། །ང་ནི་ངེས་པར་དགྲ་བཅོམ་པའི། །གོ་འཕང་ཐོབ་པོ་སྙམ་བྱེད་ན། །དེ་ནི་དགྲ་བཅོམ་མ་ཡིན་གསུངས། །གང་ཕྱིར་རྟོག་པའི་དམ་ཆོས་ནི། །བསྒོམས་ནས་ལས་རླུང་ཟད་པའི་རྗེས། །འགྲོ་བས་སྒྲ་རྟོག་ལ་ཞེན་པའི། །ཁ་ཕྱིར་ཕྱོགས་ལས་ལྡོག་བྱས་ན། །དབུ་མར་ཞུགས་གནས་ཐིམ་གསུམ་གྱི། །ངེས་པས་རིམ་མམ་ཅིག་ཅར་དུ། །རྫོགས་ནས་ཐལ་རང་རྣམ་གཉིས་དང༌། །གྲུབ་མཐའ་བཞི་པོའི་ཞེན་པ་འཇིག །ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པའི་དོན་ལ་རྗེས་དཔག་ཙམ། །མ་ཡིན་མངོན་སུམ་ཉིད་ལ་འབྱོར། །དངོས་ལ་ངོ་བོ་ཉིད་མེད་པས། །ལྟ་བ་ལོང་བ་ལྟ་བུ་ཡིན། །དངོས་ཀུན་ཡང་དག་རྫུན་པ་རུ། །མཐོང་བའི་སོ་སོར་རང་རིག་མིག །སྒོམ་པའི་ཐུར་མས་བྱེ་བར་འགྱུར། །དེ་ཕྱིར་རྫོགས་པ་ཆེན་པོ་ལ། །ལྟ་བ་མེད་དེ་ནམ་མཁའ་འདྲ། །


JLAZ007_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ་ནི་མཐོ་དམན་མེད། །སྒོམ་པ་མེད་དེ་ཉི་ཟླ་འདྲ། །ཉི་ཟླ་ལ་ནི་གསལ་འགྲིབ་མེད། །སྤྱོད་པ་མེད་དེ་རྒྱ་མཚོ་འདྲ། །རྒྱ་མཚོ་ལ་ནི་ཡངས་དོག་མེད། །འབྲས་བུ་མེད་དེ་ཡེ་སངས་རྒྱས། །དེ་ལ་ཡང་སངས་རྒྱ་རྒྱུ་མེད། །དྲན་པ་མེད་དེ་ཡེ་ཤེས་ཡིན། །ཡེ་ཤེས་བློ་དང་ལྷན་ཅིག་མིན། །བདེན་པ་མེད་དེ་མི་བརྫུན་པས། །དོན་དམ་བདེན་པའི་ཐ་སྙད་གྲགས། །བདེ་བ་མེད་དེ་སྡུག་བསྔལ་དང༌། །བྲལ་བས་སངས་རྒྱས་ཉིད་དུ་རྟོགས། །ངས་ནི་གཞུང་ལུགས་མ་སྦྱངས་ཏེ། །རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི། །ཡེ་ཤེས་སྐུ་དང་འགག་མེད་གསུང༌། །མཇལ་བས་སྐད་ཅིག་ཡུད་ལ་གྲོལ། །གྲོལ་ལོ་སྙམ་པའི་ང་རྒྱལ་དང༌། །མ་གྲོལ་སྙམ་པའི་ཞུམ་པ་མེད། །གྲུབ་མཐའ་ཀུན་གྱི་དེ་ཉིད་རིག །རིག་པ་ཐམས་ཅད་རང་ཉིད་ཀྱིས། །རྟོགས་པའི་དོན་དང་འགལ་མེད་མཐོང༌། །མཐོང་ཡང་ཆོས་ཉིད་བདེན་པ་ནི། །རྣམ་ཐར་སྒོ་གསུམ་ལ་གནས་པས། །མཛུབ་མོས་མཚོན་པའི་ཡུལ་མིན་ཕྱིར། །གྲུབ་མཐའི་ཞེན་པ་ཐམས་ཅད་ཞིག །བསྒོམ་བྱ་སྒོམ་བྱེད་མེད་པའི་ངང༌། །བྱ་བྱ་ཆོས་སྤྱོད་མེད་པའི་ངང༌། །ཆོ་ག་བཟླས་བརྗོད་མེད་པའི་ངང༌། །དྲན་པ་ཉེ་བར་གཞག་པའི་ངང༌། །རང་གར་བཞག་པས་ཟག་བཅས་ཀྱི། །ལུས་ལ་གདུང་དང་སྐུ་བལ་གྱི། །རིང་བསྲེལ་


JLAZ007_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་མང་དུ་བྱོན། །སྒོམ་པ་དཔལ་གྱི་མཆིམས་ཕུར་བྱས། །ཉམས་དང་རྟོགས་པའི་མཛོད་ཀློང་བརྡོལ། །སྣང་བ་བརྡ་དང་དཔེ་ཆར་ཤར། །འགྲོ་དོན་གཙང་དང་མོན་ལ་བྱས། །འབྲེལ་ཚད་དོན་ལྡན་སྨོན་ལམ་བཏབ། །སྡོད་ས་དད་མེད་ལུང་པར་བྱས། །དཀོར་དང་རྣམ་གཡེང་ངང་གིས་ཞི། །གདུལ་བྱ་དབུས་གཙང་ཁམས་ནས་འདུས། །སྦྱིན་པ་རྣམ་བཞིས་ལེགས་པར་བསྐྱངས། །གསེར་དངུལ་རྫས་དང་དབྱིག་ལ་སོགས། །མི་འདོད་བཞིན་དུ་སུན་སུན་བྱུང༌། །ཆོས་འཁོར་གསུམ་ལ་བསྟི་སྟང་དང༌། །རྟེན་བཞེངས་ཁྲི་མཆོད་སྟོང་མཆོད་ཕུལ། །སེམས་ཅན་མང་པོའི་སྲོག་སྐྱོབ་པས། །ཚེ་ཡང་མཐར་ཕྱིན་ལུང་བསྟན་ཐོབ། །རྣམ་རྟོག་རང་ཤར་རང་གྲོལ་ལ། །ཕྲག་དོག་ངན་སེམས་ཕྱོགས་ལྷུང་དང༌། །གྲུབ་མཐའི་ཁ་འཛིན་ཡོད་མིན་ཏེ། །ཆོས་ལ་སྡང་བའི་ཉེས་པ་དེས། །ཐར་པའི་སྲོག་རྩ་གཅོད་པའི་ཕྱིར། །གཟུ་པོར་གནས་པའི་བཤེས་གཉེན་ཆེ། །འབྲས་སྤུངས་བདེ་ཡངས་བླ་མ་ནི། །ཀལ་པ་མ་ཏིའི་གསུང་ནན་ལ། །བརྟེན་ནས་རང་བཞིན་བརྗོད་པ་འདི། །འགྲོ་འདིའི་རྒྱུད་ལ་བྱང་ཆུབ་སེམས། །སྐྱེས་ནས་བྱང་གྲོལ་ལ་རེག་ཤོག །གཏམ་ཚོགས་ལེའུ་རེ་དྲུག་པའོ།། །།


previousགཏམ་ཚོགས་ལེའུ་རེ་དྲུག་པ། ཡེ་གྲོལ་ཀ་དག་གི་གཏམ་དག་པ་གཉིས་ལྡན་གྱི་མཛོད་ཁང་།next