Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་རེ་བདུན་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་རྫོགས་པ་ཆེན་པོའི་དོ་ཧ་མཛོད།
   
   
   
   
   
   


 
previousགཏམ་ཚོགས་ལེའུ་རེ་བདུན་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་རྫོགས་པ་ཆེན་པོའི་དོ་ཧ་མཛོད།next

གཏམ་ཚོགས་ལེའུ་རེ་བདུན་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་རྫོགས་པ་ཆེན་པོའི་དོ་ཧ་མཛོད།


JLAZ007_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་རྫོགས་པ་ཆེན་པོའི་དོ་ཧ་མཛོད་ཅེས་བྱ་བ། རྒྱ་གར་སྐད་དུ། མ་ཧཱ་སནྡྷི་ཛྙཱ་ན་ས་མུ་དྲ་པ་ར་མི་ཏ་པ་ར་མི་ཏ་དྭ་ཧ་ཀོ་ཤ་བཛྲ་གིརྟི་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ལས་ཀྱང་ཕ་རོལ་ཏུ་ཕྱིན་པའི་གཏམ་དྭ་


JLAZ007_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་མཛོད་ཀྱི་རྡོ་རྗེའི་གླུ་ཞེས་བྱ་བ། ཆོས་ཉིད་མ་བཅོས་པའི་ཀློང་ལ་ཕྱག་འཚལ་ལོ། །རྣམ་པར་ཐར་པའི་སྒོ་ནི་འདི་ཡིན་ཏེ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང༌། །སྨོན་པ་མེད་ཅེས་རྒྱལ་བས་རབ་བསྔགས་ཀྱང༌། །ཚིག་གིས་དོན་བསྒྲིབས་སྟོང་ཉིད་དངོས་པོར་གོལ། །ཀུན་ཏུ་བརྟགས་པའི་མཐའ་བརྒྱད་སྤྲོས་བྲལ་ཡང༌། །མཚན་མའི་གཞན་དབང་གྱུར་ནས་གོ་འཕང་ལ། །སྨོན་པས་འཇུག་པ་ལྟ་བའི་སྙིགས་མ་ཡིན། །གང་ཞིག་སྟོང་པ་ཉིད་ཀྱི་དོན་འཚོལ་ཕྱིར། །མཐའ་གཉིས་སྤངས་ནས་དབུ་མར་གནས་པའི་བློས། །ཐལ་འགྱུར་མཚོན་ཆ་རྣོན་པོ་བརྡར་བྱས་ཀྱང༌། །ངོ་བོ་ཉིད་མེད་ཞི་བའི་དབྱིངས་ལས་དཀྲོགས། །སྟོང་པ་རང་གི་ངོ་བོས་མ་གྲུབ་བཞིན། །སྣང་བ་རྫུན་པར་མྱོང་བའི་ཀུན་རྫོབ་དང༌། །བསྲེས་ནས་བདེན་གཉིས་དབྱེར་མེད་འཚོལ་བ་ཡང༌། །རྣམ་པར་རིག་པ་ཅན་གྱི་ཞགས་པས་འཆིང༌། །ཕུང་སོགས་སྟོང་པར་རྟོག་པའི་ངོ་བོ་ཉིད། །ཉེ་བར་ལེན་པའི་ཆོས་དང་མ་བྲལ་ན། །ཤེས་རབ་ཕ་རོལ་ཕྱིན་ལ་རྩོད་བྱེད་ཀྱང༌། །ཞི་བའི་དོན་ལ་མི་རེག་སྲིད་པས་འཛིན། །རང་བཞིན་ཡོངས་ཤེས་བདེན་པས་འཚང་རྒྱ་ན། །མཉམ་པར་བཞག་དང་མ་བཞག་རྫུན་པའི་ཆོས། །བཞག་པས་རྒྱ་ན་བསམ་གཏན་གཟུགས་མེད་དང༌། །མ་གཞག་རྒྱ་ན་སེམས་ཅན་ཅི་ལ་འཁོར། །འདོད་དང་གཟུགས་ཁམས་གཟུགས་


JLAZ007_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཁམས་གསུམ་གྱི། །གནས་རིགས་ཁམས་ལ་དམིགས་པའི་འདུ་ཤེས་དང༌། །བྲལ་བའི་དམིགས་མེད་སྙིང་རྗེ་ཆེན་པོ་ནི། །བདེན་པ་མཐོང་བའི་བྱང་ཆུབ་སེམས་དཔར་ཡོད། །གང་ཕྱིར་སྟོང་ཉིད་ལྡན་ལ་སྙིང་རྗེས་འབྲེལ། །སྙིང་རྗེ་དང་བྲལ་སྟོང་པ་ཉིད་རློམ་པ། །སངས་རྒྱས་མུ་སྟེགས་བྱེད་དེ་སྲིན་འབུ་ཡིས། །ཉུངས་འབྲུ་ཕུག་པའི་སྟོང་པར་བལྟ་དང་མཚུངས། །སྡུག་བསྔལ་ཤེས་ནས་ཀུན་འབྱུང་སྤོང་བའི་ལམ། །རྒྱུད་ལ་བརྟེན་བྱས་འགོག་པ་མངོན་བྱེད་པ། །འདི་ནི་ཞི་བདེར་དམིགས་པ་ཙམ་ཞིག་ཏེ། །རྣམ་པ་ཐམས་ཅད་མཁྱེན་པའི་དོན་ལ་རིང༌། །ཀློག་དང་འཛིན་དང་ཉན་དང་བསྟན་བཅོས་འཆད། །ཐོས་དང་བསམ་དང་བསྒོམ་པས་གདུང་བྱེད་པ། །དང་པོའི་ལས་ཅན་རྣམས་ལ་མ་བཀག་སྟེ། །ཆོས་རྣམས་རང་བཞིན་མེད་པར་རྟོགས་ཚེ་འཁྲུལ། །ལྟ་བར་གོ་བར་བྱ་བའི་དུས་ཀྱི་ཚེ། །ལུང་དང་རིག་པ་ལྟ་བའི་མིག་བུ་ཡིན། །ལྟ་བ་མྱོང་བར་བྱ་བའི་དུས་དག་ན། །སེམས་དང་རིག་པའི་ལ་ཤན་ཕྱེད་པར་བྱ། །ལྟ་བ་རྟོགས་པར་གྱུར་པའི་དུས་དག་ན། །སློབ་པས་བཅིངས་པའི་བྱ་བཏང་ཉམས་རེ་མཚར། །གྲུབ་མཐས་བཅོས་པའི་ལྟ་སྒོམ་ཡི་རེ་མུག །འདུས་མ་བྱས་དང་འགལ་བའི་ལམ་བདེན་བརྫུན། །གཟུགས་ཚོར་འདུ་ཤེས་


JLAZ007_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་ཕུང་ཁམས་ཀྱི། །ཆོས་ལ་མི་གནས་ཆོས་ཉིད་ལ་གནས་པ། །སྔགས་སུ་གདན་གསུམ་ཚང་བའི་ལྟར་བསྟན་ཡང༌། །རྫོགས་པ་ཆེན་པོའི་དོན་ལ་མ་རེག་གོ །ལྟ་བའི་རང་བཞིན་ཀ་ནས་དག་པ་ལ། །བལྟ་བར་བྱ་བ་ཅུང་ཟད་ཡོད་མིན་ཏེ། །ངང་དང་རང་བཞིན་མ་ཉམས་བདེན་པ་ཡིས། །འཁྲུལ་པའི་རྫུན་ཕུགས་གཏིང་ནས་སུན་འབྱིན་ཏོ། །རིག་པ་གདོད་ནས་མངོན་སངས་རྒྱས་པ་འདི། །སྤངས་ནས་སེམས་ལ་སངས་རྒྱས་འདོད་པ་རྣམས། །སེམས་བྱུང་ཇག་པས་བསྐོར་བ་མ་མཐོང་ནས། །རྟོག་དཔྱོད་ལྷག་མཐོང་ཡིན་ཞེས་འོ་དོད་འབོད། །གཟུགས་ནི་ཕ་རོལ་ཡིན་ལ་འདུ་ཤེས་ཚུ་རོལ་ཡིན། །ཚོར་བ་བར་ན་གནས་པས་འདུ་བྱེད་མཚམས་སྦྱར་ཏེ། །རྣམ་པར་ཤེས་པ་འཁོར་བའི་གཏིང་རྡོར་བསྐྱུར་བྱས་པས། །སེམས་ཅན་འདི་དག་ཐར་པའི་སྐབས་མེད་སྙིང་རེ་རྗེ། །རང་ངོ་གདོད་ནས་དག་པའི་ཆོས་ཉིད་ལ། །ཡོད་དང་མེད་པའི་ཕྱོགས་འཛིན་ཞིག་གྱུར་ཀྱང༌། །བྱིས་པ་རྣམས་ཀྱིས་གཉིས་སུ་སྒྲོ་བཏགས་ཤིང༌། །མཁས་པ་རྣམས་ཀྱིས་གཅིག་ཏུ་བཟུང་བས་འཁྲུལ། །ཇི་ལྟར་བཟུང་ན་བདེན་པ་རྣམ་པ་གཉིས། །སྣང་སྟོང་ཚིག་གིས་ཤ་བའི་རྭ་ལྟར་བཅོས། །འདོད་


JLAZ007_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

ཁའི་བློ་ཡི་བསེ་རུ་ལྟ་བུར་བཟུང༌། །ལྷན་ཅིག་སྐྱེས་པའི་དེ་ཉིད་མ་རིག་གོ །མ་རིག་ལས་ནི་རྟེན་ཅིང་འབྲེལ་པར་འབྱུང༌། །བཅུ་གཉིས་རྒྱུན་ལ་འཁོར་འདི་ནང་རིག་པས། །ལྡོག་སྟེ་གཉུག་མའི་དེ་ཉིད་མ་མཐོང་ན། །སྒྲ་ཚད་བཟོ་དང་གསོ་བས་རྣམ་པར་འཁྱམ། །དེ་ཕྱིར་འཁོར་དང་མྱ་ངན་འདས་པའི་ཆོས། །ཐམས་ཅད་བདེན་པ་མ་ཡིན་བརྫུན་པའང་མིན། །གཉིས་ཀར་མི་གནས་རྫོགས་པ་ཆེན་པོའི་དོན། །ནམ་མཁའི་རང་བཞིན་གཞལ་མེད་ཁང་ཆེན་པོ། །རྟོགས་པར་འདོད་ནས་ཤེས་རབ་ཕ་རོལ་ཕྱིན། །བསྟེན་གོམས་བྱས་པས་ཤེས་བྱའི་ཚུ་རོལ་ལུས། །རང་སར་བཞག་པས་བསམ་གཏན་རྒྱ་རལ་ནས། །བདེ་བར་གཤེགས་པའི་དེ་ཉིད་མངོན་སུམ་མཐོང༌། །བྱ་རྩོལ་མེད་ལ་བརྩོན་པའི་ཁུར་བཀལ་བས། །ལམ་བདེན་འདུས་བྱས་མྱ་ངན་འདའ་མ་ནུས། །ད་ནི་མི་བསྒོམ་སྒོམ་ཆེན་བསླུ་བ་ལ། །སྒོམ་ལས་གཞན་པའི་ཆོམ་རྐུན་ངས་མ་མཐོང༌། །སྐྱེ་མེད་ཆོས་ལ་བཟོད་པ་མ་ཐོབ་ན། །ཟབ་མོའི་དོན་ལ་སྐྲག་པའི་དཀའ་ཐུབ་དང༌། །བསྲུང་ཉམས་འདུ་ཤེས་དམ་པོས་དཀྲིས་པ་ཡི། །རློམ་སེམས་དེ་ཡང་ཁྲིམས་ཀྱི་སྣོད་ལས་རིང༌། །བདག་འཛིན་བདག་གིར་འཛིན་པ་ལ་དམིགས་ན། །གཏོང་སེམས་གོམས་ཀྱང་སྦྱིན་པའི་ཚུ་རོལ་ཏེ། །ཟག་པ་མེད་པའི་


JLAZ007_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཕྱིན་དྲུག་ནི། །ལྷན་ཅིག་སྐྱེས་པའི་དེ་ཉིད་མཐོང་ལ་ཡོད། །བདེན་པས་མ་སྨིན་ཆུ་ཡི་དབང་བསྐུར་དང༌། །ཐར་པ་མ་བསྟེན་རིམ་པར་ཕྱེ་བ་ཡིས། །ལྷན་ཅིག་སྐྱེས་པའི་དེ་ཉིད་མཚོན་མི་ནུས། །གཟུང་འཛིན་རྡོ་རྗེ་བཙུན་མོའི་དབྱིངས་སུ་འགགས། །དེ་ཕྱིར་བྱིན་རླབས་བྲལ་བའི་དབང་བསྐུར་ལས། །ཡེ་ཤེས་ལྡན་ལ་མོས་གུས་གནད་དུ་བསྣུན། །རྡོ་རྗེ་སེམས་དཔའི་དེ་ཉིད་མ་ནོར་བ། །མཐོང་བའི་མོད་ལ་མཐོང་བྱེད་འགག་པར་འགྱུར། །སྣང་ཞེན་ཕ་རོལ་སྒྲོལ་ལ་ལྡན་མིན་གྱི། །འདུ་བྱེད་ལྷ་ཡི་ཕྱག་རྒྱར་བསྒྲུབ་དེས་ཅི། །ཡོངས་གྲུབ་གདན་གསུམ་འཁོར་ལོའང་ཀུན་རྫོབ་ཕྱིར། །ཆོས་ཀྱི་སྐུ་ལ་ཞལ་ཕྱག་ངས་མ་མཐོང༌། །དེ་ཕྱིར་ང་ནི་ཅི་ཡང་མི་བསྒོམ་སྟེ། །རང་སར་བཞག་པས་དམ་པའི་དེ་ཉིད་མཐོང༌། །མཐོང་ཞེས་བྱ་བའང་བླ་དྭགས་ཙམ་དུ་ཟད། །རི་བོང་རྭ་ཡི་རྣོ་བརྟུལ་བརྗོད་པ་བཞིན། །གཟུང་འཛིན་བཞོན་པ་དྷུ་ཏིར་བཅོམ་འདོད་ནས། །ལས་ཀྱི་རླུང་ལ་ཞབས་ཏོག་བྱེད་པ་ཡང༌། །རྦུང་པའི་སྒོང་སྟོངས་བཞིན་ཏེ་སྙིང་པོ་མེད། །ཡེ་ཤེས་རླུང་ལ་འགྲོ་དང་འོང་བ་བྲལ། །འགྲོ་འོང་བྲལ་བའི་བདེ་ཆེན་རྟོགས་འདོད་ན། །དག་བྱེད་རྒྱུན་གྱི་མ་སྙོགས་དྭངས་པ་བཞིན། །རིག་པའི་ཆོས་ཉིད་གདོད་ནས་


JLAZ007_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ལ། །སེམས་ཀྱིས་བསླད་པའི་ཞབས་ཏོག་མི་འཚལ་ལོ། །ཡིན་པ་མིན་པས་ངོ་བོ་ཀ་ནས་དག །མིན་པ་མིན་པས་རང་བཞིན་ལྷུན་གྱིས་གྲུབ། །ཡེ་ནས་གྲོལ་བས་གདོད་ཀྱི་གྲོལ་གཞི་མེད། །ཅེར་གྱིས་གྲོལ་བས་བདེན་པ་གཉིས་ཀྱིས་སྟོང༌། །ལྟ་སྒོམ་སྤྱོད་དང་ཟུང་འཇུག་མི་དམིགས་པས། །བསམ་མི་ཁྱབ་ལ་བསམ་པ་ཡ་རེ་ཆ། །ཡིན་པར་གྲུབ་པ་མེད་པའི་ཆོས་ཉིད་ལ། །ས་ལམ་དྲོད་རྟགས་རེ་བ་ལམ་ཐག་རེད། །མིན་པར་གྲུབ་པ་མེད་པའི་ངང་གདངས་ལ། །མ་ཡིན་དགག་གིས་འབད་རྩོལ་ཐང་རེ་ཆད། །གཞལ་དུ་མེད་ལ་གཞལ་བྱས་སྒྲོ་བཏགས་ནས། །བཅོས་ཤིང་བཅོས་པས་མཐོང་ལམ་དོན་ལ་བསྒྲིབས། །བདེ་གཤེགས་སྙིང་པོ་རང་བཞིན་མེད་པ་ལ། གློ་བུར་བློ་ཡིས་དྲང་ངེས་གཉིས་སུ་བཟུང༌། །འདུ་ཤེས་གཞུང་ནས་བསྟན་བཅོས་འཆད་པའི་རིང༌། །དག་པ་ཉིས་ལྡན་རྟོག་པའི་ཆོམ་པས་བཅོམ། །སྐྱེ་བ་མེད་པའི་སྟོང་པ་བཙོན་འཛིན་ལས། །འགག་པ་མེད་པའི་ལྷག་མཐོང་གསལ་བ་མཆོག །ཆེད་འཛིན་ཞིག་པའི་དྲན་པ་རང་གྲོལ་ལ། །ལམ་བདེན་རྫོགས་ན་རྫོགས་པ་ཆེན་པོ་ཡིན། །མཚན་གཞིའི་ངོ་ན་རྫོགས་པའི་བྱང་ཆུབ་དང༌། །ལོངས་སྤྱོད་རྫོགས་པ་རྫོགས་པའི་སངས་རྒྱས་སོགས། །


JLAZ007_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་བདེན་མཐར་ཐུག་སློབ་པ་མིན་པ་ལ། །ཆེན་པོའི་སྒྲས་བཏགས་རང་བཞིན་རྫོགས་པ་ཆེ། །སྤྲོས་བྲལ་དྭ་ཧའི་རྒྱང་གླུར་བླངས་པ་འདིའི། །ལྟ་བ་ངོས་གཟུང་མེད་པས་རྟག་ལྟའི་གཡང་ལས་གྲོལ། །སྒོམ་པ་གསལ་འགྲིབ་མེད་པས་ཆད་ལྟའི་ཕྲང་ལས་ཐར། །སྤྱོད་པ་བླང་དོར་བྲལ་ཡང་བག་ཆགས་རྗེས་མི་སོན། །རྒྱུ་འབྲས་དག་གྲོལ་ལས་འདས་དོན་འདི་མ་རྟོགས་ན། །སྣ་ཅིག་བསྲུངས་ནས་ཡོངས་རྫོགས་བཏང་བའི་བསླབ་པ་དང༌། །བྱང་ཆུབ་སེམས་གཉིས་མ་འབྲེལ་ཉི་ཚེའི་སྟོང་པ་ཉིད། །སྐྱེ་བ་བཞི་སྦྱང་རྣམ་དག་མི་ཤེས་ལྷའི་ཕྱག་རྒྱ། །བགྲང་འཕྲེང་བསྐོར་ཞིང་སྤྲོ་བསྡུས་སུན་པའི་བཟླས་བརྗོད་ཀྱིས། །ཡི་དྭགས་ཆེན་པོའི་གོ་འཕང་བསྙེན་རྣམས་དང༌། །བྱིས་པ་ཉེར་སྤྱོད་གནས་ལས་དཔག་པའི་ཕྱིར། །རིག་འཛིན་འཇིགས་བྲལ་གླིང་པས་བསྟན་ནས་སོང༌། །ཀློང་ཆེན་ནམ་མཁའི་རྡོ་རྗེའི་རྟོགས་ཆོས་ཡིན། །མཁྱེན་བརྩེའི་འོད་ཟེར་སྟོང་ལྡན་དེ་སྐད་ལོ། །དགེ་བས་གདོད་མའི་ས་ལ་བྱང་ཆུབ་ཤོག །གཏམ་ཚོགས་ལེའུ་རེ་བདུན་པའོ།། །།


previousགཏམ་ཚོགས་ལེའུ་རེ་བདུན་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་རྫོགས་པ་ཆེན་པོའི་དོ་ཧ་མཛོད།next