Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  expand section
   
   
  expand section
   
   
   
   
   
  expand section
   
   
   
  expand section
   
   
   
   
   
  expand section
   
   
   
   
  collapse section
རྡོ་རྗེ་སེམས་དཔལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་སེམས་དཔལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་།no next

རྡོ་རྗེ་སེམས་དཔལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་།


JLAZ008_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སེམས་དཔལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་བཞུགས། །


JLAZ008_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་དགའ་བ་རང་བཞིན་སྤྲུལ་པའི་ཞིང༌། །བལྟ་ན་སྡུག་པའི་གཞལ་མེད་ཁང་ཆེན་དབུས། །རང་གི་སྤྱི་བོར་གླང་པོས་མཚན་པའི་ཁྲིར། །རྩ་བའི་བླ་མ་རྡོ་རྗེ་མི་བསྐྱོད་པ། །སྐུ་མདོག་དཀར་གསལ་རྡོར་དྲིལ་ཡུམ་དང་འཁྲིལ། །ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེས། །རིགས་ཀུན་འདུས་པའི་བདག་ཉིད་ཆེན་པོ་ལ། །ཕྱག་འཚལ་སྐྱབས་མཆི་ལུས་དང་ལོངས་སྤྱོད་འབུལ། །སྡོམ་གསུམ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །བྱང་ཆུབ་བསོད་ནམས་མཆོག་ལ་རྗེས་ཡི་རང༌། །ཐེག་པ་རྒྱ་མཚོའི་ཆོས་འཁོར་བསྐོར་དུ་གསོལ། །རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་གསོལ་འདེབས། །དགེ་ཚོགས་འཁོར་གསུམ་ཡོངས་དག་ཆེན་པོར་བསྔོ། །ཁྱེད་ཤེས་མོས་གུས་


JLAZ008_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

གདུངས་པས་གསོལ་བ་འདེབས། །སྐུ་མཆོག་རྡོ་རྗེ་མཛོད་སྤུའི་དཀྱིལ་འཁོར་ནས། །གདན་གསུམ་ཚང་བའི་དཀྱིལ་འཁོར་མངོན་སྤྲུལ་ཏེ། །བུམ་དབང་བསྐུར་ནས་ཕུང་ཁམས་སྐྱེ་མཆེད་ཚོགས། །ཡོངས་སྒྲུབ་གདན་གསུམ་འཁོར་ལོར་སྨིན་བྱིན་རློབས། །ཨེ་ཝྃ་ཟུང་འཇུག་རོལ་པའི་དཀྱིལ་འཁོར་ནས། །ཞུ་བ་སྐུ་དང་བདེ་བ་གསུང་རྡོ་རྗེ། །མི་རྟོག་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནི། །བྱང་ཆུབ་སེམས་དང་རྣམ་ཐར་གསུམ་ལྡན་གྱི། །ཆོ་གས་མཆོག་དབང་རྣམ་གསུམ་མངོན་བྱས་ཏེ། །རླུང་ཡིད་ཤེས་བྱའི་སྒྲིབ་པ་དྷྲུ་ཏིའི་དབྱིངས། །ཅིག་ཅར་བཅོམ་ནས་དགའ་མཆོག་ཁྱད་པར་གྱི། །དཔེ་དོན་ལྷན་སྐྱེས་ཡེ་ཤེས་མཐོང་སྒོམ་ལམ། །སློབ་པ་མིན་པ་ཡེ་ཤེས་བླ་


JLAZ008_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དབྱིངས། །བདེ་ཤེགས་ཁམས་ཀྱི་ཡོན་ཏན་མཐར་ཕྱིན་སྩོལ། །ཨོཾ་ཨཱཿགུ་རུ་བཛྲ་སཏྭ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་མོས་གུས་གདུང་བའི་ངང་ནས་བཟླས་པ་བྱ་བ་དང་ལྷན་ཅིག་དབང་བཞིའི་དོན་སྒྲ་ཇི་བཞིན་པའི་དམིགས་པ་ལ་བསྟེན་གོམས་བྱ་བ་ནི་བླ་མའི་ཞལ་ལས་ཤེས་ཤིང༌། ཤིན་ཏུའང་ཐུན་མོང་མ་ཡིན་པའི་མན་ངག་ཏུ་རིག་པར་བྱའོ། །དཔོན་པོ་འོད་ཟེར་ཕྲིན་ལས་ཀྱི་ངོར་རྒྱལ་བའི་དགོངས་བརྒྱུད་མངོན་དུ་ཕྱུང་བ་རིག་འཛིན་འཇིགས་བྲལ་གླིང་པས་སོ།། །།

སངས་རྒྱས་སྣང་བ་མཐའ་ཡས་ལ་བརྟེན་པའི་སྐུ་གསུམ་བླ་མའི་རྣལ་འབྱོར།


JLAZ008_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྣང་བ་མཐའ་ཡས་ལ་བརྟེན་པའི་སྐུ་གསུམ་བླ་མའི་རྣལ་འབྱོར་བཞུགས། །སྣང་སྲིད་ཐམས་ཅད་བདེ་བ་ཅན་གྱི་ཞིང༌། །ཕྲ་རབ་རྡུལ་སྙེད་གསེར་གྱི་ས་གཞི་ལ། །རིན་ཆེན་སྣ་ཚོགས་ལྗོན་བའི་ཡ་ལད་ཅན། །འབབ་སྟེགས་བདེ་བའི་ཀླུང་དང་བྱ་སྐད་སྙན། །ཀུན་ཀྱང་འཕགས་པའི་བདེན་པ་འབའ་ཞིག་སྒྲོག །སྡུག་བསྔལ་བདེན་པས་སྤངས་པའི་ཞིང་ཁམས་ན། །ཐ་གྲུ་མི་མངོན་གཞལ་མེད་ཕོ་བྲང་དབུས། །རང་གི་སྤྱི་བོར་རྨ་བྱས་བཏེགས་པའི་ཁྲིར། །པད་ཟླའི་གདན་ལ་རྩ་བའི་བླ་མ་ནི། །འོད་སྣང་མཐའ་ཡས་བྱེ་རུའི་ལྷུན་པོ་ལ། །ཆོས་གོས་གསུམ་གྱི་དབང་གཞུས་དཀྲིས་པའི་མདངས། །མཚན་དཔེ་ཡོངས་རྫོགས་མཉམ་གཞག་ལྷུང་བཟེད་ཅན། །གཡས་གཡོན་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །མདུན་ན་དཔལ་ལྡན་


JLAZ008_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པདྨ་སྐྱེས། །རྒྱབ་དང་བྱང་སེམས་དགྲ་བཅོམ་ཚོགས་ཀྱིས་བསྐོར། །རྒྱལ་ཀུན་འདུས་པའི་བདག་ཉིད་ཅན་རྣམས་ལ། །སྙིང་ནས་སྐྱབས་མཆི་བྱང་ཆུབ་སེམས་མཆོག་བསྐྱེད། །ཕྱག་འཚལ་ལུས་དང་ལོངས་སྤྱོད་ལྟོས་མེད་འབུལ། །བཅས་དང་རང་བཞིན་ཉམས་པའི་སྡིག་ལྟུང་བཤགས། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །མྱ་ངན་འདའ་བ་མེད་པར་བརྟན་བཞུགས་ནས། །བདག་དང་མ་གྱུར་སེམས་ཅན་ཐམས་ཅད་ལ། །འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་གཟིགས། །དུས་གསུམ་བསགས་པའི་དགེ་རྩ་བྱང་ཆུབ་བསྔོ། །ཚེ་འདིའི་འདུ་བྱེད་སྟོངས་པར་གྱུར་མ་ཐག །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །ཨོཾ་ཨ་མཱ་ར་ཎི་ཛི་ཝནྟི་ཡེ་སྭཱ་ཧཱ༔ ཞེས་བཟླ་བཞིན་དུ་དབང་བཞི་བླང་བར་བྱའོ། །འདི་ནི་བྱིན་རླབས་ཤིན་ཏུ་མྱུར་ཞིང༌། དགོངས་གཏེར་དུ་བབས་ནས་རིང་ཞིག་ལོན་ཡང་ཡི་གེར་མ་འཁོད་པ་འཇིགས་མེད་ཤེས་རབ་ཀྱི་ངོར་བཀོད་པའོ།། །།

སྔ་འགྱུར་བསྟན་པའི་སྲོལ་འབྱེད་ཆེན་པོ་རྣམས་ལ་གསོལ་བ་འདེབས།


JLAZ008_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་འགྱུར་བསྟན་པའི་སྲོལ་འབྱེད་ཆེན་པོ་རྣམས་ལ་གསོལ་བ་འདེབས་པ་ནི། ཨེ་མ་ཧོ། རང་སྣང་རིག་པ་དོན་གྱི་བླ་མའི་སྐུ། །མཚོན་བྱེད་དཔེ་ཡིས་བདེན་པ་སྟོན་པའི་སླད། །གནས་ལུགས་གྲུབ་པ་མེད་བཞིན་མཚན་དཔེའི་གར། །སྔ་འགྱུར་ལོ་པཎ་རྣམས་ལ་གསོལ་བ་


JLAZ008_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །རྩོད་དུས་ཤཱཀྱའི་བསྟན་པ་གཟུགས་བརྙན་གྱིས། །འཛིན་པའི་ལུང་བསྟན་བདེན་པ་མངོན་གྱུར་ཚེ། །བསམས་བཞིན་རྒྱན་དྲུག་མཆོག་གཉིས་གངས་རིའི་ཐོད། །དྲི་མེད་འོད་ཟེར་འགྱེད་ལ་གསོལ་བ་འདེབས། །ཆོས་ཀུན་དེ་ཉིད་འདུས་པ་མདོ་སྒྱུ་སེམས། །དར་བའི་མོད་ལ་གངས་ཅན་རི་ཡི་ལྗོངས། །ཨོ་རྒྱན་ཡུལ་བཞིན་བསྐལ་པ་དགེ་མཛད་པ། །ཟུར་པ་མེས་དབོན་གསུམ་ལ་གསོལ་བ་འདེབས། །སྒྲ་ཚད་རྟོག་གེའི་རིག་པས་མ་བསྙེམས་ཤིང༌། །ཐེག་དམན་ལམ་གྱི་འཆིང་བ་ཀུན་གྲོལ་བས། །ངེས་དོན་རྒྱུན་སྡེའི་རྒྱངས་གླུ་ལེན་མཁས་པ། །རོང་ཟོམ་པཎྜི་ཏ་ལ་གསོལ་བ་འདེབས། །བསླབ་གསུམ་རྣམ་དག་ཁྲིམས་ཀྱི་ཞིང་ས་ལ། །བསྟེན་མཁས་ཡོན་ཏན་རྫོགས་པའི་དཔལ་གྱི་མགུར། །སྒྲ་དབྱངས་ལྷ་མོས་འཁྱུད་པའི་མངའ་རིས་པ། །པདྨ་དབང་རྒྱལ་ཞབས་ལ་གསོལ་བ་འདེབས། །རིམ་དགུའི་བསྟན་པ་རྒྱ་མཚོའི་གཙུག་ཏོར་རྩེར། །རྣམ་པར་རིག་བྱེད་མིན་གཟུགས་ཤེས་རབ་ཀྱིས། །འོད་ཟེར་སྣང་བས་ཤྭནྟ་པུ་རིའི་གྲོང༌། །བསྙེན་མཁས་འགྲོ་འདུལ་གླིང་པར་གསོལ་བ་འདེབས། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །དཔལ་མགོན་བླ་མ་རྣམས་ཀྱི་ཐུགས་རྗེ་ཡིས། །རྡོ་རྗེ་ཐེག་པའི་རིང་ལུགས་མ་ནོར་བའི། །ཆོས་དང་བླ་མ་དམ་པ་མཇལ་བར་ཤོག །ཅེས་པའང་རྡོ་རྗེ་


JLAZ008_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་སྔ་འགྱུར་གྱི་བསྟན་པའི་སྲོལ་འབྱེད་ཆེན་པོ་འདི་དག་ཡིན་ནོ་ཞེས་སྟོན་པའི་སླད་དུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སྨྲས་པའོ།། །།

ཇོ་བོ་རིན་པོ་ཆེར་གསོལ་འདེབས་སྨོན་ལམ་དང་འབྲེལ་བར་དབང་བཞི་ལེན་ཚུལ།


JLAZ008_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོ་རིན་པོ་ཆེར་གསོལ་འདེབས་སྨོན་ལམ་དང་འབྲེལ་བར་དབང་བཞི་ལེན་ཚུལ་བཞུགས། །རྒྱལ་བ་ཐུབ་དབང་ཉིན་བྱེད་ནི། །མི་མཇེད་ཞིང་གི་སྒྲོན་མ་སྟེ། །སྤྲུལ་པས་འཛམ་བུའི་གླིང་འདུལ་བ། །གང་ལ་སྙིང་ནས་སྐྱབས་སུ་མཆི། །ཁྱོད་སྐུ་རིག་གྲོལ་ཉིས་ལྡན་ཏེ། །གསུང་ནི་འགོག་ལམ་བདེན་གཉིས་ཆོས། །ཐུགས་ནི་བླ་མ་ཆོས་སྐུའི་ཞལ། །དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ལ། །རྣམ་དག་བདུན་དང་ཆབ་གཅིག་ཏུ། །ལུས་དང་ལོངས་སྤྱོད་ལྟོས་མེད་འབུལ། །ལས་ཀྱིས་གཞན་དབང་ཅི་མཐོང་ཡང༌། །ཁྱེད་ཤེས་དམ་བཅའ་བརྟན་པོ་འཛིན། །ཁྱོད་ཞལ་མཐོང་བའི་མོད་ཉིད་ལ། །མོས་གུས་བཟོད་བླག་མེད་པ་དེ། །བུམ་པའི་དབང་གི་ངོ་བོ་ཉིད། །ལུས་སྒྲིབ་དག་ནས་སྐུ་རྡོ་རྗེ། །ད་ལྟ་ཉིད་དུ་ཐོབ་བྱིན་རློབས། །ཁྱོད་གསུང་སྒྲ་ཚིག་རང་ཚན་ལས། །འདས་པ་གསང་བ་དམ་པའི་དབང༌། །བདག་གི་ངག་ལ་ཞུགས་པའི་མོད། །གསུང་གི་རྡོ་རྗེའི་དངོས་སྒྲུབ་སྩོལ། །ཐུགས་ནི་ཟབ་ཞི་སྤྲོས་དང་བྲལ། །བདེ་ཆེན་བྱང་ཆུབ་ཤེས་རབ་དབང༌། །བདག་གི་རྣམ་ཤེས་ཚོགས་བརྒྱད་ལ། །འདྲེས་ནས་ཐུགས་ཀྱི་རྡོ་རྗེར་སྩོལ། །རྒྱལ་བའི་


JLAZ008_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་སྤུ་ལས་སྐྱེས་པའི། །འོད་ཟེར་ཆེན་པོའི་དབང་མཆོག་གིས། །ཤེས་བྱའི་སྒྲིབ་པར་རབ་སྤངས་ནས། །ཀུན་ཏུ་འོད་ཀྱི་ས་ནོན་ཤོག །བདག་ལ་སྨོད་དམ་གཤེ་ཡང་རུང༌། །སེམས་ཅན་ཕ་མའི་རང་བཞིན་ལ། །བྱས་པ་གཟོ་བའི་སྙིང་རྗེ་ཡིས། །འཁོར་བ་དོང་ནས་སྤྲུགས་པར་ཤོག །ཅེས་པའང་དད་ལྡན་གྱི་སློབ་མ་ཆོས་ཀྱི་གྲགས་པ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་སྨོན་ལམ་གསོག་པའི་ཚེ་བསྐུལ་བ་བཞིན། རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།། །།

མཛད་བཅུ་དབང་བཞི་དང་སྦྱར་བ།


JLAZ008_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བཅུ་དབང་བཞི་དང་སྦྱར་བ་བཞུགས། །དབང་ཕྱུག་ལུས་དཀྱིལ་དགའ་བ་བརྒྱ་ལྡན་ནས། །གདན་གསུམ་གཉིས་འཐུང་འཕོས་ཏེ་རིག་པའི་དབང༌། །ལྷུམས་ཞུགས་མངོན་བྱང་ལྔ་ཡིས་སྤྲུལ་པའི་སྐུར། །བཟོ་སྦྱང་རྣམ་སྨིན་རིག་འཛིན་ཐོབ་བྱིན་རློབས། །གསང་བའི་དབང་གིས་བདག་ཉིད་གྲགས་འཛིན་མ། །ཡིད་ཀྱི་ཆོ་གར་བཀོད་པས་རླུང་ཁམས་དག །ཤེས་རབ་ཡེ་ཤེས་བཙུན་མོའི་སྒྱུ་མ་ལས། །ཚེ་དབང་ཕྱག་རྒྱའི་རིག་འཛིན་ཐོབ་བྱིན་རློབས། །སྲིད་པ་བཤིག་པའི་ངེས་འབྱུང་དཀའ་སྤྱད་ཀྱིས། །སྙོམས་འཇུག་བསམ་གཏན་ལ་གོམས་ལས་རླུང་བདུད། །དྷཱུ་ཏིར་བཅོམ་ནས་བྱང་ཆུབ་ཞི་བ་ཆེ། །ལྷུན་གྲུབ་རིགས་འཛིན་ཐོབ་པར་བྱིན་གྱིས་རློབས། །རིམ་དང་ཅིག་ཅར་སྒྲ་ཚིག་རང་ཚན་ལས། །འདས་པའི་ཆོས་


JLAZ008_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རིག་པའི་རྩལ་དབང་མཐར། །ཆོ་འཕྲུལ་ཆེ་བསྟན་ཉེ་བར་ཞི་བ་ལྟར། །རྫོགས་སྨིན་སྦྱངས་པའི་ཡོན་ཏན་ཐོབ་པར་ཤོག །ཅེས་པའང་ལྷོ་རྒྱུད་ནགས་མའི་ལྗོངས་ཀྱི་བུ་སློབ་རྣམ་པའི་སྣང་ངོ་དང་བསྟུན་ནས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །།

རྫོགས་སྨིན་སྦྱོང་བའི་སྨོན་ལམ།


JLAZ008_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སྨིན་སྦྱོང་བའི་སྨོན་ལམ། །དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན། །འཕགས་པ་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །དལ་འབྱོར་མི་ལུས་ཐོབ་སྙམ་ཡང༌། །ལོག་ལྟས་མི་ཁོམ་གནས་སུ་བསྐྱལ། །ཁ་ལྟས་རྒྱུ་འབྲས་ཁྱད་དུ་གསད། །ལས་མཐའ་ལོག་པས་རང་འབྱོར་ཉམས། །དམ་པས་མ་ཟིན་གཞན་འབྱོར་སྤངས། །འཇིགས་སྐྱོབ་ལེགས་སྨོན་ཆོས་སུ་འཁྲུལ། །དཀོར་དང་ལོག་འཚོར་བག་མེད་སྤྱད། །ཆོས་པའི་གཟུགས་ལ་ཆོས་མིན་སེམས། །ཤི་མ་ཐག་ཏུ་ངན་སོང་ལས། །འགྲོ་ས་མེད་པ་བདག་གི་བློ། །སྙིང་ནས་ཆོས་ལ་འགྱུར་བར་ཤོག །དེ་ཡང་བླ་མ་དམ་པས་ཟིན། །ངེས་འབྱུང་སྐྱོ་ཤས་མོས་གུས་དང༌། །སྙིང་རྗེ་བྱང་ཆུབ་དམ་པའི་སེམས། །རྒྱུད་ལ་ངམ་ངམ་ཤུགས་ཀྱིས་སྐྱེ། །སེམས་ཅན་ཀུན་ལ་ཕན་སེམས་དང༌། །ཕ་རོལ་ཕྱིན་དྲུག་སྤྱོད་པ་ལ། །བདུད་ཀྱི་བར་གཅོད་མི་འབྱུང་ཞིང༌། །ཚེ་དང་བསྒྲུབ་པ་མཉམ་པ་


JLAZ008_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །གྲངས་མེད་དང་པོའི་ཚོགས་སྦྱོར་ལམ། །ཐབས་ལ་མཁས་པས་འདུམ་པར་ཤོག །རྡོ་རྗེའི་ལམ་ལ་རྣལ་འབྱོར་པའི། །མཐོང་ལམ་བདེན་པས་མ་དག་ས། །བདུན་གྱིས་གྲངས་མེད་གཉིས་རྫོགས་ཤིང༌། །དག་ས་གསུམ་གྱིས་གྲངས་མེད་མཐའ། །མཆོག་དབང་ལྷན་སྐྱེས་ཡེ་ཤེས་དབྱིངས། །མངོན་སུམ་རྫོགས་ཀྱང་ཡང་དག་མཐའ། །མངོན་དུ་མི་བྱེད་སྨོན་ལམ་རྫོགས། །སེམས་ཅན་ཡོངས་སུ་སྨིན་བྱེད་ཅིང༌། །སྣོད་དང་བཅུད་ཀྱིས་བསྡུས་པ་ཡིས། །སངས་རྒྱས་ཞིང་ཁམས་སྦྱོང་བ་སྟེ། །རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ཤོག །ཅེས་པའང་དགེ་འདུན་དོན་གྲུབ་ཀྱི་ངོར། རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །།

གསོལ་འདེབས་མཚང་འདོན་མ།


JLAZ008_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་མཚང་འདོན་མ་བཞུགས། །རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ནི། །མཚན་ཉིད་ཀུན་ལྡན་བླ་མ་སྟེ། །རང་སེམས་ཆོས་སྐུར་ངོ་སྤྲོད་པ། །བདག་ལ་སངས་རྒྱས་ཀུན་ལས་ལྷག །རེ་ས་ཁྱོད་ལས་མེད་པ་ལ། །ཐུགས་རྗེ་ཀློང་ནས་འདོར་ཕོད་དམ། །བྱིས་དང་སྡིག་གྲོགས་འདུ་འཛིའི་ཁྲོད། །ཆོས་མིན་ཆོས་ལྟར་བཅོས་པ་ཡི། །སྐལ་བ་ངན་པ་བདག་ཅག་གི །རྒྱུད་ལ་ངེས་འབྱུང་སྐྱོ་ཤས་དང༌། །བྱང་ཆུབ་སེམས་གཉིས་བསྐྱེད་བྱིན་རློབས། །སྔོན་ཆད་ཚུལ་ཁྲིམས་གོས་ལ་རེ། །དཀོན་མཆོག་དཀོར་ལ་བག་མེད་སྤྱད། །


JLAZ008_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་ཆོས་བརྒྱད་ཆོས་དང་འཁྲུལ། །ད་ནི་འཆི་བ་སྙིང་དྲན་གྱི། །རི་ཁྲོད་ནགས་ཁྲོད་དབེན་པ་རུ། །གཏན་གྱི་མདུན་མ་སྒྲུབ་བྱིན་རློབས། །ཆོས་ཀྱི་གེགས་ནི་ཅིར་ཡང་བརྫུ། །གཉེན་བཤེས་འདུ་ལོང་ཟང་ཟིང་དང༌། །རང་དོན་ཤོར་བའི་གཞན་དོན་དང༌། །འགྲན་སེམས་ཕྲག་དོག་སྙན་གྲག་བསྒྲུབ། །དབེན་པ་བརྟེན་ཀྱང་ཞི་བདེར་གཞོལ། །སྒོ་གསུམ་ཐ་མར་ཤོར་བའི་ཚེ༑ །རང་སྐྱོན་རང་གིས་རིགས་གྱུར་ནས། །བླ་མའི་ཞལ་གདམས་དྲན་པར་ཤོག །དྲན་ཤེས་མེད་པའི་དགེ་སྦྱོར་དང༌། །ལྟ་བས་མ་ཟིན་བསྐྱེད་རིམ་དང༌། །གོ་ཡུལ་ཤོར་བའི་སྟོང་ལྟ་སོགས། །སངས་རྒྱས་ལམ་ལ་ཐག་རིང་བས། །བླ་མ་མཆོག་ལ་མོས་གུས་དང༌། །ཟོལ་འགྲོགས་མེད་པའི་དད་པ་དང༌། །སེམས་ཅན་ཕ་མར་ཤེས་པ་ཡི། །སྙིང་རྗེ་རྒྱུན་ཆད་མེད་པ་ཤོག །ཆོས་ཕུང་བརྒྱད་ཁྲི་བཞི་ སྟོང་གི །རྩ་བ་བྱང་ཆུབ་སེམས་ལ་འདུ། །དེ་ཕྱིར་གཞན་ལ་ཕན་སྲིད་ན། །སྲོག་ཀྱང་གཏང་བའི་སྙིང་སྟོབས་དང༌། །དེ་ལའང་བྱས་ཡུས་མི་སྐྱེ་བར། །རང་བཞིན་མེད་པའི་སྟོང་ཉིད་ཀྱི། །དྲན་པའི་རྩི་དང་མི་འབྲལ་ཤོག །སེམས་ཅན་ཀུན་ལ་བུ་གཅིག་ལྟར། །བརྩེ་ཞིང་མཛད་པ་ཕྲིན་ལས་ཀུན། །འགྲོ་ལ་ཕན་པ་ལྷུར་མཛད་པའི། །སྐྱེས་བུ་དམ་པ་ཐམས་ཅད་དང༌། །བདག་ཉིད་


JLAZ008_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྲོལ་ལམ་བཀོད་པའི། །བཀའ་དྲིན་ཅན་གྱི་བླ་མ་མཆོག །ཞབས་པད་བསྐལ་བརྒྱར་བརྟན་པ་དང༌། །བདག་གི་མོས་གུས་ལྕགས་ཀྱུ་ཡིས། །བླ་མ་དམ་པའི་ལུང་རྟོགས་ཀྱི། །དགོངས་སྤྱོད་སྙིང་དབུས་སྤྱན་འདྲོངས་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་གྱུར་ཏེ། །ཁམས་གསུམ་འཁོར་བའི་རྒྱ་མཚོ་འདི། །ཅིག་ཅར་དོང་ནས་སྤྲུགས་ནུས་ཤོག །དགེ་འདུན་དོན་གྲུབ་ཀྱི་ངོར་གང་བོ་རིའི་ཉེ་འདབས་སུ། །རིག་འཛིན་འཇིགས་མེད་གླིང་པས་སོ།། །།

རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབས་གསོལ་འདེབས།


JLAZ008_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་འཇིགས་མེད་གླིང་པའི་འཁྲུངས་རབས་གསོལ་འདེབས་བཞུགས། །མགོན་པོ་སྲིད་ཞིའི་ཁྱབ་བདག་ཀུན་ཏུ་བཟང༌། །གཞི་རྒྱུད་བདེ་ཤེགས་སྙིང་པོའི་ངོ་བོ་ཉིད། །སྟོང་ཉིད་སྙིང་རྗེར་ཤར་བ་སྤྱན་རས་གཟིགས། །དགའ་རབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བཅོམ་ལྡན་འོད་སྲུངས་དྲུང་ན་ཀྲྀ་ཀིའི་སྲས། །ཉི་མའི་གཉེན་གྱི་མཆེད་གྱུར་གཅུང་མཛེས་དགའ། །སྲོང་བཙན་སྒམ་པོའི་རྣམ་སྤྲུལ་ཨ་ཀར་མ། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །བིར་ཝ་པ་དང་ལྷ་ལྕམ་པདྨ་གསལ། །གཙུག་ལག་འཛིན་དངོས་རྒྱལ་སྲས་ལྷ་རྗེའི་ཞབས། །དྲི་མེད་ཀུན་ལྡན་ཡར་རྗེ་ཨོ་རྒྱན་གླིང༌། །ཟླ་འོད་གཞོན་ནུ་གྲགས་རྒྱལ་ལ་གསོལ་བ་འདེབས། །པཎ་ཆེན་


JLAZ008_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

བི་མའི་དངོས་སྤྲུལ་བསམ་ཡས་པ། །མངའ་རིས་པཎ་ཆེན་ཆོས་རྒྱལ་ཕུན་ཚོགས་ཞབས། །བཀྲ་ཤིས་སྟོབས་རྒྱལ་འཛམ་གླིང་རྡོ་རྗེའི་གར། །འཇིགས་མེད་གླིང་པར་བསྒྱུར་ལ་གསོལ་བ་འདེབས། །འདི་འོག་ཡེ་ཤེས་རྡོ་རྗེའི་རོལ་པ་ཡིས། །རྡོ་རྗེ་སྙིང་པོའི་རིང་ལུགས་བསླངས་ནས་སླར། །གཤེ་ཞིང་སྐུར་པ་འདེབས་པ་རྣམས་ཀྱི་དོན། །སྤྲུལ་པ་སྣ་ཚོགས་སྟོན་ལ་གསོལ་བ་འདེབས། །མདོར་ན་འོད་སྲུངས་དྲུང་དུ་སེམས་བསྐྱེད་ནས། །བྱང་ཆུབ་སྤྱོད་པ་རླབས་ཆེན་རྫོགས་པའི་མཐར། །རྣམ་པར་རྒྱལ་བ་ཅན་དུ་འཚང་རྒྱ་བའི། །འདུས་པ་དང་པོའི་འཁོར་དུ་སྐྱེ་བར་ཤོག །ཅི་མཛད་ལེགས་པར་མཐོང་བའི་དད་གུས་ཀྱིས། །ཁྱོད་ཞལ་ཡིད་ལ་བྱེད་པ་ལ་གོམས་པས། །བླ་མ་མཆོག་དང་ནམ་ཡང་མི་འབྲལ་ཞིང༌། །ཚོམ་བུ་གཅིག་ཏུ་མངོན་པར་སངས་རྒྱས་ཤོག །ཅེས་པའང་རྗེ་བཙུན་ཛྙཱ་ནའི་མིང་ཅན་སོགས་དད་ལྡན་འགས་བསྐུལ་བ་ལས་འཁྲུལ་སྣང་ལ་ཤར་ཚོད་ཙམ་སོར་བཞག་ནས་མཁྱེན་བརྩེའི་ལྷས་སོ།། །།

རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་རྣམ་ཐར་གསོལ་འདེབས།


JLAZ008_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་རྣམ་ཐར་གསོལ་འདེབས་བཞུགས། །སྲིད་ཞི་ཀུན་གྱི་མགོན་པོ་སྤྱན་རས་གཟིགས། །བཅོམ་ལྡན་འོད་སྲུངས་དྲུང་ན་ཀྲྀ་ཀིའི་སྲས། །ཤཱཀྱ་ཐུབ་པའི་མཆེད་ཟླ་གཅུང་དགའ་བོ། །


JLAZ008_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་མཚན་བཟང་ལྡན་ལ་གསོལ་བ་འདེབས། །ཐེག་མཆོག་སྟོན་པ་དགའ་རབ་ཤྲཱི་སེང༌། །དྲི་མེད་བཤེས་གཉེན་སྲོང་བཙན་ཨ་ཀར་མ། །རྗེ་འབངས་གྲོགས་གསུམ་རྒྱལ་སྲས་ལྷ་རྗེའི་རྒྱུད། །རྣམ་འཕྲུལ་དུ་མར་ཤར་ལ་གསོལ་བ་འདེབས། །གཞོན་ནུ་རོལ་རྩེད་དུས་ནས་སྙིང་རྗེ་དང༌། །ངེས་འབྱུང་སྐྱོ་ཤས་དྲག་པོས་རྒྱུད་བརླན་ཏེ། །དབེན་པ་ཁོ་ནར་མོས་པའི་ཞེན་ལོག་གིས། །འདུ་འཛིའི་གཡུལ་ལས་རྒྱལ་ལ་གསོལ་བ་འདེབས། །ཉི་ཤུ་རྩ་ལྔའི་ལོ་ནས་ཚོགས་སྦྱོར་ལམ། །མོས་གུས་སྙིང་རྗེ་བསྐྱེད་རྫོགས་ཐབས་ལམ་ལ། །སྒྲུབ་པའི་དཀའ་ཐུབ་བསྟེན་པས་ཆོས་ཉིད་དོན། །མ་ནོར་མངོན་སུམ་མཐོང་ལ་གསོལ་བ་འདེབས། །དཔལ་གྱི་བསམ་ཡས་མཆིམས་ཕུའི་དགེའུ་རུ། །ཀུན་མཁྱེན་ཞལ་གཟིགས་ལུང་བསྟན་ཐོབ་པའི་མོད། །ཇི་ལྟ་ཇི་སྙེད་སྤོབས་པའི་གཏེར་གྲོལ་ཏེ། །མངོན་པའི་ང་རྒྱལ་ཟད་ལ་གསོལ་བ་འདེབས། །རྙིང་བསྟན་རི་མོའི་མར་མེ་ལྟར་གྱུར་དུས། །རྒྱུད་འབུམ་གླེགས་བམ་རྫོགས་དང་ཆོས་འབྱུང་བསྐྲུན། །མདོ་སྒྱུ་སེམས་གསུམ་སྙིང་ཏིག་བཀའ་གཏེར་གྱི། །བསྟན་པ་མ་ནོར་འཛིན་ལ་གསོལ་བ་འདེབས། །སྔ་འགྱུར་གྲུབ་མཐའ་ཆོས་ལུགས་སྣ་ཚོགས་ཀྱིས། །རྙོག་མར་གྱུར་ལ་གཞན་སྡེས་གཤུང་བའི་ཚེ། །ཡོན་ཏན་རིན་ཆེན་མཛོད་ཀྱི་


JLAZ008_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རྟ་ཆེས། །རང་སྡེའི་གྲུབ་མཐའ་སློང་ལ་གསོལ་བ་འདེབས། །ཐོས་པ་ཉུང་དང་བློ་གྲོས་བླུན་པོ་རྣམས། །ཁྲོན་པའི་ལག་འགྲོ་རྨོངས་པའི་ཕྱོགས་འཛིན་ཡང༌། །མཁས་དང་དམ་པའི་རྒྱུ་སྐར་ཆེན་པོའི་དབུས། །བསྟན་པའི་ཉིན་བྱེད་འབར་ལ་གསོལ་བ་འདེབས། །གང་ཞིག་འཕགས་པའི་སྤངས་རྟོགས་བརྙེས་པ་རྣམས། །རྣམ་རྟོག་རང་རྒྱུད་ལས་འདས་ཆོས་ཉིད་ཕྱིར། །སྒོམ་བྱུང་ཤེས་རབ་ཟླ་བ་ཉ་གང་ནས། །ཆོས་ཀྱི་གཏེར་མཛོད་རྙེད་ལ་གསོལ་བ་འདེབས། །དབེན་པ་ཁོ་ནར་སྦས་ཀྱང་ལས་ཅན་རྣམས། །མཚོ་ལ་ངང་པ་ཇི་བཞིན་རིང་ནས་འདུ། །སྐལ་མེད་རྟག་ཏུ་བསྙེན་ཀྱང་མི་ཐུལ་ན། །མང་པོའི་ཚོགས་དཔོན་སྤངས་ལ་གསོལ་བ་འདེབས། །མནོག་ཆུང་ཚེ་འདིའི་ཕུན་ཚོགས་ལ་དམིགས་ནས། །འཇིག་རྟེན་ཆོས་དང་མཐུན་པར་མི་འཇིག་ཀྱང༌། །རྣམ་ཐར་ངོ་ལྐོག་སྤངས་པའི་བརྟུལ་ཞུགས་ལ། །ས་ར་ཧ་པ་དགྱེས་ལ་གསོལ་བ་འདེབས། །བློ་སྣ་ཐུང་ཡང་བསྟན་འགྲོའི་དོན་ལ་བརྩོན། །ཡང་དག་ལམ་འཇུག་ཆོས་ཚུལ་ཙམ་མི་དམོད། །བསྟོད་བསྔགས་བཀུར་སྟིས་མི་ཁེངས་སྒྲོ་སྐུར་གྱིས། །འཇིགས་བྲལ་དཔའ་བོ་ཁྱེད་ལ་གསོལ་བ་འདེབས། །དད་གཤིན་རྫས་ལ་གཟི་བྱིན་མི་བསྒྲུབ་ཅིང༌། །བཀའ་འགྱུར་ལ་སོགས་སྐུ་གསུང་ཐུགས་རྟེན་བསྐྲུན། །མེས་དབོན་


JLAZ008_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ་ཁྲི་མཆོད་སྲོག་བསླུ་སོགས། །འབྲེལ་ཚད་དོན་ལྡན་སྦྱོར་ལ་གསོལ་བ་འདེབས། །མཉམ་རྗེས་ཀུན་ཏུ་ཆགས་སྡང་རེ་དོགས་ཀྱི། །ཁྱོད་སེམས་འཁྲུགས་པ་མ་ཡིན་དཔང་པོ་ལ། །སྤྱན་རས་གཟིགས་མགོན་བཞུགས་པའི་བྱིན་རླབས་ཀྱིས། །འགྲོ་དོན་འཁོར་བ་དོང་སྤྲུགས་ལ་གསོལ་བ་འདེབས། །ད་དུང་སེམས་ཅན་ཁམས་ནི་མ་རྫོགས་པར། །གཞན་དོན་འབྱུང་བ་བྱང་ཆུབ་སེམས་གཉིས་ཀྱི། །ཁྱད་ཆོས་བསླུ་བ་མེད་པ་ཡིན་པའི་ཕྱིར། །གདུལ་བྱར་མ་གྱུར་སེམས་ཅན་ཡོད་མིན་ཡང༌། །སློབ་མར་གྱུར་ནས་དམ་ཚིག་དག་པ་དང༌། །བཀའ་བཞིན་བསྒྲུབས་ནས་ཐུགས་ཡིད་འདྲེས་པ་རྣམས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྟེན་འབྲེལ་འགྲིག །རྣམ་པར་རྒྱལ་བ་ཅན་དང་དབྱེར་མེད་ཤོག །ཅེས་པའང་ལས་ཅན་གྱི་སློབ་མ་མདོ་སྨད་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ནན་ཏན་ཆེན་པོའི་ངོ་མ་ཟློག་པར་ལེགས་བྱས་ཀྱི་ཕྱོགས་ནས་བསྙད་པའོ།། །།

གཅིག་ཆོག་ནོར་བུའི་ལུགས་ཀྱི་གསོལ་འདེབས།


JLAZ008_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཆོག་ནོར་བུའི་ལུགས་ཀྱི་གསོལ་འདེབས་བཞུགས། །མཚན་ཉིད་ཀུན་ལྡན་བླ་མ་ནི། །དུས་གསུམ་སངས་རྒྱས་འདུས་པའི་དཔལ། །རང་སེམས་ཆོས་སྐུར་ངོ་སྤྲོད་པ། །གང་ལ་གསོལ་བ་སྙིང་ནས་འདེབས། །ས་ལམ་འབྲས་བུའི་ཡོན་ཏན་ཀུན། །བླ་མའི་བྱིན་རླབས་ཁོ་ན་ལས། །འབྱུང་བའི་མཚན་ཉིད་མ་རྟོགས་པར། །བསྐྱེད་རྫོགས་


JLAZ008_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་བརྗོད་མྱུར་ལམ་དུ། །རེ་བའི་རྨོངས་པ་ལམ་ནོར་རྣམས། །བླ་མ་མི་རུ་མཐོང་བས་དྲེད། །འདི་དང་ཕྱི་མ་བར་དོ་རུ། །བསླུ་བ་མེད་པ་མོས་གུས་གནད། །དེ་ཕྱིར་བླ་མ་སངས་རྒྱས་སུ། །མཐོང་ནས་བྱིན་རླབས་འཇུག་པར་ཤོག །འཆི་བའི་དུས་ལ་བབ་ཀྱང་སླ། །སྲིད་པ་རུ་ལོག་གྱུར་ཀྱང་སླ། །སྤྱོད་པ་ཐང་ལྷོད་གྱུར་ཀྱང་སླ། །ཅི་མཛད་ལེགས་པར་མཐོང་བ་ཡི། །མོས་གུས་དཀར་པོ་གཅིག་ཐུབ་འདི། །ཐབས་ཀྱི་ནང་ནས་ཐབས་མཆོག་ཡིན། །རྟོགས་པ་མཆོག་ལྡན་གྱི་བླ་མ་དང༌། །ཐུགས་ཡིད་གཅིག་ཏུ་འདྲེས་པ་ལས། །ས་ལམ་ཡོན་ཏན་མཐར་ཕྱིན་ནས། །འཁོར་བ་དོང་ནས་སྤྲུག་པར་ཤོག །ཅེས་པའང་དཔལ་ལྡིངས་རྗེ་བཙུན་དྲུང་གི་གསུང་ངོར་གསང་སྔགས་ཀྱི་ཉེ་ལམ་དང་བསྟུན་ནས་རང་བྱུང་རྡོ་རྗེས་སོ།། །།རང་སེམས་བདེ་གཤེགས་སྙིང་པོ་ཡི། །ངོ་བོ་སྒྲིབ་བྲལ་དུ་སྟོན་མཛད་པའི། །གནས་ལུགས་རྫོགས་པ་ཆེན་པོའི་ཞལ། །རང་བྱུང་རྡོ་རྗེར་གསོལ་བ་འདེབས། །གཟུགས་སྐུའི་ཉིན་བྱེད་འཇིག་རྟེན་འདིའི། །སྒྲོན་མེ་གཅིག་པོ་ལོ་བརྒྱའི་བར། །འཚོ་ཞིང་གཞེས་ནས་བདག་སོགས་ཀུན། །འདི་ཕྱི་བར་དོ་ཐམས་ཅད་དུ། །འབྲལ་མེད་རྗེས་སུ་འཛིན་པར་ཤོག །ཅེས་པའང་དགེ་སློང་དཔལ་འབྱོར་གྱི་ངོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེའམ་འཇིགས་མེད་གླིང་པས་སྨྲས་པའོ།། །།

རྒྱལ་བ་འོད་མཚན་སྟོང་འབར།


JLAZ008_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་འོད་མཚན་སྟོང་འབར་ནི། །སིན་དྷུའི་དྭངས་མཚོར་སྤྲུལ་པའི་སྐུ། །ཨོ་རྒྱན་སངས་རྒྱས་གཉིས་པ་དང༌། །དབྱེར་མེད་དྲིན་ཅན་བླ་མ་མཁྱེན། །དལ་བ་བརྒྱད་ཀྱི་རྟེན་ཐོབ་ཀྱང༌། །འབྱོར་པ་བཅུ་ཡིས་འདུ་འབྲལ་བྱས། །འཆི་བ་ནམ་ཡོང་མེད་བཞིན་དུ། །འདི་སྣང་ཞེན་པས་བཅིངས་ལ་གཟིགས། །ཆོས་བཞིན་བསྒྲུབ་པའི་རྒྱུ་ཚོགས་ཀྱང༌། །རྣམ་གཡེང་འདུ་འཛིའི་ཞགས་པས་བཅིངས། །ཆོས་བརྒྱད་ཆོས་སུ་སྒོམ་པ་བདག །དབེན་པའི་གནས་སུ་ཆོས་སྤྱོད་འཕེལ། །རྟག་ཏུ་ངེས་འབྱུང་གིས་བསྐུལ་ནས། །དལ་རྟེན་དོན་ཡོད་བྱེད་པར་ཤོག །བདག་ཉིད་འཆི་བར་གྱུར་པའི་ཚེ། །དགོན་གནས་ཉེ་འབྲེལ་ལྟ་ཅི་སྨོས། །གཅེས་པར་བཟུང་བའི་ལུས་འདི་ཡང༌། །དུར་ཁྲོད་འཇིགས་པར་འདོར་དགོས་ན། །ད་ལྟ་ཉིད་ནས་ཞེན་ཆགས་ཀྱི། །འཁྲི་བ་བཙན་ཐབས་ཆོད་གྱུར་ཏེ། །རི་ཁྲོད་ནགས་ཁྲོད་བས་མཐའ་རུ། །རང་སེམས་བཙན་ས་ཟིན་པར་ཤོག །སེམས་ཀྱི་གནས་ལུགས་རྟོགས་པ་ལ། །བླ་མའི་བྱིན་རླབས་ཞུགས་པ་དགོས། །རྟག་ཏུ་འགྲོ་ལ་སྙིང་རྗེ་དང༌། །མོས་གུས་རྒྱུན་ཆད་མེད་པར་ཤོག །ལམ་བདེན་རྒྱ་མཚོའི་སྙིང་པོ་ནི། །རྣམ་ཀུན་རྒྱུད་ལ་གོམས་བྱས་པས། །འགྲོ་འོང་རྟག་ཆད་ཡོད་མེད་ལས། །འདས་པའི་བདེན་པ་མཐོང་བར་


JLAZ008_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །མདོར་ན་འདི་ཕྱི་བར་དོ་ཀུན། །སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང༌། །རེ་ས་བླ་མ་ལས་མེད་པས། །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །རབ་བྱུང་དབུ་མཛད་བསམ་གཏན་པའི་ངོར། །རིག་འཛིན་འཇིགས་མེད་གླིང་པས་སོ།། །།

བདེ་གཤེགས་སྙིང་པོའི་ཆོས་ཉིད།


JLAZ008_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྙིང་པོའི་ཆོས་ཉིད་ནི། རང་བཞིན་རྫོགས་པ་ཆེན་པོའི་ཞལ། །ཚོགས་བརྒྱད་གློ་བུར་དྲི་མའི་དངོས། །བསལ་མཛད་རིག་འཛིན་འཇིགས་མེད་གླིང༌། །དེ་ཕྱིར་སྙིང་གི་ཟེའུ་འབྲུ་རུ། །དྲན་པའི་ངོ་བོར་བླ་མ་ཞུགས། །ཉིན་མཚན་སྐད་ཅིག་ཐང་ཅིག་ཀྱང༌། །བརྗེད་པ་མེད་པར་གསོལ་བ་འདེབས། །བསྐལ་པ་རྒྱ་མཚོར་ཞབས་བརྟན་ཅིང༌། །མོས་གུས་གོམས་པའི་རྒྱུ་འབྲས་ཀྱིས། །འདི་ཕྱི་བར་དོ་ཐམས་ཅད་དུ། །བླ་མའི་སྣང་བ་མི་འབྲལ་བ། །བར་གཅོད་རྐྱེན་གྱིས་མི་བརྫི་ཞིང༌། །བློ་འདས་དྲན་པའི་ངོ་བོ་རུ། །ས་ལམ་ཡོན་ཏན་ཡོངས་རྫོགས་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་ཤོག །ཅེས་པའང་བསམ་གླིང་སློབ་དཔོན་དཔོན་སློབ་གསུམ་གྱི་ངོར་སྨྲས་པའོ།། །།

ཞབས་བརྟན།


JLAZ008_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་ཆོས་སྐུར་ངོ་སྤྲོད་པའི། །དྲིན་ཆེན་གྱི་བླ་མ་འཇིགས་མེད་གླིང༌། །བསྟན་པ་རྒྱ་མཚོའི་རྩ་ལག་ཏུ། །ཞབས་པད་བརྟན་པར་གསོལ་བ་འདེབས། །འདི་ཕྱི་བར་དོ་ཐམས་ཅད་དུ། །བླ་མའི་ཐུགས་རྗེས་སྐྱོང་བ་དང༌། །སྡིག་


JLAZ008_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་ནད་གདོན་ཉེར་འཚེ་ཀུན། །ཞི་ནས་དབེན་པའི་རི་ངོགས་སུ། །ཆོས་བཞིན་སྤྱོད་པའི་རང་དབང་ནི། །མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་རང་བྱུང་རྡོ་རྗེས་སོ།། །།

རིག་འཛིན་འཇིགས་མེད་གླིང་པའི་ཞབས་བརྟན།


JLAZ008_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་འཇིགས་མེད་གླིང་པའི་ཞབས་བརྟན་བཞུགས། །གཞི་དབྱིངས་ནམ་མཁའི་རྡོ་རྗེ་ཀུན་ཏུ་བཟང༌། །གཞི་སྣང་ཡེ་ཤེས་སྙིང་པོ་དགའ་རབ་རྗེ། །རྣམ་འཕྲུལ་དུ་མར་ཤར་བའི་ངོ་བོ་ཉིད། །རིག་འཛིན་འཇིགས་མེད་གླིང་པའི་ཞབས་བརྟན་ཤོག །སྙིགས་ལས་ཆེར་སྙིགས་ལྟ་བའི་སྙིགས་མ་ཡིས། །བྱང་ཆུབ་སེམས་གཉིས་གཞན་ཕན་ཉམས་པའི་ཚེ། །བསྡུ་བ་བཞི་དང་རིགས་ལྔའི་དམ་ ཚིག་ལས། །རང་དོན་སེམས་པ་མེད་ཁྱོད་ཞབས་བརྟན་ཤོག །བདེན་པ་གཉིས་ཀྱི་བང་རིམ་ཐེག་དགུའི་རྩེ། །ཤིན་ཏུ་རྣལ་འབྱོར་འཆི་མེད་ཞི་བའི་གྲོང༌། །རང་ཉིད་ཞུགས་ནས་གཞན་དག་སྨིན་གྲོལ་ལ། །འགོད་མཛད་རང་བྱུང་རྡོ་རྗེ་ཞབས་བརྟན་ཤོག །ལུང་གི་དཀྱིལ་འཁོར་རྟོགས་པའི་འོད་ཟེར་གྱི། །ཉིན་མོར་བྱེད་པ་རྒྱལ་བའི་བསྟན་ཡིན་ན། །ཀུན་འབྱུང་སྡུག་བསྔལ་མུན་འཐོར་འཁྱམས་པ་རྣམས། །ངེས་དོན་ལམ་ལ་བཀྲི་ཁྱོད་ཞབས་བརྟན་ཤོག །བཅོམ་ལྡན་འོད་སྲུངས་དྲུང་དུ་ཐུགས་བསྐྱེད་ནས། །ཤཱཀྱ་ཐུབ་པའི་སྤྱན་སྔར་འདུལ་བ་འཛིན། །


JLAZ008_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

གངས་རིའི་ཁྲོད་དུ་རྡོ་རྗེ་ཐེག་པའི་ལམ། །རྣམ་འཕྲུལ་དུ་མས་གསལ་ཁྱེད་ཞབས་བརྟན་ཤོག །དབང་བཅུའི་ཐོག་མ་དཔེ་བྱད་རིགས་ལྔའི་རྩེར། །མ་ཆགས་པདྨ་ཅན་གྱིས་དབུགས་དབྱུངས་པའི། །རྟེན་འབྲེལ་དུས་ལས་ཡོལ་མེད་འཚོ་གཞེས་ནས། །རྣམ་པ་རྒྱལ་བ་ཅན་དུ་འཚང་རྒྱ་བའི། །འདུས་པ་དང་པོའི་ལུང་བསྟན་ཐོབ་པར་ཤོག །ཅེས་པའང་གསང་སྔགས་ཐེག་མཆོག་གླིང་མཁན་རིན་པོ་ཆེས་དབུས་འདུས་ཚོགས་སྤྱི་ནས་དད་གུས་ཆེན་པོས་གསོལ་བ་བཏབ་པའི་ངོར་གནས་དེ་ཉིད་དུ་སྦྱར་བའོ།། །།

ཞབས་བརྟན་རྩ་གསུམ་ཀུན་འདུས


JLAZ008_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་དང༌། །བདེ་སྐྱོང་མཁའ་འགྲོའི་གསང་མཛོད་མཁར་ཆེན་བཟའ། །སྤྲུལ་པའི་རྗེ་འབངས་ཉེར་ལྔས་མཐུ་བྱིན་བསྐྱེད། །ཚེ་དབང་རིག་འཛིན་འཇའ་ལུས་དངོས་གྲུབ་སྩོལ། །ཐ་མལ་ལུས་ལ་ཡེ་ཤེས་སྙིང་པོ་ཅན། །ཀློང་ལྔ་མི་ཤིགས་དགོངས་པའི་གསང་མཛོད་བདག །པདྨས་རྗེས་བཟུང་སྦས་པའི་རྣལ་འབྱོར་པ། །མཁྱེན་བརྩེའི་འོད་ཟེར་བསྐལ་བརྒྱར་ཞབས་བརྟན་ཤོག །མཁའ་འགྲོའི་སུན་མ་ཡེ་ཤེས་དབྱིངས་སུ་བྱོལ། །བར་གཅོད་ཚེ་འཕྲང་ཀ་དག་ངང་དུ་བཟློག །རིག་པའི་རང་བཞིན་སྐྱེ་འཆི་བགྲེས་རྒུད་བྲལ། །གཞི་སྣང་ཡེ་ཤེས་ཆེན་པོར་རྟག་བརྟན་གསོལ། །རྨད་


JLAZ008_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་དད་པའི་དྲི་བཞོན་གྱིས་དྲངས་པའི། །གསོལ་འདེབས་ཉི་ཟླའི་སྣང་བྱེད་བསྐུལ་བ་ལས། །གང་སྐུ་ལྷུན་པོའི་སྤོ་མཆོག་ཆེས་གསལ་ཞིང༌། །མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་པར་ཤོག །སོ་སྐྱེའི་སྤྱོད་ཡུལ་ལས་འདས་རྫོགས་པ་ཆེའི། །མངོན་སུམ་རིག་པའི་ཆོས་འཁོར་བསྐོར་ནས་ཀྱང༌། །ཡིད་དཔྱོད་བརྟག་དཔྱད་སྒོམ་ལ་མི་རེ་བར། །སྣང་བཞིའི་སྦུབས་ནས་འགྲོ་ཀུན་འདྲེན་པར་ཤོག །ཅེས་རིང་འཚོའི་ཐབས་ཚུལ་དོན་དུ་གཉེར་བའི་གྲོང་ཚིག་དུམ་བཅད་འདི་ནི་དད་ལྡན་འགས་ནན་ཏན་ཆེན་པོས་བསྐུལ་བའི་ངོར་དཔལ་གྱི་བསམ་ཡས་མཆིམས་ཕུར་རིག་པ་འཛིན་པ་མཁྱེན་བརྩེའི་ལྷ་རང་ཉིད་ཀྱིས་སོ།། །།

ཞབས་བརྟན་གཞོམ་བྲལ་རྡོ་རྗེའི་ངོ་བོ།


JLAZ008_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

གཞོམ་བྲལ་རྡོ་རྗེའི་ངོ་བོ་རང་གི་སེམས། །སྐྱེ་འཆི་མིང་འདོགས་ཟད་པ་ཆོས་ཀྱི་དབྱིངས། །འཇའ་ལུས་འཕོ་འཇིག་བྲལ་བ་རྡོ་རྗེའི་སྐུ། །ཚེ་དབང་རིག་འཛིན་པདྨས་བྱིན་ཕོབ་ཅིག །བདེ་གཤེགས་སྙིང་པོའི་རང་བཞིན་བྱང་ཆུབ་སེམས། །གློ་བུར་སྒྲིབ་པས་ཀུན་ནས་དཀྲིས་བྱས་ཏེ། །སྲིད་མཚོར་བྱིང་བའི་འགྲོ་ཀུན་ཞི་བའི་གླིང༌། །འཁྲིད་མཛད་རིག་འཛིན་བླ་མ་ཞབས་བརྟན་ཤོག །མཁྱེན་གཉིས་ནོར་བུའི་གླིང་དུ་གནས་བཅས་ནས། །བརྩེ་ཆེན་ཞགས་པས་འགྲོ་ལ་དམ་འཁྱུད་པའི། །འོད་ཟེར་ཕ་མཐའ་མི་མངོན་འཕྲོ་བའི་ཞལ། །


JLAZ008_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་མོའི་སྤུན་ཟླ་ཇི་བཞིན་རྟག་བརྟན་ཤོག །འགྲོ་ལ་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན། །ལྔ་བརྒྱ་ཕྲག་བཅུའི་མུ་ཁྱུད་ལ་ཐུག་ཚེ། །ཐེག་པ་ཆེན་པོའི་སྡེ་སྣོད་གངས་རིའི་ཁྲོད། །འདྲེན་པའི་ཤིང་རྟ་ཆེན་པོ་ཞབས་བརྟན་ཤོག །ཁྱོད་ཐུགས་བྱམས་དང་སྙིང་རྗེའི་ནོར་བུའི་ཏོག །ཀུན་ལ་ཉེ་འཁོན་མེད་དུ་གསལ་ན་ཡང༌། །གང་འདུལ་ཕྲིན་ལས་འཇུག་པ་ཉི་འོག་གི །རྒྱལ་ཁམས་བསྟན་འགྲོའི་དཔྱིད་དུ་གསལ་བར་ཤོག །འཚོ་གཞེས་རྡོ་རྗེ་ལུས་ཀྱི་གཞལ་མེད་ཁང༌། །གདན་གསུམ་ཡོངས་རྫོགས་དམ་པ་རིགས་བརྒྱའི་ལྷ། །དེ་སྙེད་བགྲང་བྱ་ལས་ཀྱང་ཆེས་ལྷག་པའི། །དགའ་སྟོན་མངོན་སུམ་མཐོང་བའི་བཀྲ་ཤིས་ཤོག །འཇིག་ཚོགས་ལྟ་བའི་རི་དང་ཆོས་ཉིད་དོན། །རྟོག་དཔྱོད་ཡུལ་ལ་རྣམ་པར་རིག་པ་ཅན། །ཀུན་འབྱུང་དབུ་མར་འཁྲུལ་པའི་རྟག་ཆད་དགྲ། །དོན་དམ་རྫོགས་པ་ཆེན་པོར་ཞབས་བརྟན་གསོལ། །ཡོངས་གྲུབ་རང་བཞིན་ཤེས་པའི་མོས་གུས་ནི། །སྙིང་དབུས་དྲན་པ་ཉེར་གཞག་ལ་གོམས་པས། །ཕུང་པོ་ལྔ་དང་ཚོགས་བརྒྱད་ཉེར་ལེན་སེམས། །རྣམ་བྱང་མངོན་སུམ་རིག་པའི་དོན་རྟོགས་ཤོག །རྣམ་གྲངས་པའི་དོན་དམ་དང༌། དེ་ལས་འགལ་བའི་ཤླཽ་ཀ་གཉིས་བསྣན་ཏེ། རིག་འཛིན་འཇིགས་མེད་གླིང་པས་སྡེ་སྣོད་མཁྱེན་པའི་


JLAZ008_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་མཚོ་སྣ་སྤྲུལ་སྐུ་རིན་པོ་ཆེའི་ཐུགས་རྒྱུད་དོན་གྱི་དབུ་མ་ཆེན་པོ་ལ་སྦྱར་བའི་ཚེ་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ།། །།

རཏྣ་ཤྲཱིའི་ཞབས་བརྟན།


JLAZ008_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པ་བཞིན། །འཛམ་གླིང་མཛེས་པའི་རྒྱན་གྱི་དམ་པ་མཆོག །དཔལ་ལྡན་ནཱ་གཱ་རྫུ་ན་གངས་རིའི་ལྗོངས། །སླར་བྱོན་རཏྣ་ཤྲཱི་རྒྱལ་གྱུར་ཅིག །གང་གི་ཆོས་སྲིད་གདུགས་དཀར་ས་བླའི་དབྱིངས། །འདེགས་པའི་ཐུགས་བསྐྱེད་དམ་བཅའ་མི་ལྷོད་པ། །སྤྲུལ་པའི་སྐུ་མཆོག་ཡབ་སྲས་རྣམ་པ་ཟུང༌། །གཞོམ་མེད་རྡོ་རྗེའི་ཁྲི་ལ་རྟག་བརྟན་གསོལ། །མཐུན་པའི་ཡུལ་དང་དམ་པའི་མཛའ་བཤེས་གཉེན། །ལེགས་པར་སྨོན་དང་བསོད་ནམས་དམ་པའི་བྱིན། །འཁོར་ལོ་ཆེན་པོ་བཞི་ཡི་ཤིང་རྟའི་སྟེགས། །རྣམ་འདྲེན་ཡབ་སྲས་བསྐལ་བརྒྱར་ཞབས་བརྟན་ཤོག །འཇིག་རྟེན་མགོན་པོའི་བསྟན་སྲིད་འཛིན་པ་ལ། །པདྨ་དཀར་པོའི་གེ་སར་བཞད་པ་ཡི། །རྒྱལ་མཚན་འཇིགས་མེད་ཕྲིན་ལས་རྣམ་རྒྱལ་སྡེ། །བསྐལ་པ་རྒྱ་མཚོའི་བར་དུ་ཞབས་བརྟན་ཤོག །མཁྱེན་རབ་ནམ་མཁའི་རྡོ་རྗེ་འཇམ་པའི་དབྱངས། །ཆོས་ཀྱི་རྒྱལ་མཚན་ཕྲིན་ལས་རྣམ་པར་རྒྱལ། །རིག་འཛིན་བཞི་ཡི་མཐུ་སྟོབས་གྲུབ་པའི་སྡེས། །རྒྱལ་བསྟན་ཉིན་མོར་བྱེད་པའི་འོད་ཟེར་བརྒྱར། །འབར་བཞིན་བསྐལ་པ་རྒྱ་མཚོར་འཚོ་གཞེས་ཤོག །རང་བཞིན་བསམ་མི་ཁྱབ་པ་ཆོས་ཀྱི་དབྱིངས། །


JLAZ008_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་དང༌། །སྨོན་པ་འགྲུབ་པའི་དྲང་སྲོང་བདེན་མཐུ་ཡི། །རྗེས་སུ་ཕྱོགས་པའི་བཀྲ་ཤིས་དགའ་སྟོན་སྩོལ། །ཞེས་པའང་བླ་དཔོན་གྱིས་ཞབས་འདེགས་ལ་ལེགས་སྨོན་གྲུབ་པ་མགྲོན་གཉེར་དཀོན་མཆོག་བློ་ལྡན་གྱིས་བསྐུལ་ངོར། རིག་འཛིན་འཇིགས་མེད་གླིང་པས་སོ།། །།

རྒྱལ་སྲས་ཉིན་བྱེད་འོད་ཟེར་གྱི་ཞབས་བརྟན། །


JLAZ008_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་ཉིན་བྱེད་འོད་ཟེར་གྱི་ཞབས་བརྟན། །རྒྱལ་བའི་རྣམ་སྤྲུལ་སྐྱེ་མེད་ཀློང་པས་ཤར། །དམ་པའི་དེ་ཉིད་ཆོས་ཀྱི་བརྒྱུད་འཛིན་པ། །རྒྱལ་སྲས་ཉིན་བྱེད་འོད་ཟེར་སྤྲུལ་པའི་སྐུ། །བསྐལ་བརྒྱར་འཚོ་གཞེས་བསྟན་པ་དར་གྱུར་ཅིག །ཅེས་པའང་སློབ་བུ་འཇིགས་མེད་བློ་གསལ་འོད་ཟེར་གྱི་ངོར་མཚན་ཐོག་མར་གསོལ་བ་དང་ཆབ་གཅིག་རང་བྱུང་རྡོ་རྗེས་སོ།། །།

མདོ་ཁམས་རྫོགས་ཆེན་པའི་སྐྱེ་ཕྲེང་གསོལ་འདེབས།


JLAZ008_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ཁམས་རྫོགས་ཆེན་པའི་སྐྱེ་ཕྲེང་གསོལ་འདེབས་བཞུགས། །དུས་གསུམ་སྐྱེ་འགག་མེད་པའི་ཆོས་ཉིད་ཀྱང༌། །སེམས་ཅན་ཁམས་ལ་གཟུགས་སྐུ་རྣམ་གཉིས་སུ། །སྣང་བའི་ངོ་མཚར་བདེ་གཤེགས་གཙུག་ཏོར་ཅན། །མཚན་གྱིས་ངན་སོང་གྲོལ་ལ་གསོལ་བ་འདེབས། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཀུ་ཀུ་རི། །འཕོ་ཆེན་རྡོ་རྗེའི་ས་བརྙེས་བི་མ་ལ། །སྤྲོས་བྲལ་ཕྱག་རྒྱ་ཆེན་པོ་ས་ར་ཧ། །བསྟན་པའི་ཆུ་འགོ་གསུམ་ལ་གསོལ་བ་འདེབས། །ལྷ་སྲིན་


JLAZ008_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་ཁོལ་རླངས་པ་ཤྲི་སིང༌། །འཁྲུལ་སྣང་བྲག་རི་བསྙིལ་བ་དཀོན་མཆོག་འབྱུང༌། །རྒྱལ་བསྟན་ཉིན་མོར་བྱེད་པ་ཁྲི་རལ་ཞབས། །བསྟན་པའི་རྩ་ལག་གསུམ་ལ་གསོལ་བ་འདེབས། །གཏི་མུག་ལམ་སློང་གྲུབ་མཆོག་ཕག་ཚོང་བ། །མི་ལ་བཞད་པའི་སྲས་གྱུར་བྱང་ཆུབ་རྒྱལ། །དྲུག་པ་སེང་གེའི་སྒྱུ་འཕྲུལ་དུས་གསུམ་མཁྱེན། །གྲུབ་པ་མཆོག་བརྙེས་གསུམ་ལ་གསོལ་བ་འདེབས། །རྟོགས་པས་བདག་རྒྱུད་གྲོལ་བར་གླིང་རས་རྗེ། །བླ་མར་མོས་གུས་མཐར་ཕྱིན་སྟག་ལུང་བ། །བརྟུལ་ཞུགས་གྲུབ་པ་ཨོ་རྒྱན་རང་བྱུང་བ། །སྒྲུབ་བརྒྱུད་བསྟན་འཛིན་གསུམ་ལ་གསོལ་བ་འདེབས། །གཞི་གསུམ་རྩ་བ་བརྟན་པ་བློ་གྲོས་བཟང༌། །རྙིང་བསྟན་མདོ་སྨད་སྤེལ་ལ་སྨོན་ལམ་གྱི། །མཐུ་གྲུབ་པདྨའི་རིག་པ་འཛིན་པ་དང༌། །འགྱུར་མེད་ཐེག་མཆོག་ཅེས་ལ་གསོལ་བ་འདེབས། །སྔ་འགྱུར་བསྟན་པའི་རྩ་བ་མདོ་སྒྱུ་སེམས། །ཡང་ཕུར་སངས་རྒྱས་མཉམ་པར་སྦྱོར་ལ་སོགས། །བཀའ་མའི་སྒྲུབ་ཆེན་ཕྲིན་ལས་སྲོལ་བཏོད་པའི། །ངེས་དོན་བསྟན་འཛིན་བཟང་པོར་གསོལ་བ་འདེབས། །ངེས་འབྱུང་རྒྱུད་བརླན་བྱང་ཆུབ་སེམས་གཉིས་ཀྱི། །ཤིང་རྟས་དྲངས་པའི་སྨིན་གྲོལ་ལམ་མཆོག་ལ། །རྟག་ཏུ་བསྟེན་གོམས་བགྱིས་པའི་དངོས་གྲུབ་ཀུན། །ཚེ་འདི་ཉིད་ལ་མཐོང་བར་བྱིན་གྱི་


JLAZ008_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །ཞེས་པའང་དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་གྱི་ངོར་རིག་པ་འཛིན་པ་མཁྱེན་བརྩེའི་ལྷས་སོ།། །།

ཇ་མཆོད་ནི།


JLAZ008_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་མཆོད་ནི། སངས་རྒྱས་མཉམ་སྦྱོར་ཚོགས་ཆེན་འདུས་པའི་སྡེ། །སྒྱུ་འཕྲུལ་ཞི་ཁྲོ་ཧེ་རུ་ཀ་གལ་པོ། །ཟླ་གསང་ཐིག་ལེ་རྟ་མཆོག་རོལ་པ་དང༌། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་རྒྱ་མཚོ་ལ། །མཆོད་པ་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །མཆོག་གསུམ་ངོ་བོ་དཔལ་མགོན་བླ་མ་དང༌། །རྒྱུད་སྡེ་རྒྱ་མཚོ་གནས་སྲུང་མཁའ་འགྲོ་ལྷ། །མ་མགོན་གཟའ་རྡོར་ཚེ་རིང་མཆེད་ལྔ་ལ། །མཆོད་གསོལ་བསྟོད་དོ་བསམ་དོན་ལྷུན་གྲུབ་མཛོད།། །།


previousརྡོ་རྗེ་སེམས་དཔལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་།no next