Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་བདུན་ཅུ་པ། ཤེས་རབ་ཀྱི་གཏམ་ཟབ་མོ་སྣང་བ།
   
   
   


 
previousགཏམ་ཚོགས་ལེའུ་བདུན་ཅུ་པ། ཤེས་རབ་ཀྱི་གཏམ་ཟབ་མོ་སྣང་བ།next

གཏམ་ཚོགས་ལེའུ་བདུན་ཅུ་པ། ཤེས་རབ་ཀྱི་གཏམ་ཟབ་མོ་སྣང་བ།


JLAZ007_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་གཏམ་ཟབ་མོ་སྣང་བ་ཞེས་བྱ་བ། ཡུམ་ཆེན་མོ་ལ་ཕྱག་འཚལ་ལོ། །སྒྲ་ལ་བརྟེན་ནས་ཚིག་འབྱུང་སྟེ། ཚིག་ལ་བརྟེན་ནས་དོན་ངོ་ཤེས། །དོན་གྱི་དམ་པ་ཆོས་ཉིད་ཕྱིར། །ཀ་དག་སྒྲ་དོན་མཁྱེན་ལགས་སམ། །ཀ་ནི་མགོ་འམ་ཐོག་མའི་མིང༌། །ཡི་གེའི་ཕྱི་མོ་གཉིས་ཀྱིའང་སྤྱི། །དེ་བཞིན་ཞིང་གི་ཆུ་མགོ་ལའང༌། །ཀ་ཞེས་འཇིག་རྟེན་ངེས་པར་སྒྲོག །གང་ཕྱིར་བདེ་གཤེགས་སྙིང་པོ་ནི། །སེམས་ཅན་རྣམས་ཀྱི་ཤེས་རྒྱུད་ལ། །ཉི་མ་སྤྲིན་སྤུབས་གཏུམས་པ་ལྟར། །གློ་བུར་དྲི་མའི་དག་བྱ་ཡིས། །བསྒྲིབས་པ་ཙམ་ལས་སེམས་ཅན་གྱི། །དུས་ན་ངན་དུ་སོང་བ་དང༌། །སངས་རྒྱས་དུས་ན་བཟང་དུ་མེད། །ཚོགས་བརྒྱད་སྒྲིབ་གཡོགས་བསལ་ཙམ་ནས། །རང་བཞིན་རྣམ་དག་ཡིན་པའི་ཕྱིར། །གདོད་ནས་དག་པའི་གཏན་ཚིགས་སུ། །ཀ་དག་ཅེས་སུ་སྒྲ་དོན་འབྲེལ། །དེ་ཕྱིར་སེམས་ཉིད་ཐོག་མ་ནས། །གྲུབ་མཐའི་ཞེན་པས་མ་བསླད་ཅིང༌། །ཚོགས་བརྒྱད་རྗེས་སུ་མ་སོན་པ། །བླ་མའི་དྲིན་གྱིས་ཅར་མཐོང་དུ། །རང་ངོ་སྤྲད་པའི་དོན་པོ་ནི། །མ་བཅོས་མ་བསླད་


JLAZ007_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས། །སྨྲ་བསམ་བརྗོད་བྲལ་ལྷན་ཅིག་སྐྱེས། །ཡུལ་དང་ཡུལ་ཅན་རྣམ་ཤེས་ཚོགས། །ཀ་ནས་དག་པས་སྤྲོས་བྲལ་ཡིན། །དེ་ལ་ལུང་གི་དཔང་པོ་ནི། །འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་པ་ཀ་ནས་དག་པ་ལས། །སྒྲིབ་བྱེད་བསལ་དུ་མེད་པར་བསྟན། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་པས་རང་ངོ་མཐོང་བ་ལས། །ལྷག་པའི་མཉམ་བཞག་བཅོས་མར་གསུངས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཞེས་པས་བལྟ་བྱ་ལྟ་བྱེད་ལས། །འདས་པ་ཆོས་ཉིད་དྲན་པར་བསྟན། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་པས་ངོ་བོ་ཉིད་མེད་དོན། །ཀ་དག་རྟོགས་ཚེ་གྲོལ་ཅེས་བཤད། །དེ་ཕྱིར་ཕུང་པོ་ལྔ་པོ་དང༌། །བྲལ་བ་བསམ་གཏན་ཕ་རོལ་ཕྱིན། །ཚོགས་བརྒྱད་དག་པ་ཤེར་ཕྱིན་དུ། །རྟོགས་ན་གང་ཟག་རྫོགས་པ་ཆེ། །དབུ་མའི་དོན་དང་མི་འགལ་ཞིང༌། །ཕྱག་རྒྱ་ཆེན་པོའི་འདྲ་འབག་ཅེས། །རང་བྱུང་རྡོ་རྗེའི་གསང་ཚིག་གོ །གཏམ་ཚོགས་ལེའུ་བདུན་ཅུ་པའོ།། །།


previousགཏམ་ཚོགས་ལེའུ་བདུན་ཅུ་པ། ཤེས་རབ་ཀྱི་གཏམ་ཟབ་མོ་སྣང་བ།next