Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་རེ་དགུ་པ། བརྟོན་པ་བཞི་ལྡན་གྱི་གཏམ་ལོག་རྟོག་གི་གཉེན་པོ།
   
   
   
   


 
previousགཏམ་ཚོགས་ལེའུ་རེ་དགུ་པ། བརྟོན་པ་བཞི་ལྡན་གྱི་གཏམ་ལོག་རྟོག་གི་གཉེན་པོ།next

གཏམ་ཚོགས་ལེའུ་རེ་དགུ་པ། བརྟོན་པ་བཞི་ལྡན་གྱི་གཏམ་ལོག་རྟོག་གི་གཉེན་པོ།


JLAZ007_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

བརྟོན་པ་བཞི་ལྡན་གྱི་གཏམ་ལོག་རྟོག་གི་གཉེན་པོ་ཞེས་བྱ་བ། རྡོ་རྗོ་སྙིང་པོ་ལ་ཕྱག་འཚལ་ལོ། །རིག་པ་རང་ཤར་ལས། །གནས་ལུགས་ཡིད་དཔྱོད་ལས་འདས་པར་སྟོན་པའི་རྡོ་རྗེའི་གད་མོ་ཆེན་མོ་བཅུ་གཉིས་དང༌། །རྒྱུ་འབྲས་ལ་ཟློ་བའི་ཚིག་ཆེན་པོ་བརྒྱད་བསྟན་པར་དྲང་ངེས་ཤན་མ་ཕྱེད་པ་དང༌། །རྒྱུ་འབྲས་ངེས་དོན་དུ་སེམས་པ་དག་རང་བཞིན་དག་པའི་ཆོས་ལ་ཡིད་གཉིས་ཟ་བའི་ལོག་རྟོག་བསལ་བར་བྱའོ། །དེ་ལ་དང་པོ་རྡོ་རྗེའི་གད་མོ་ཆེན་པོ་བཅུ་གཉིས་ནི། ཆོས་ཉིད་ཡིད་དཔྱོད་ལས་འདས་པའི་དོན། སྟོན་པ་སྡུད་པ་པོ་ལ་ཅིག་ཅར་དུ་ངོ་སྤྲད་པའི་ཚུལ་གྱིས་སྟོན་ཅིང༌། དེ་ལྟར་སྟོན་པའི་དུས་ཙམ་ནས་སྟོན་བྱ་སྟོན་བྱེད་ཉིད་ལའང་རང་བཞིན་མ་གྲུབ་པའི་ཆོས་ཉིད་ཀྱི་ཀློང་དུ་རྒྱལ་བའི་ཚུལ་གྱི་རྡོ་རྗེའི་


JLAZ007_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

གད་མོ་སྟེ། མཚན་བརྗོད་ལས་ཀྱང་གད་རྒྱངས་ཧ་ཧ་ངེས་པར་སྒྲོག །ཧི་ཧི་ཞེས་སྒྲོགས་འཇིགས་པར་བྱེད། །གད་མོ་ཆེན་པོ་གད་རྒྱངས་ཆེ། །རྡོ་རྗེའི་གད་མོ་ཆེར་སྒྲོག་པ། །ཞེས་པ་ལྟར་རོ། །གཉིས་པ་ཚིག་ཆེན་པོ་བརྒྱད་ཀྱི་དོན་ནི། ཆོས་ཉིད་རྟོགས་པའི་ཚེ་གཤིས་ལ་དགེ་སྡིག་མ་གྲུབ་པའི་གཏན་ཚིགས་དཔེས་མཚོན་ནས་བཤད་པ་སྟེ། འདི་ལྟར་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་བཅས་པའི་གང་ཟག་རང་རྒྱུད་ལྡན་གྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དུས་གཅིག་ལ་བསད་པ་དང༌། དེ་ལས་ལྡོག་པའི་དགེ་བ་བསྒྲུབས་པ་གཉིས་ལ་ཁྱད་པར་མེད་ཅེས་རྒྱུ་འབྲས་ཆད་པར་སྟོན་པའི་དོན་མ་ཡིན་ཏེ། དགེ་སྡིག་རྣམ་རྟོག་གིས་བཟོས་པ་ཡིན་པས་ཆོས་ཅན་རྒྱུ་འབྲས་ཀྱི་རྗེས་སུ་འབྲང་ཞིང༌། དེའི་ལས་འདག་ཚུལ་ལའང༌། མྱོང་བས་འདག་པ། གཉེན་པོས་འདག་པ། བཤགས་པས་འདག་པའི་ཚུལ་གསུམ་ཡོད་པའི་ཕྱིར་རོ། །ཆོས་ཉིད་དོན་དམ་གྱི་རྗེས་སུ་སོན་པའི་ཚེ་སྔོན་བྱས་ཀྱི་ལས་ཐམས་ཅད་རྟོགས་པས་འདག་པའི་ཚུལ་སྐབས་འདིའི་བརྗོད་དོན་ཏེ། ཕུང་པོ་ལྔ་དང་ཚོགས་བརྒྱད་དག་ན་ཀུན་གཞིའི་སྟེང་དུ་ལས་སྔ་མས་བཞག་པའི་བག་ཆགས་ཟད་པས་དགེ་སྡིག་ལ་རྟེན་གཞི་མེད་དེ། དབུས་མ་ལས། དེ་ཡིས་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་རྟོག་པ་སྟེ། །


JLAZ007_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟར། ཆོས་ཉིད་ཀྱི་གཤིས་ལ་དེ་ལྟར་མ་གྲུབ་པའི་ཚུལ་འཕགས་པ་སྲིད་པ་འཕོ་བ་ཞེས་བྱ་བའི་མདོ་ལས་ཀྱང༌། མིག་གིས་གཟུགས་རྣམས་མི་མཐོང་ཞིང༌། །ཡིད་ཀྱིས་ཆོས་རྣམས་མི་རིག་པ། །དེ་ནི་བདེན་པ་མཆོག་ཡིན་ཏེ། །དེ་ལ་འཇིག་རྟེན་མི་དཔོགས་སོ། །ཞེས་སོ། །དེ་ལྟར་མ་རྟོགས་པའི་དུས། སྲོག་གཅོད་པ་ལ་མཚོན་ན། གསད་བྱ་ནི་མིང་གཟུགས་ཀྱི་ཕུང་པོ་ཡིན་ལ། གསོད་བྱེད་ནི་འདུ་ཤེས་ཀྱི་ཕུང་པོ། དེའི་ལས་རྒྱུན་ལས་འབྲེལ་ཆགས་སུ་རྟོགས་པ་ནི་ཚོར་བའི་ཕུང་པོ། དེ་ཐམས་ཅད་ལ་ཁྱབ་བྱེད་རྣམ་པར་ཤེས་པའི་ཕུང་པོ་ནི་ཀུན་འབྱུང་བ་ཅན། དེ་དག་ལ་བརྟེན་ནས་ཕྱིས་སྡུག་བསྔལ་འདུ་བྱེད་པ་སྟེ། དེ་ལྟ་བུའི་ཕུང་པོ་ལྔ་པོ་རྣམས་ནི་ཆོས་ཉིད་དང་ནམ་ཡང་ལྷན་ཅིག་གནས་པ་མིན་པས་སྟོང་ཉིད་རྟོགས་པའི་ཚེ་སྔོན་བྱས་ཀྱི་སྡིག་པས་གནོད་པ་བསྐྱལ་བ་མེད་ལ། ཕྱི་མ་ཉེ་བར་ལེན་པའི་ས་བོན་ཀྱང་ཟད་པའི་ཕྱིར་ན། ཇོ་བོ་ལ་སྟོང་ཉིད་རྟོགས་པས་སྡིག་པ་བྱས་ན་གནོད་དམ་མི་གནོད་ཞུས་པས། སྟོང་ཉིད་རྟོགས་ན་སྡིག་པ་བྱ་དོན་མེད་ཅེས་གསུངས་པས་མཚོན་ནོ། །དེ་བཞིན་དུ་ཆོས་ཉིད་རྟོགས་པའི་དུས་ན་ལམ་བདེན་སྤངས་པའི་ཕྱིར་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་བརྟེན་པའི་དགེ་བ་དང་དགེ་བའི་འབྲས་བུ་བདེ་བ་གཉིས་ཀའང་མེད་པས་སེམས་


JLAZ007_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཁམས་རྒྱ་མཚོ་ལ་ཕན་བཏགས་པའི་དགེ་བའང་མེད་ཅེས་བསྟན་པ་ཡིན་ནོ། །འདི་ལྟར་མ་རྟོགས་བཞིན་དུ་རྒྱུད་སྡེ་ཟབ་མོའི་དོན་ལ་སྒྲོ་སྐུར་བྱེད་པའི་གཉིས་འཐུང་གཏི་མུག་གི་ལུས་སྟོབས་རྒྱགས་པ་གང་དག་ལ་འདི་སྐད་ཅེས་འདོམས་ཏེ་ཁྱོད་ཀྱིས་འདོད་པ་ལྟར་ན། སྟོན་པས་འཁོར་ལོ་དང་པོར་དགེ་སློང་དག་སྡུག་བསྔལ་ཤེས་པར་བྱའོ། །ཀུན་འབྱུང་སྤང་བར་བྱའོ། །འགོག་པ་མངོན་དུ་བྱའོ། །ལམ་རྒྱུད་ལ་བསྟེན་པར་བྱའོ། །ཞེས་རྒྱུ་ཀུན་འབྱུང་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་འབྱུང་བའི་གཉེན་པོར་འགོག་ལམ་གྱི་བདེན་པ་དྲང་དོན་དུ་བསྟན་བཞིན་དུ། ཡང་འཁོར་ལོ་བར་པའི་ཚེ། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། འགོག་པ་དང། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ་ཞེས་ངེས་དོན་གྱི་བདེན་པ་གཉིས་བཤད་པའི་འགལ་བ་ལྟག་སྤྲོད་གང་གིས་སྤོང༌། ལར་ཡང་ཆོས་ནི་ཚིག་ལ་མི་རྟོན་དོན་ལ་རྟོན། ཀུན་རྫོབ་ལ་མི་རྟོན་དོན་དམ་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའི་རྣམ་འབྱེད་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་དང༌། མདོ་དང་རྒྱུད་སྡེའི་གསང་ཚིག་རྣམས་མཐའ་དྲུག་དང་ཚུལ་བཞིའི་མན་ངག་ལ་བརྟེན་ནས་གསུང་རབ་བལྟ་བའི་ལྡེ་མིག་མེད་


JLAZ007_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱ་ཚོམ་དུ་བརྒལ་ནས་དགག་བསྒྲུབ་དང་ཐེ་ཚོམ་སྤོང་ལེན་ལ་སོགས་པའི་ཀུན་དཀྲིས་དམ་པོས་རང་ཉིད་འཆིང་བ་ལས། གསུང་རབ་འཆིང་བ་མ་ཡིན་པས། ཆོས་མིག་རྡུལ་དང་བྲལ་བ་མ་ཐོབ་བར་དུ་ཕོ་ཚོད་ཀྱི་ཚད་མས་ངེས་དོན་གྱི་གསང་ཚིག་ཆེན་པོ་རྣམས་ལ་གཞལ་ན་རྩ་ལྟུང་དགུ་པའི་ལམ་ནས་ངན་སོང་དུ་འདྲེན་པའི་ཚུལ་འཕགས་པ་རྣམ་པར་འཐག་པ་བསྡུས་པ་ལས། འདི་ལ་མི་བླུན་པོ་ཁ་ཅིག་དེ་བཞིན་གཤེགས་པའི་ཐབས་ལ་མཁས་པ་མི་ཤེས་ཤིང་ཁོང་དུ་མ་ཆུད་པར་ངའི་ལྡེམ་པོ་དག་ལ་འདི་སྐད་དུ། འདི་ནི་རུང་ངོ༌། །འདི་ནི་མི་རུང་ངོ་ཞེས་ཟེར་ཏེ། དེ་ལྟ་བུ་དེ་དག་ནི་དམ་པའི་ཆོས་སྤོང་བ་ཡིན། དེ་དག་ནི་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་ཡིན་ཏེ། རྒྱུ་དེས་ན་དེ་དག་ནི་སེམས་ཅན་དམྱལ་བ་པ་ཞེས་པ་འཆད་དོ། །མི་ཕམ་པ་མ་འོངས་པའི་དུས་ཕྱི་མའི་ཚེ། ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་དང༌། དགེ་བསྙེན་མ་བྱང་ཆུབ་སེམས་དཔར་ཁས་འཆེ་བར། སྔོན་མུ་སྟེགས་ཅན་དུ་གྱུར་པ། སྨོན་ལམ་གྱི་དབང་གིས་དེ་བཞིན་གཤེགས་པའི་བསྟན་པ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ཕྱོགས་གཅིག་ལ་སྤྱོད་པ། གཉེན་ལ་གདུང་བ།


JLAZ007_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པ་དང༌། བཀུར་སྟི་ལ་ཆགས་པ། ཁྱིམ་ལ་སེར་སྣ་བྱེད་པ། ཁྱིམ་སུན་འབྱིན་པར་བྱེད་པ། མདོག་ངན་པ། དམན་པ་ལ་མོས་པ། ཀ་བློ་མི་བདེ་བ། མ་གྲག་པ། རིགས་དམའ་བ། ཡོ་བྱད་ལ་ཡོངས་སུ་ཆགས་པ། ཆོས་ལ་བདེ་བར་གནས་པའི་ཟས་ཐམས་ཅད་དང་བྲལ་བ། ཏིང་ངེ་འཛིན་གྱི་ཟས་ལ་ཤིན་ཏུ་རིང་ཞིང་རྣམ་པར་རིང་བ། སྒྱུ་དང་གཡོ་ལ་གནས་པ་དག་གཞན་དུ་སྨྲ་ཞིང་གཞན་དུ་བྱེད་དེ། དེ་དག་མི་ཤེས་བཞིན་དུ་ངེད་ནི་ཤེས་པ་དང་ལྡན་ནོ་ཞེས་ཟེར། མི་མཁས་བཞིན་དུ་ངེད་ནི་མཁས་སོ་ཞེས་ཟེར་ཏེ། ཞེས་དང༌། མི་ཕམ་པ་ང་ནི་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་དུ་འགྲོ་ཞིང་དེར་ཡང་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ན། དེ་ནི་བྱང་ཆུབ་སེམས་དཔར་ཁས་འཆེ་བ། བྱང་ཆུབ་སེམས་དཔའ་དམུ་རྒོད། བྱང་ཆུབ་སེམས་དཔའ་ལ་སྐུར་པ་འདེབས་པ། བརྫུན་དུ་སྨྲ་བ། ཐོས་པ་ཉུང་བ་དེ་དག་ངའི་བྱང་ཆུབ་གཉིས་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ་འདི་ལ་གཉིས་སུ་སྨྲ་སྟེ། འདི་ལ་ནི་བྱང་ཆུབ་སེམས་དཔས་བསླབ་པར་བྱ། འདི་ལ་ནི་བྱང་ཆུབ་སེམས་དཔས་བསླབ་པར་མི་བྱའོ་ཞེས་ཟེར་ཏེ། སེམས་དེས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་སོ། །ཆོས་སྤོང་


JLAZ007_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

ངོ༌། །དགེ་འདུན་ལ་སྨོད་དོ། །དེ་དག་ལུས་ཞིག་སྟེ་ཤི་ནས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་བསྐལ་པ་མང་པོ་དང༌། བསྐལ་པ་བརྒྱ་ཕྲག་མང་པོ་འདས་ནས་ཐར་པ་འཐོབ་སྟེ། ཡང་དེ་དག་དབུལ་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །ཞེས་པ་ལྟར་རོ། །འདི་ལྟར་ཐོས་པ་ཉུང་ཞིང་བློ་གྲོས་བླུན་པོ་དག་གིས་དྲང་ངེས་ལྡེམ་དགོངས་ཤན་མི་ཕྱེད་པས་དགེ་སྡིག་རྣམ་སྨིན་མཉམ་པར་སྟོན་པའི་ལུང་ལ་སྐྲག་པ་སྐྱེ་བ་བདེན་དུ་ཆུག་ཀྱང༌། ལུང་དེ་དག་བསྟན་པ་ཡོངས་རྫོགས་ཀྱི་བསྟན་བཅོས་ཆེན་པོའི་ཁོང་ན་གནས་ཤིང༌། བསྟན་བཅོས་རྩོམ་པ་པོའི་གང་ཟག་དོན་འཕགས་པ་འཇམ་དཔལ་གྱི་སྤོབས་པའི་རྒྱུན་ཡང་གཅོད་པ་ལི་ཙཱ་བྱི་དྲི་མེད་གྲགས་པ་དང་གཉིས་སུ་མེད་པས་ཚིག་དོན་དེ་དག་ལ་སྐྱོན་ཆགས་ན་ལུང་དེ་འདྲེན་པར་མི་སྲིད་ལ། དེ་དག་གི་དོན་ཅི་འདྲ་ཞིག་སྟོན་པར་འགྱུར་སྙམ་དུའང་སེམས་མི་ཤེས་པ་དེ་ནི་རང་ཉིད་བསྟན་བཅོས་ཀྱི་བདག་པོ་ཉིད་ལས་ལྷག་པ་ཙམ་དུ་ང་རྒྱལ་བས་རྫོགས་པའི་སངས་རྒྱས་ལ་གོའུ་ཏ་མ་ཁྱོད་ཀྱིས་སུ་ལ་ཚངས་པར་སྤྱད་ཟེར་བ་དང་མཚུངས་ཤིང༌། རང་ཉིད་ཀྱི་རྟོག་དཔྱོད་རྣོན་པོར་རློམ་པ་དེ་ཉིད་སྐྱོང་བྱེད་རྒན་པོའི་མཚན་ཉིད་དུ་བསྟན་པ་ཤེས་པར་བྱས་ནས་ཆོས་སྣང་བའི་སྒོ་དད་པ་དང་དག་སྣང་གི་ཕྱོགས་


JLAZ007_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྙེན་པར་བྱའོ། །ཞེས་པའང་རྒྱུད་ལུང་ཟབ་མོ་ལ་བསྟིང་ཚིག་སྨྲ་བ་དག་ལ་སྙིང་རྗེའི་བསམ་པས་ཨ་བྷ་ཡ་དྭཱི་པས་སོ། །གཏམ་ཚོགས་ལེའུ་རེ་དགུ་པའོ།། །།


previousགཏམ་ཚོགས་ལེའུ་རེ་དགུ་པ། བརྟོན་པ་བཞི་ལྡན་གྱི་གཏམ་ལོག་རྟོག་གི་གཉེན་པོ།next