Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
གཤིན་རྗེ་ནག་པོ་སུམ་སྒྲིལ་གྱི་སྒོ་ནས་ལོ་དགྲ་སེར་བའི་གནོད་པ་བསྲུང་ཐབས་སྤྲུལ་སྐུའི་འཁོར་ལོ་ཞེས་གྲགས་པ།
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་རྗེ་ནག་པོ་སུམ་སྒྲིལ་གྱི་སྒོ་ནས་ལོ་དགྲ་སེར་བའི་གནོད་པ་བསྲུང་ཐབས་སྤྲུལ་སྐུའི་འཁོར་ལོ་ཞེས་གྲགས་པ།next

གཤིན་རྗེ་ནག་པོ་སུམ་སྒྲིལ་གྱི་སྒོ་ནས་ལོ་དགྲ་སེར་བའི་གནོད་པ་བསྲུང་ཐབས་སྤྲུལ་སྐུའི་འཁོར་ལོ་ཞེས་གྲགས་པ།


JLAZ008_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་ནག་པོ་སུམ་སྒྲིལ་གྱི་སྒོ་ནས་ལོ་དགྲ་སེར་བའི་གནོད་པ་བསྲུང་ཐབས་སྤྲུལ་སྐུའི་འཁོར་ལོ་ཞེས་གྲགས་པ་བཞུགས། འཁོ༷ར་བ་ཐུགས་རྗེས་ཟིལ་གྱིས་གནོན། །མྱང་འད༷ས་རྟོགས་པས་ཟིལ་གྱིས་གནོ༷ན། །ཕྱག༷་རྒྱ༷ས་གཉིས་མེད་ཟིལ་གྱིས་གནོན། །ཆེ༷ན་པོ༷ས་ཁམས་གསུམ་ཟིལ་གྱིས་གནོན། །དེ་ལ་འདིར་འཇིགས་བྱེད་དུག་རི་ནག་པོ་སུམ་སྒྲིལ་གྱི་བསྙེན་སྒྲུབ་ཐེམ་པའི་སྔགས་པས། གཞན་དོན་སེམས་བསྐྱེད་ཀྱི་རྩིས་ཟིན་པའི་སྒོ་ནས་ལོ་ཏོག་ལ་སེར་བ་བསྲུང་བའི་རིམ་པ་ལ་གཉིས། གཏའ་བསྡམ་པ་དང༌། གདོང་ཟློག་བྱེད་པའི་གནད་བཤད་པའོ། །དང་པོ་ནི། འདི་ཉིད་ཀྱི་བཟློག་པ་སྤྱི་འབྱམས་སུ་བསྟན་པའི་འཁོར་ལོ་བྲི་ཚུལ། བླ་མ་དམ་པ་ཐུགས་མཆོག་རྡོ་རྗེས་ཟིན་ཐོ་ཙམ་མཛད་འདུག་པ་དེ་ཁ་ལ་གཞི་བཟུང་བའི་ཁྱད་པར་གྱི་ཁ་བསྒྱུར་ནི། ལྟེ་བ་ཡི་གེ་ཨྱཻ་རིང་གི་ཤམ་བུའི་གནོད་བྱེད་ཨ་མུ་ཀ་ཅེས་པ་ལ། སེར་བ་སེར་བདག་དང་བཅས་པ། མྱག་ཐུམ་རིལ། སོགས་སྤྱི་ལྟར་བྲི། དེའི་ཕྱིའི་མུ་ཁྱུད་ལ། ཨོཾ་ཨཱཿཨུཥྞི་ཥཿ བཛྲ་ཙཀྲ་ཝརྟི་སོགས་ནས་བི་ཙུརྞ་ཨོཾ་ཨཱཿཨུཥྟི་ཥ༔ ས་ཙ་བྷི་སྟོ་བཾ་ཤོ་དྷ་ཡ༔ མོ་ཧ་ཡ༔ སྟྭཾ་བྷ་ཡ་ཧཱུྃ་ཕཊ༔ ཅེས་བྲི། དེའི་ཕྱི་རྩིབས་བཅུ་ལ་ཁྲོ་བཅུའི་སྔགས་དེ་ཁ་ཇི་བཞིན་བྲི། རྩིབས་མཆན་གྱི་ནྲྀ་ཏྲི། ཞེས་པའི་དོད་དུ་སེར་བདག་ཨེ་ཧུར་ཐུམ་རྦད། སེར་བདག་ཅེས་བསྒྱུར། དེའི་ཕྱིའི་མུ་ཁྱུད་ལ། ཨོཾ་ཧྲིཥྚི་སོགས་ཀྱི་མཐའི། དགྲ་བགེགས་གནོད་བྱེད་ཅེས་པ་ལ་སེར་བ་སེར་བདག་དང་བཅས་པ་ཙིཏྟ་མཱ་ར་ཡ་ཕཊ༔


JLAZ008_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང༌། གང་དག་བདག་ལ་ཅེས་པའི་འདོད་གསོལ་བཞག་ལ། སྐྱིན་ཐང་མཱ་ར་ཡ་བྱེར་བྱེར་གཏོར་གཏོར་བཟློག་བཟློག་ཆུཾ་ཆུཾ་དྲིལ་དྲིལ་ཙཀྲ་ཝརྟི་སྐྱིན་ཐང་ལ་རྦད་རྦད་སེར་བ་ཆོད། སྤྲིན་ཧྲོལ་ཧྲོལ། སཱུརྱ་ཙཀྲ་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ་ཕཊ། ཅེས་པ་བྲིས། དེ་ཐམས་ཅད་ལ་ཨྱཻ་རིང་ལ་སེར་བའི་བཟློག་ཤམ་བཏགས་པའི་སྔགས་འོག་ཏུ་འབྱུང་མ་ཐག་པས་ངར་བཏགས་པའི་དུག་ཁྲག་གིས་བྱུག །སྲ་རྩིས་གནན། འཁོར་ལོ་དེ་འདྲ་གཏའ་ཇི་ཙམ་ཡོད་པའི་གྲངས་ལྡན་དུ་བསག །སེང་ལྡེང་ངམ། དྲག་པོའི་ཤིང་གི་ཕུར་པ་སོར་བཅུ་གཉིས་སམ། བརྒྱད་ཅི་རིགས་བཅུ་ཐམ་པའི་དཔལ་ལ། ཨོཾ་བཛྲ་དུན་ཏེ་མི་ལི་མི་ལི་ཕྱེད་ཤག་སྭཱ་ཧཱ། ཞེས་བྲིས་པར་དུག་ཁྲག་གིས་བྱུག །དྲག་སྔགས་བཟླས་པའི་ཐལ་ཆེན་དང་ཡུངས་ཀར་གྱི་ཐུམ་བུ་མགུལ་དུ་གདགས། དར་ནག་གི་ཅོད་པན་གསོལ། དེ་ཐམས་ཅད་ལ་གུ་གུལ་ལེགས་པར་བདུག །སུམ་སྒྲིལ་གྱི་དཀྱིལ་འཁོར་ཇི་བཞིན་པའམ་འབྲུ་ཚོམ་གྱི་སྟེང་དུ་འཁོར་ལོ་རྣམས་རང་ལ་ས་བོན་ཁ་ཕྱོགས་པར་བྱས་ལ་ཐམས་ཅད་གཅིག་ཏུ་བརྩེགས་ཀྱང་འཐུས། ཕྱི་མཐའ་རྣམས་སུ་ཕུར་པ་བཅུ་ཕྱོགས་མཚམས་སུ་གཞག །དེ་ནས་གཏའ་སྒྲུབ་དངོས་ནི། ལས་བྱང་རིམ་གཉིས་གསལ་སྒྲོན་གྱིས་ཁོག་ཐུབ་ནས་བཅས་རྣམས་མདུན་བསྐྱེད་ཀྱི་ཚུལ་དུ་བསྒོམ། ཨྱཻ་རིང་ལ་ཤམ་བུ་པི་ཙུར་ཎ༔ ཨོཾ་ཨཱཿཨུཥྞི་ཥ་བཛྲ་ཙཀྲ་ཝརྟི་བྷྲཱུྃ༔ སརྦ་ལོ་ཀི་སྭཱ་ཧཱ། ཞེས་སྲུང་བཟློག་སྦྲགས་པ་ཐུན་


JLAZ008_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སུམ་གཅིག་ཏུ་བཟླ། སྲུང་འཁོར་གྱི་དམིགས་གནད། སྣང་སྲིད་ཐམས་ཅད་འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་དུ་འདུས་པའི་སྲུང་འཁོར་ཀྱི་ཕྱི་རྩིབས་བསྣོལ་སྟབས་སུ་འཁོར་བ་གྲངས་མེད་དེ་ཉིད་གྱིས་ལོ་ཏོག་གནོད་པའི་འབྱུང་བོ་རྗེས་མེད་དུ་བཏང་ནས་ནམ་མཁའི་བཻཌཱུརྱ་ཞུན་མ་ལྟ་བུར་བསྒོམས་པ་ན་འདིས་ནམ་མཁའ་རྒྱས་འདེབས་ཀྱི་གོ་ཡང་ཆོད། ཐན་པ་ཆེ་ན་དེ་ལྟར་མི་བྱེད་དོ། །དེ་ནས་ཐུན་གྱི་སུམ་གཉིས་ལ་ཨྱཻ་ནས། བཟློག་སྔགས་བོ་འདི། བི་ཙུརྞ༔ ཨོཾ་ཨཱཿཨུཥྞི་ཥ་ས་ཙ་བྷི་སྟོ་བཾ་ཤོ་དྷ་ཡ༔ མོ་ཧ་ཡ༔ སྟྭཾ་བྷ་ཡ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་འོད་ཟེར་སྤྲོ་བསྡུས་མདུན་བསྐྱེད་ལ་གཟི་བྱིན་བསྐྱེད། ཐལ་ཆེན་དང༌། ཡུངས་ཀར། དུག་སྣ་ཚོགས་བསྲེས་པའི་ཐུན་རྫས་ལ་ཧུས་གདབ། ཐུན་མཐར་དེ་ལ་རྟེན་སྙིང་སྤྲེལ་བས་རབ་གནས་བྱ། འདི་ནས་བཟུང་སྟེ་ཇི་སྲིད་ཉེན་ལས་མ་གྲོལ་གྱི་བར་དུ་ཐུན་མཚམས་རྣམས་སུ་རྡོར་ལེགས་དང༌། བསྟན་མ་གཙོ་བོར་གྱུར་པའི་སྲུང་མ་དང་གཞི་བདག་ལ་གསོལ་མཆོད་རེམ། ཕྲིན་ལས་གསོལ་བ་ཡང་གལ་ཆེ་སྟེ། དེ་སྐད་དུ། སེར་བ་གང་སྲུང་ཡུལ་དེ་ཡི། །ལྷ་སྲིན་ཡུལ་ལྷ་ཐམས་ཅད་ལ། །མཆོད་གཏོར་ཕུད་རྒྱས་གསོལ་ཀ་བྱ། །ཞེས་གསུངས་པས་སོ། །དེ་ནས་གཏའ་བསྡམ་པ་དངོས་ལ་བབ་ཚེ་དོ་གལ་ཆེ་ན། དུག་ཤོག་ལ་སེར་གཏོང་གི་དྲེགས་པའི་ལིངྒ་མཚན་ཉིད་ཚང་བ་བྲིས། སྙིང་ཁར་ཏྲི། ལྐོག་མའི་འོག་


JLAZ008_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མགོ་བརྩམས་པའི་ཡིག་མགོ་ཕྱིར་བསྟན་གྱིས། ཨོཾ་རུ་ལུ་པྲ་མ་ནི་སེར་བ་གཏོར་བའི་འབྱུང་པོ་ཐམས་ཅད་ཁ་ཐཾ་མཱ་ར་ཡ་རྦད་ནན། ཞེས་པས་བསྐོར། དུག་ཁྲག་གིས་བྱུག །ལྷའི་ང་རྒྱལ་ལ་གནས་པས་གསེར་སྐྱེམས་དང་བདེན་བརྗོད་དྲག་པོས་དགུག་བསྟིམ་བྱས་མཐར། ཡ་མ་རཱ་ཛའི་ཤམ་བུར་སེར་གཏོང་དང་བཅས་པའི་སྲོག་ལ་མྱག་རྦད༔ སེར་བ་གཟིར་ནན༔ ཨེ་ཧུར་ཐུམ་ཏྲིག་ནན་རྦད་ཛཿཅེས་ཐུན་རྫས་ཀྱིས་བྲབ། རང་གི་སྲུང་ཁོངས་ཀྱིས་མཚམས་སམ། སེར་ལས། ཅི་རིགས་སུ་གནན་པར་བྱ། དུར་གཡམ་ལ་སྟོང་རྒྱའི་རི་མོ་བྲིས་པས་ཁ་བཀབ། སས་གཡོགས། མེ་རྒྱ་འདེབས། ཚྭ་ཚྭ་ནག་པོས་སྟེང་ནས་གནན། བསྐྱེད་རྫོགས་དང་མི་ལྡན་ན་ཕོག་ཐུག་ཆེ། གཏའ་རྣམས་བུད་མེད་དང་། གྲིབ་ཅན་སོགས་ཀྱིས་མ་རེག་ཅིང་མ་ཉམས་པ་བྱེད། ཐོའི་ནང་དུ་བཅུག་ལ་མངའ་གསོལ་རབ་གནས་བྱ། བསང་མཆོད་དང་གསེར་སྐྱེམས་ཕྱོགས་བཅུར་གཏོང་ཞིང་བགེགས་ལ་བཀའ་བསྒོ། གཉིས་པ་གདོང་བཟློག་ཏུ་བསྲུང་བ་ནི། སེར་སྤྲིན་སོགས་ལ་བརྟག་པ་སྔོན་དུ་འགྲོ་བས། སྤྲིན་མ་རུངས་པ་འདུས་མ་ཐག་ཏུ་འཇིགས་བྱེད་ནག་པོ་སུམ་སྒྲིལ་གྱི་བསྐྱེད་རིམ་གསལ། སྤྲིན་གཏོར་ནམ་མཁའ་རྒྱས་འདེབས་ཀྱི་དམིགས་གནད་སྔར་བཤད་པ་དེ་ཁོ་ན་ལ་གཞུར། ཐོག་མར་བདེན་ཚིག་འདི་བརྗོད། སངས་རྒྱས་ཀྱིས་ནི་བདུད་རྣམས་


JLAZ008_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ༔ ཆོས་མ་ཡིན་པ་ཆོས་ཀྱིས་སོ༔ དགེ་འདུན་གྱིས་ནི་མུ་སྟེགས་ཕམ༔ དབང་པོས་ལྷ་མིན་ཕམ་པར་འགྱུར༔ ལྷ་མིན་རྣམས་ཀྱིས་ཟླ་བ་ཕམ༔ ནམ་མཁའི་ལྡིང་གིས་རྒྱ་མཚོ་ཡི༔ ཀླུ་རྣམས་རབ་ཏུ་ཕམ་པར་འགྱུར༔ མེ་ཡིས་བུད་ཤིང་བསྲེག་པ་དང་༔ རླུང་གིས་སྤྲིན་རྣམས་གཏོར་བ་དང་༔ རྡོ་རྗེས་རིན་ཆེན་ཕུག་པ་དང་༔ ལྷ་རྣམས་བདེན་པར་རབ་ཏུ་གནས༔ བདེན་པ་འདི་དག་ཐམས་ཅད་ཀྱིས༔ དེང་འདིར་བདེན་པ་འགྲུབ་གྱུར་ཅིག༔ སེར་བའི་གནོད་པ་ཞི་གྱུར་ཅིག༔ ཅེས་བརྗོད་ལ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དུང་དུང་བ་བསྐྱེད། ལོ་ཏོག་སྐྱབས་འོག་ཏུ་འཛུད། དེ་ནས་བཤད་མ་ཐག་པའི་དམིགས་པ་རྩེ་གཅིག་པ་ལ་མ་ཡེངས་པས། ཨྱཻ་རིང་ལས་སྔགས་བཏགས་པ་ཁོ་ན་བཟླ། དེ་ནས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ནམ་མཁས་གར་ཁྱབ་སྐུས་ཁྱབ་ཅིང༌། ཡན་ལག་རགས་པ། ཕྱག་མཚན་རྣོ་བ། གོ་མཚམས་མེད་པའི་མེ་དཔུང་གི་དབུས་ན་བཞུགས་པའི་བ་སྤུའི་བུ་ག་ནས་ཀྱང་ཁྲོ་ཆུང་དང་མཚོན་ཆའི་ཆར་འབེབས་ཤིང་སེར་བདག་ཐམས་ཅད་རྩྭ་སྦུར་ལ་མེ་སྤར་བ་ལྟ་བུར་གཞོབ་ཐུལ་གྱིས་ཚིག་པར་བསམས་ལ་དྲག་སྔགས་དེ་ཉིད་བྲག་ཁ་ནས་ཆུ་འབབ་པ་བཞིན་དུ་ཐོ་རོ་རོ་བཟླ་ཞིང༌། སྡིགས་མཛུབ་དང་རལ་གྲི་སོགས་ཀྱིས་སེར་བ་འོང་ཕྱོགས་སུ་བསྡིགས་ལ་ཚམ་རྔམས་ཆེ་བར་བྱ་ཞིང་ཐུན་ཡང་གསོར།


JLAZ008_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ཆེར་བཅར་ན་ཐུན་ལ་ཧས་ངར་བཏགས་ལ་མཚོན་ཆ། མེ་དཔུང༌། དུག་རླངས། ཁྲོ་ཆུ་སོགས་བཟོད་པར་དཀའ་བའི་རང་བཞིན་དུ་བསྒོམས་ལ་སེར་ཕྱོགས་སུ་ཚམ་རྔམས་ཀྱིས་བརྡེག་ཅིང་སེར་བ་སེར་བདག་དང་བཅས་ལྕགས་བསྲེགས་དང་རྩྭ་སྦུར་ཐུག་པ་བཞིན་དུ་བརླག་ཅིང་ཚིག་པར་བསམ། གཞན་ཡང་ཐུན་ལ། སེར་རྡོག་བྲུལ་ལ་ཁད་པ་དང༌། རང་གི་འདོམས་འོག་གི་ས། ཡུགས་ས་མོའི་འཕོངས་ཤུལ་གྱི་ས་སོགས་བསྲེས་ནས་གཏོར་བ་ཡང་གནད། གཙོ་བོར་ནི་རྒྱུན་དུ་བསྐྱེད་རིམ་དང༌། བཟླས་པ་ཁོ་ན་ལ་འབད་པ་གལ་ཆེ། སྔགས་ཀྱི་ནུས་པ་འཕྲོག་པའི་རིགས་ལ་འཛེམ། གཞན་ཡང་གནམ་སའི་བརྟག་དཔྱད། རྒྱུ་དུས་དང༌། ཐེབས་བཟློག་རྟེན་འབྲེལ་གྱི་གནད་རྫ་བཟུར་ཐུ་བཟུར། རླུང་ཕྱོགས་སྤྲིན་ཕྱོགས། འགག་སོགས་ཅི་ལྟར་རིགས་པ་གཞན་ནས་བྱུང་བ་ཡང་བྱ། གནམ་ལྕགས་ཀྱི་འཇིགས་པ་ལ། མན་ངག་ཁྱད་པར་ཅན། སྐད་ཅིག་གིས་རང་གི་ཡུལ་ལྗོངས་དེ་གསེར་འཁོར་རྩིབས་སྟོང་དང་ལྡན་པའི་མདུན་ན་སའི་ལྷ་མོ་བརྟན་མ། རྩིབས་རྣམས་ལ་ས་བདག་ཀླུ་གཉན་དང་བཅས་པ་རང་ལ་གུས་འདུད་ཀྱིས་འཁོད་པར་བསམ། ལྟེ་བར་གསེར་རྡོར་རྩེ་ལྔ་གྱེན་དུ་སྒྲེང་བའི་ལྟོ་བའི་ནང་དུ་རང་དང་བསྲུང་བྱའི་ཚོགས་གསལ་བའི་སྤྱི་གཙུག་ཏུ་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་གསལ་ལ། སངས་རྒྱས་ཀླུ་དབང་གི་རྒྱལ་བོ་ལ་ཕྱག་འཚལ་ལོ། །ཞེས་ལན་མང་དུ་བརྗོད་ཅིང་


JLAZ008_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་འཇོག །སྤྱིར་བསྐྱེད་རྫོགས་ཀྱི་དམ་ཚིག་གཙང་མར་མི་བསྲུང་བས་སྔགས་དྲག་ལ་མང་བ་མངོན་པའི་ང་རྒྱལ་གྱིས་བགྲངས་ཀྱང་ནུས་པ་བུལ་བར་འགྱུར་ན་མན་ངག་དང་ཡི་དམ་ལ་ཐེ་ཚོམ་ནི་མི་རིགས་སོ། །ལས་གྲུབ་ནས་ཀྱང་ཐོ་འགྲོལ་གཏང་རག །མནན་པ་འདོན་པ་སོགས་ཀྱང་ངེས་པར་བྱ་དགོས། འཁོར་ལོ་དང་ཕུར་པ་རྣམས་ཀྱང་འགོམ་ཡུག་མི་འགྲོ་སར་བཀུར་སྟི་དང་བཅས་འཇོག་དགོས་ཏེ་རབ་གནས་གྲུབ་པའི་ལྷ་དང་ཁྱད་མེད་པའི་ཕྱིར་རོ། །ལོ་ལེགས་པདྨ་གཞོན་ནུའི་ཚལ། །གནོད་བྱེད་སེར་བ་འཇོམས་པའི་ཐབས། །ཤུགས་སྒྲོལ་གཞད་པའི་ཧཱུྃ་གླུ་འདི། །མཁྱེན་བརྩེའི་གཞན་ཕན་མན་ངག་གོ། །ཅེས་པའང་འཇམ་དཔལ་ཁྲོ་བོའི་སྔགས་འཆང་ཝ་གིནྡྲས་འབད་པ་ཆེན་པོས་གཉེར་བ་ལས། སྙིང་པོར་དྲིལ་ཏེ་སྨྲས་པ་སྟེ་འདི་ཡང་སེམས་ཅན་ཕན་རྒྱ་ཆེར་ཐོགས་པར་གྱུར་ཅིག །ཚྭ་ཚྭ་ལ་ཨོཾ་ཤཱཀྱ་མུ་ནེ་རཱ་ཛ་ལ་ཡ། ཀྵིཾ་ཀྵིཾ་ཨ་སི་མུ་ས་ལ་ཡ། ཙནྡྷ་ཀ་རུ་སུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་བྲིས་ནས་མགོ་མཇུག་མ་ལོག་པར་དྲིལ་ལ་གཟུངས་སུ་འཇུག །རང་སྔགས་སྟོང་རྩའི་མཐའ་བརྟེན་གྱིས་རབ་གནས་བྱ། ཐུན་ཡང་བླུག །ཞབས་བསྡམས་ཐོ་དཀྱིལ་དུ་གཞུག་པ་ཡང་ཟབ་པའི་མན་ངག་གོ། །


previousགཤིན་རྗེ་ནག་པོ་སུམ་སྒྲིལ་གྱི་སྒོ་ནས་ལོ་དགྲ་སེར་བའི་གནོད་པ་བསྲུང་ཐབས་སྤྲུལ་སྐུའི་འཁོར་ལོ་ཞེས་གྲགས་པ།next