Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏམ་ཚོགས་ལེའུ་དོན་གསུམ་པ། ན་ཚ་ལམ་འཁྱེར་གྱི་གཏམ།


 
previousགཏམ་ཚོགས་ལེའུ་དོན་གསུམ་པ། ན་ཚ་ལམ་འཁྱེར་གྱི་གཏམ།no next

གཏམ་ཚོགས་ལེའུ་དོན་གསུམ་པ། ན་ཚ་ལམ་འཁྱེར་གྱི་གཏམ།


JLAZ007_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཚ་ལམ་འཁྱེར་གྱི་གཏམ་ཞེས་བྱ་བ། བེམ་པོའི་ལུས་འདི་འབྱུང་བའི་བདག་ཉིད་ཅན། །འབྱུང་བ་དེས་བསྐྱེད་འདུ་བ་རྣམ་བཞི་ནི། །ལས་དང་རྐྱེན་གྱིས་རྣམ་པར་གྱུར་པ་ལ། །བྲོ་འཚལ་ཞེས་གྲགས་རྣམ་པར་མ་གྱུར་ཅིག །རྣམ་པར་གྱུར་ལ་བདག་གིར་འཛིན་པ་ནི། །སེམས་དང་སེམས་བྱུང་མ་རིག་གཞན་དབང་སྟེ། །གཟུགས་ལ་ན་ཟུག་དེ་ལ་དེར་འཛིན་ནི། །ཚོར་བའི་ཕུང་པོ་རྒྱུན་ཆགས་འདུ་ཤེས་ཏེ། །ཕན་ཚུན་ཉེ་བར་ལེན་ལས་འདུ་བྱེད་དེ། ཀུན་གྱི་རང་བཞིན་རྟོགས་པ་རྣམ་ཤེས་ཕྱིར། །རྣ་ཤེས་སེམས་ཡིན་སེམས་ནི་ཡོད་མེད་དུ། །དཔྱད་ན་གང་དུའང་མ་གྲུབ་རྟོགས་པའི་ཕྱིར། །ཕུང་པོ་ལྔ་པོ་


JLAZ007_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་རང་བཞིན་གྱི། །སྟོང་པར་ཡང་དག་རྗེས་སུ་ལྟ་བའི་ཕྱིར། །སེམས་ཀྱི་ཐོག་ཏུ་ནད་ཀྱི་ཁུར་མི་ལེན། །ནད་ཀྱི་ཐོག་ཏུ་རིག་པ་རྗེན་པར་ཞོག །རྗེས་ཐོབ་ཆ་ལ་བདེ་སྡུག་གཏོང་ལེན་དང། །ལས་ངན་ཟད་པ་ཡིན་སྙམ་དགའ་བ་སྒོམ། །ཚུ་རོལ་མཐོང་ཞིང་ཕ་རོལ་མི་མཐོང་བའི། །སྐྱེ་བོ་ཕལ་ཆེར་ཚེ་འདིའི་འཚོ་རྩིས་ལ། །སྡང་རྨོངས་ཆགས་པ་གསུམ་གྱི་རྒྱ་བྲེས་ནས། །དགེ་བའི་རི་དྭགས་གསོད་པ་གཟིགས་ལགས་སམ། །སེམས་རྒྱུད་ངེས་པ་འབྱུང་བའི་ཆུས་བརླན་ཞིང། །གཞན་གནོད་གཞི་བཅས་སྤོང་དང་ཆབ་གཅིག་པར། །དགེ་ལ་འདུན་དང་བསྙེན་དང་རྫོགས་པ་དེ། །དགེ་སྦྱོང་ཡིན་གྱི་མཚམས་སྤྲིན་རྒྱལ་མཚན་མིན། །མདོར་ན་ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་ཡི་ངོ་བོ་སྨོན་འཇུག་རྣམ་གཉིས་ཡིན། །མཐར་གྱི་དེའང་དོན་དམ་བྱང་སེམས་སུ། །རྟོགས་ན་ཚངས་གནས་བཞི་ལས་ཡང་དག་གོལ། །སངས་རྒྱས་འབྱུང་ལ་མཉེས་པར་མི་བགྱིད་པ། །སེམས་ཅན་ལས་ཡིན་དེ་ལ་ཆོས་བསྟན་པའི། །སྣོད་ཀྱིས་བསྐལ་ཡང་རིང་དུ་འདྲིས་བཞིན་པའི། །མོས་པ་བརྟན་པའི་གཟུར་གནས་ཁྱོད་གཅིག་ལ། །སྙུན་ལ་གདམས་ངག་འབོགས་པའི་ཚུལ་དུ་གདམས། །ཀུན་མཁྱེན་རྗེ་དང་རོང་པ་ཆོས་ཀྱི་བཟང། །དཀར་པོ་གསུམ་


JLAZ007_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་ཀྱི་བློ་གྲོས་སྡེ། །དངོས་དང་བཅས་པའི་ས་མཆོག་མ་ཎི་ཀཿ། །རང་གི་ཡུལ་དུ་མི་མཐོང་གཞན་དུ་མཐོང༌། །ཁྱོད་ལ་མཐོང་བ་ལེགས་པའི་བཀྲ་ཤིས་ཤོག །ཅེས་པའང་གཡོ་རུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ། །དེ་ལྟར་རིག་པ་དང་གཙུག་ལག་སྣ་ཚོགས་ཀྱི་དོན་འདོད་རྒྱལ་དུ་སྟོན་པ་གཏམ་གྱི་ཚོགས་ལེའུ་དོན་གསུམ་པའི་བདག་ཉིད་ཅན་གྱིས་ཡོངས་སུ་རྫོགས་པའོ།། །།དགེའོ།། །།དགེའོ།། །།དགེའོ།། །


previousགཏམ་ཚོགས་ལེའུ་དོན་གསུམ་པ། ན་ཚ་ལམ་འཁྱེར་གྱི་གཏམ།no next