Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  expand section
   
   
  expand section
   
   
   
   
   
  expand section
   
རྡོ་རྗེ་ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ལས་མཐའ་ལས་བྱུང་བའི་དམེ་བརྩེགས་ཀྱི་བྱབ་ཁྲུས་རྒྱུད་དོན་རྣམ་དག།
   
   
  expand section
   
   
   
   
   
  expand section
   
   
   
   
  expand section


 
previousརྡོ་རྗེ་ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ལས་མཐའ་ལས་བྱུང་བའི་དམེ་བརྩེགས་ཀྱི་བྱབ་ཁྲུས་རྒྱུད་དོན་རྣམ་དག།next

རྡོ་རྗེ་ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ལས་མཐའ་ལས་བྱུང་བའི་དམེ་བརྩེགས་ཀྱི་བྱབ་ཁྲུས་རྒྱུད་དོན་རྣམ་དག།


JLAZ008_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ལས་མཐའ་ལས་བྱུང་བའི་དམེ་བརྩེགས་ཀྱི་བྱབ་ཁྲུས་རྒྱུད་དོན་རྣམ་དག་ཅེས་བྱ་བ་བཞུགས། །


JLAZ008_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ལ་ཤེས་བྱའི་སྒྲིབ་པ་མི་མངའ་བས། །མཆོག་གི་ཡེ་ཤེས་དགོངས་པར་འཕོ་འགྱུར་མེད། །རྡོ་རྗེ་བརྟུལ་ཞུགས་གྲུབ་པའི་རིག་པ་འཛིན། །རྗེ་བཙུན་ཧཱུྃ་ཆེན་འགྲོ་འདུལ་སྤྱི་བོས་མཆོད། །ལྕགས་ཀྱིས་ལྕགས་ཁམས་རྡུལ་ཕྲན་བྱེད་པ་དང༌། །དུག་གིས་དུག་ནུས་བརླག་པར་བྱེད་པ་བཞིན། །དམེ་བ་བརྩེགས་པས་དམེ་བའི་དྲི་མ་འཁྲུད། །དེ་ཕྱིར་ཁྲུས་ཆོག་ཟབ་མོའི་ཁྲིགས་སུ་སྡེབ། །དེ་ལ་འདིར་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་རིག་འཛིན་ཆེན་པོ་ཧཱུྃ་ཆེན་ཀཱ་རས་སྟག་ཚང་གཉིས་པ་ནས་ཀློང་དགུའི་བརྡ་ཤོག་སྤྱན་འདྲེན་པར་མཛད་པའི་གཏེར་ཆོས་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ལས་མཐའ་ལས་བྱུང་བའི་དམེ་བརྩེགས་ཀྱི་ཁྲུས་ཆོག་ཆུ་བབས་སུ་


JLAZ008_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲལ་བ་ལས། སྦྱོར་བ་དངོས་གཞི། རྗེས་སོ། །དང་པོ་ལ་གཉིས་ཤོམ་འགོད་འདུ་བྱ་བ་དང༌། བདག་མདུན་གྱི་རྣལ་འབྱོར་རོ། །དང་པོ་ནི། ཇི་ལྟར་རིགས་པའི་སྟེགས་བུ་ཁེབས་ལྡན་འབྲུ་ཚོམ་དང་ལྡན་པའི་དབུས་སུ། བུམ་པ་མགུལ་ཆིངས་མཐིང་ག་སྲོག་ཆགས་མེད་པའི་རྒྱུན་འབབས་ཀྱིས་ཆུས་གཟུགས་སྐུ་གཉིས་ཀྱི་ཆ་ཁེངས་པར་དམ་རྫས་ཨ་མྲྀ་ཏ་སེལ་མེད་བཅུད་དུ་སྦྲམས་ལ། དེའི་མདུན་དུ་ཉེར་སྤྱོད་ལྔ་ཡང་བཤམ། ཅི་བདེ་བར་བསྒྲུབ་བྱའི་གླུད་སྐྱེ་མཆེད་ཤིན་ཏུ་དོད་པར་བཟོས་པའི་མཐའ་བསྐོར་དུ་གླུད་རྫས་ཇི་ལྟར་འབྱོར་པ་དང༌། ཁྱད་པར་དུ་གཏོར་ཡས་ཀྱི་རིགས་ཐམས་ཅད་ལ་གསོག་ཐོག་ནས་གྱེར་དང༌། གྱེར་ཐོག་ནས་གསོག་ཐོན་པ་ཞེས་པ་འོག་ནས་


JLAZ008_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་གྱེར་གཞུང་གིས་རྩིས་མགོ་བསྡུས་ཏེ། ཐམས་ཅད་ཚོགས་པར་བྱ། ཀུ་ཤུ་དང་རྨ་བྱའི་མདོགས་ཀྱི་བྱ་བ་རྫས་ཀྱང་བསག་གོ། །ཞགཉིས་པ་ལ་གཉིས་ལས་དང་པོ་བདག་བསྐྱེད་ནི། རང་རིག་ཀུན་བཟང་རང་ངོ་མ་འཕྲོད་པར། །རྩ་གསུམ་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་མི་གཙང་དྲི་མའི་ཚོགས། །དག་བྱེད་ཁྲོ་རྒྱལ་དམེ་བརྩེགས་བསྒོམ་པར་བྱ། །ལན་གསུམ་གྱིས་སྐྱབས་སེམས་སྔོན་དུ་གྲུབ་རྗེས་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཀ་དག་གི་གསལ་ཆ་ལྟར་ལྡང་བ་ནི། སྐད་ཅིག་རིག་པ་ཧཱུྃ་གི་འཕྲོ་འདུ་ལས༔ དམེ་བརྩེགས་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་རྒོད་གཤེ་རྔམས༔ གཡས་གསུམ་རྡོ་རྗེ་རྩེ་དགུ་རལ་གྲི་ཞགས༔ གཡོན་གསུམ་དགྲ་སྟྭ་ཏྲི་ཤུལ་གུནྡྷེ་བསྣམས༔ ཞབས་གཉིས་གཡས་བརྐྱང་ཉི་མའི་ལྟེ་བར་གནས༔ གཡོན་བསྐུམས་ཟླ་བའི་སྟེང་ན་འགྱིང་ཞིང་བརྗིད༔ དུར་ཁྲོད་དཔལ་ཆས་ཡོངས་རྫོགས་མེ་དཔུང་འཚུབས༔ ཐུགས་ཀ་ཧཱུྃ་མཐིང་རཾ་གྱིས་ཚྭ་ཚྭ་ཅན༔ དེ་མཐར་སྔགས་ཕྲེང་ལས་འཕྲོས་མེ་ཟེར་གྱིས༔ བྱང་གྲིབ་དམེ་གྲིབ་རྩ་རླུང་ཉམས་པའི་གྲིབ༔ བསྲེག་སྦྱངས་བ་སྤུའི་བུ་གར་ཁྲོ་ཆུང་དང་༔ རྡོ་རྗེའི་ཚྭ་ཚྭ་མེ་དཔུང་སྟོང་གསུམ་འཁྱིལ༔ ཨོཾ་བཛྲ་བྷུར་ཁུང་མ་ཧཱ་པྲ་མ་ན་ཡེ་བྷུར་ཙི་བྷུར་ཁི་བྷི་མ་ལེ་ཨུ་ཙུསྨ་ཀྲོ་ཏ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔


JLAZ008_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གཏེར་ཆེན་ཉིད་ཀྱིས་མཛད་པའི་དམིགས་གནད་ཟུར་གསལ་གྱི་དགོངས་པས་བཟླས་པ་ཅི་ནུས་སུ་བྱ་བ་ནི་བདག་ཉིད་ནུས་ལྡན་དུ་བྱ་བ་ཡིན་ནོ། །གཉིས་པ་མདུན་བསྐྱེད་བསྒྲུབ་པ་ནི། གདོད་མའི་སྟོང་ཆེན་གྱི་དོན་དྲན་པས། ཨོཾ་སྭ་བྷཱ་ཝ་སོགས་དང༌། སྟོང་པའི་ངང་ལས་རིན་ཆེན་བུམ་པའི་ནང་༔ རྒྱུ་ཡི་རིག་པ་ཧཱུྃ་གི་འཕྲོ་འདུ་ལས༔ དམེ་བརྩེགས་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་རྒོད་གཤེ་རྔམས༔ ཞེས་པ་ནས། རྡོ་རྗེའི་ཚྭ་ཚྭ་མེ་དཔུང་སྟོང་གསུམ་འཁྱིལ༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་བསྟིམ༔ བཛྲ་ས་མ་ཡ་ཛཿཛཿཧཱུྃ་བོ་ཧོཿ གཉིས་སུ་མེད་པར་གྱུར། ཐུགས་ཀ་ནས་འདོད་ཡོན་གྱིས་ལྷ་མོ་བསམ་གྱིས་མི་ཁྱབ་པ་སྤྲོ་ཞིང༌། ཨོཾ་ཨཱཿཧཱུྃཿ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ ཐུགས་དམ་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨུ་ཙུསྨ་ཀྲོ་ཏ་རཱ་ཛ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས་དང༌། སརྦ་པཉྩ་རཀྟ་བ་ལིངྟ་མ་ཧཱ་སུ་ཁ་པཱུ་ཙ་ཧོཿ ཞེས་མཆོད། བསྟོད་པ་ནི། ཧཱུྃ། སྔོན་ཚེ་སྤྱི་དཔལ་ཆེན་པོ་ཡིས། །དུག་གསུམ་རཱུ་ཏྲ་བསྒྲལ་བའི་ཚེ། །སྣམ་ནས་བྱུང་བའི་ཧེ་རུ་ཀ༔ མཐུ་སྟོབས་དཔལ་ལྡན་ཁྱོད་ལ་


JLAZ008_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །ཛཔ྄་དམིགས་ནི། བདག་ཉིད་ཁྲོ་རྒྱལ་དུ་གསལ་བའི་ཐུགས་སྲོག་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་བརྒྱུད་བསྐུལ། སྲོག་ཡིག་སྔགས་ཕྲེང་དང་བཅས་གསལ་བརྟན་གྱི་གཟི་བྱིན་འབར། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཁྱབ་ཅིང་ཐུགས་བརྒྱུད་བསྐུལ་བཔས་དུས་གསུམ་བདེ་གཤེགས་ཞི་ཁྲོ་ཐམས་ཅད་ནམ་མཁའ་བར་སྣང་ཁེངས་པར་བྱོན། བུམ་ལྷ་སྔགས་ཕྲེང་དང་བཅས་པར་ཐིམ་པས་མཐུ་ནུས་གཟི་བྱིན་ཐམས་ཅད་མཆོག་ཏུ་འབར། སྔགས་ཕྲེང་ལས་བྱུང་བའི་འོད་ཟེར་མེ་སྟག་འཕྲོ་བ་ལྟ་བུས་སྣོད་བཅུད་ཀྱི་གྲིབ་གདོན་བྱད་ཕུར། སྡིག་སྒྲིབ་ཐམས་ཅད་དམིགས་མེད་དུ་བསྲེགས་ཏེ་སྲིད་རྩེ་ནས་མནར་མེད་ཡན་ཆད་མེ་དཔུང་གཅིག་ཏུ་འཁྱིལ་པར་དམིགས་ལ། ཨོཾ་བཛྲ་བྷུར་ཁུང་ཅི་ནུས་བཟླ། ཐུན་མཐར་འོད་ཟེར་མེ་དཔུང་དང་བཅས་པ་ཚུར་བསྡུས་ནས་བུམ་ནང་དུ་བདུད་རྩིའི་རང་བཞིན་དུ་འཁྱིལ་པར་དམིགས་ནས། ཧཱུྃ་ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །སོགས་ཀྱིས་མཆོད་བསྟོད་ནོངས་བཤགས་གྲུབ་རྗེས་འདོད་པའི་དོན་ལ་གསོལ་བ་གདབ་པ་ནི། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ མི་མཐུན་བྱང་ཞིང་དག་པར་མཛོད༔ བུམ་ལྷ་བདེ་སྟོང་ཆེན་


JLAZ008_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་བརྗོད་ཅིང་བསམ་མོ། །གཉིས་པ་དངོས་གཞི་བྱབ་ཁྲུས་བྱ་བ་ནི། བསྒྲུབ་བྱ་མདུན་དུ་འཁོད་ལ། འོ། དེ་ཡང་རང་ཅག་རྣམས་སྔོན་གྱི་ཚོགས་གཉིས་ཟབ་མོའི་འཕེན་པ་ལ་བརྟེན་ནས། དགེ་བཅུ་སྒྲུབ་པའི་རྟེན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་ཀྱང༌། ཐོག་མ་མེད་པ་ནས་གོམས་ཤུགས་བརྟས་པའི་གཉིས་འཛིན་གྱི་རྟོག་པ་མ་དག་པས། སྣང་བ་དགྲར་ལངས་ཀྱི་ཆོ་འཕྲུལ་ལ་བརྟེན་ནས། བྱད་གདོན་སྲི་ཀེག་མེ་ཡུགས། གྲིབ་རིགས་མི་གཙང་བའི་ནུས་པས། ཉེར་ལེན་གྱི་ཕུང་པོ་དང་བསྡོངས་ནས། དགེ་ལེགས་ཀྱི་མྱུ་གུ་སད་ཀྱིས་འཁྱེར་བར་བྱེད་པའི་ཚེ། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་རྨད་དུ་བྱུང་བ་རྣམས་ཀྱིས་དེ་དག་སེལ་བའི་ཐབས་དང་རྟེན་འབྲེལ་ཟབ་པ་དང་རྒྱ་ཆེ་བ་ཇི་སྙེད་ཅིག་གསུངས་མོད་ཀྱི། དེ་དག་ལ་ཁྱད་པར་དུ་གྱུར་པ་ནི། ཇི་སྐད་དུ། ཧེ་བཛྲ་ལས། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆིང་བར་བྱེད། །དུག་གི་དེ་ཉིད་ཤེས་པ་ཡིས། །དུག་གིས་དུག་ནི་འབིགས་པར་བྱེད། །ཅེས་གསུངས་པ་ལྟར་མི་གཙང་བའི་དྲི་མ་འཁྲུད་པ་ལ་ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་པ་ལས་ཁྱད་པར་དུ་གྱུར་པ་གཞན་མེད་ལ། དེའི་རྒྱུ་མཚན་ནི། བསྐྱེད་པ་མ་ཧཱ་ཡོ་གའི་སྤྱི་རྒྱུད་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ནས་རཱུ་ཏྲ་བཏུལ་


JLAZ008_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཁྲོ་བོའི་དཀྱིལ་འཁོར་སྟོན་པའི་སྐབས་ནས། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་སྣམ་ནས་བཏོན་ཏེ། མི་གཙང་བའི་འདམ་གྱི་རྒྱ་མཚོར་ཆུད་པ་ལས་སྣམ་ནས་ཨུ་ཙུསྨ་ཀྲོ་ཏ་ཕྱུང་ནས་འདམ་ཀུན་འཐུངས་ཏེ། ཞེས་འོག་སྒོ་ནས་ཁྲོ་བོ་དམེ་བརྩེགས་ཕྱུང་ནས། མི་གཙང་བའི་འདམ་ཀུན་ཁྲོ་བོ་དེས་འཐུངས་པར་བཤད་ལ། བྱེ་བྲག་ཏུ་གཏེར་ཁ་འདི་ཉིད་ཀྱི་ལོ་རྒྱུས་ཐུན་མོང་མ་ཡིན་པར། སྔོན་ཚེ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ ལྟ་ལོག་རཱུ་ཏྲ་བསྒྲལ་ཕྱིར་གནས་སུ་བྱོན༔ རཱུ་ཏྲར་བརྫུས་ཏེ་ཀྲོ་ཏི་ཤྭ་རཱིར་སྦྱོར༔ སྲས་མཆོག་ཁྲོ་རྒྱལ་དམེ་བ་བརྩེགས་པ་འཁྲུངས༔ དེ་ཡང་རྡོ་རྗེ་གཞོན་ནུ་ཇི་ལྟ་བ༔ ཞལ་གསུམ་ཕྱག་དྲུག་ཁྲོ་ཚུལ་འཇིགས་རུང་གིས༔ རཱུ་ཏྲ་འཁོར་བཅས་སྐྲག་ཅིང་བརྒྱལ་བར་གྱུར༔ ཐར་པ་ནག་པོ་བསྒྲལ་ཞིང་འཁོར་བཅས་བཏུལ༔ བུ་ཡིས་ཕ་བསད་དམེ་བ་བརྩེགས་པ་ཞེས༔ ཐུགས་རྗེ་ཆེན་པོའི་སྐུ་མཆོག་ཡེ་ཤེས་ཆེ༔ རྟེན་འབྲེལ་རོལ་པ་རྒྱན་གྱི་འཁོར་ལོ་ལས༔ དྲི་མས་དྲི་མ་འཁྲུད་པ་ཇི་བཞིན་དུ༔ མ་འོངས་མི་གཙང་གྲིབ་འཇོམས་ལྷ་རུ་གྱུར༔ སྤྱིར་ནི་སྡིག་སྒྲིབ་ཉམས་གྲིབ་ཡུགས་གྲིབ་དང་༔ བག་གྲིབ་མཛེ་གྲིབ་ཤན་པ་སྡིག་ཅན་གྲིབ༔ ཕ་སྤུན་ནང་འཁྲུགས་ཕལ་པའི་དམེ་གྲིབ་དང་༔ ཆོས་པ་སྤྱི་འཁྲུགས་ཁྱད་པར་གསང་སྔགས་ཀྱི༔ དཀྱིལ་འཁོར་གཅིག་འདུས་མཆེད་ལྕམ་འཁྲུགས་པ་ནི༔ རྡོ་རྗེ་དམེ་གྲིབ་ཉམས་པ་


JLAZ008_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྟེ༔ གང་དང་འབྲེལ་ཀྱང་འདི་ཕྱི་གཉིས་ཀ་ཕུང་༔ དེ་ཕྱིར་དམེ་བ་བརྩེགས་པའི་སྒྲུབ་ཐབས་ཤེས༔ ཅེས་པ་དང༌། ཨེ་མ་ཟབ་པའི་མཐར་ཐུག་པ༔ དམེ་བརྩེགས་སྒྲུབ་ཐབས་བྱ་བ་ཆོག་བཅས༔ བདག་འདྲ་རིག་འཛིན་པདྨ་ཡིས༔ ཐེག་ཆེན་དགོངས་འདུས་རྒྱུད་ནས་བསྡུས༔ མ་འོངས་སྙིག་མ་ལྔ་བདོའི་དུས༔ ཕ་བུ་འཁོན་ཞིང་ཡུལ་མི་འཁྲུག༔ གསང་སྔགས་ནང་དམེ་སྤྱོད་པའི་ཚེ༔ སེམས་བསྐྱེད་ལྡན་པའི་སྐྱེས་བུ་ཡིས༔ འདི་ལྟར་ཡུལ་གྱི་ཆུ་འགོ་དང་༔ ཆུ་ཆེན་ཆུ་བྲན་ལུ་མ་སོགས༔ སྐྱེ་འགྲོ་སྤྱོད་པའི་ཡུལ་ལ་བསྒྲུབ༔ ལྷ་རྟེན་གཙུག་ལག་ཀུན་ལ་གཏོར༔ མི་འཁོན་ལྷ་ལ་འཕོག་པ་དང་༔ ལྷ་འཁོན་མི་ལ་འཕོག་པའི་གྲིབ༔ ནད་རིམས་བཙའ་ཐན་སད་སེར་ཞི༔ གཙུག་ལག་འདུས་སྡེ་རྒྱས་པ་དང་༔ སྒོམ་ཆེན་ཏིང་འཛིན་འཕེལ་བར་འགྱུར༔ ཅེས་དང༌། འཇའ་ཚོན་མ་ནིང་གི་དམེ་བརྩེགས་ལས་མཐའ་ལས། དེ་ལྟར་ཡང་གནས་ཁང་གྲིབ་ཅན་དང་༔ གོས་བཙོག་དང་༔ མི་གྲིབ་ཆེན་དང་འགྲོགས་དགོས་པ་བྱུང་ན་ཡང་༔ སྔགས་ལན་བདུན་བཏབ་པས་ཆོག་གོ༔ གཞན་ཡང་ཟས་གྲིབ༔ ཁ་རླངས་རོ་གྲིབ་ལ་སོགས་མི་གཙང་བའི་རིགས་ཐམས་ཅད་ལ་སྔགས་ཆུ་སླེབས་པས་ཆོག་གོ༔ ཡིག་བརྒྱ་དང་རྣམ་འཇོམས་སོགས་ཀྱིས་མ་དག་པ་བྱུང་ན༔ འདི་ཁོ་ན་མཆོག་ཏུ་འགྱུར་རོ༔ དེ་ཅི་ཡིན་ན༔


JLAZ008_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མས་དྲི་མ་བཀྲུ་བ་དང་༔ དུག་གིས་དུག་ནད་སེལ་བ་ལྟ་བུའོ༔ ཞེས་རྒྱུད་དང་མན་ངག་མང་པོ་ནས་བསྔགས་པ་ཆེན་པོར་མཛད་པའི་ཁྲུས་ཆོག་ཟབ་མོ་ལས། ད་ལམ་སྐབས་སུ་བབས་པ་ནི། ཇི་སྐད་དུ། ཨོ་རྒྱན་ཆེན་པོས། ནམ་མཁའི་སྙིང་པོ་ཤཱཀྱ་པྲ་བྷ་ཡི༔ ཟུང་གིས་སྤྲུལ་པའི་འོད་ཟེར་སྒྱུ་མའི་འཕྲུལ༔ རྡོ་རྗེའི་མིང་འཛིན་འཇིགས་མེད་གོ་ཆ་ཅན༔ ཞེས་དང༌། པདྨས་བྱིན་བརླབས་འཚོ་རྒྱལ་སྙིང་གི་བུ༔ ཐུགས་མཆོག་རྡོ་རྗེ་རྩལ་དང་ཕྲད་ནས་ཀྱང་༔ སྙིགས་མའི་འགྲོ་བ་སྐྱོབས་པའི་དཔལ་དུ་ཤོག༔ ཅེས་རྡོ་རྗེའི་གསུང་གིས་བསྔགས་པ་བཞིན་རྩོད་མེད་ཀྱི་གཏེར་སྟོན་ཆེན་པོ་ཐུགས་མཆོག་རྡོ་རྗེས་ལངྐ་བརྩེགས་པའི་དུར་ཁྲོད་དུ་གྲགས་པ་སྟག་ཚང་གསང་བའི་ཕུག་ནས་སྤྱན་འདྲེན་པར་མཛད་པའི་རྡོ་རྗེ་ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ཆོས་སྡེ་ལས་བྱུང་བའི་དམེ་བརྩེགས་ཀྱི་སྒོ་ནས་ཁྲུས་ཆོག་བྱ་བ་ཡིན་པས། བདག་རྡོ་རྗེ་སློབ་དཔོན་ཡང་ཐ་མལ་དུ་འདུ་མི་ཤེས་པར། ཁྲོ་རྒྱལ་དམེ་བ་བརྩེགས་པའི་གཟི་བྱིན་བཟོད་པ་དཀའ་བའི་རང་བཞིན་དུ་བསྒོམ་ནས། གྲིབ་གདོན་ཞི་བའི་གསོལ་བ་རྩེ་གཅིག་ཏུ་འདེབས་པར་ཞུ། ཞེས་བརྡ་སྦྱར་ལ། ཧཱུྃ་བཞི་བརྒྱ་རྩ་བཞིའི་ནད་རྣམས་དང་༔ འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས༔ མི་


JLAZ008_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་བྱང་ཞིང་དག་གྱུར་ཅིག༔ ཅེས་དམིགས་གནད་དང་ལྡན་པས་རྩ་སྔགས་གང་མང་བཟླ་བ་དང་མཉམ་དུ་ཁྲུས་བྱ་ཞིང༌། ཁུ་བ་གླུད་ནང་དུ་བླུག །དེ་དག་ཀུ་ཤུ་དང་རྨ་བྱའི་མདོངས་ཐོགས་ལ་བྱ་བ་ཚུལ་གྱིས་དྲི་མ་གླུད་ལ་བསྟིམ་པའི་སྟངས་ཀ་དང་བཅས། འོ་དེ་ལྟར་ནང་ཡེ་ཤེས་ལྷའི་བདུད་རྩིས་བཀྲུས་ཤིང་དག་པར་བྱས་ནས། ཕྱི་རྟེན་འབྲེལ་རྫས་ཀྱི་ཕྱག་རྒྱས་བྱ་བ་པ་ཙམ་གྱིས་ཚེ་རབས་ཐོག་མེད་ཀྱི་ནད་གདོན་སྡིག་སྒྲིབ་ཉམས་ཆག་རྟོགས་སྒྲིབ་རྐྱེན་ངན་བར་གཅོད་མི་མཐུན་པའི་ཚོགས་ཉི་ཟླ་སྒྲ་གཅན་གྱིས་བཏང་བ་བཞིན་དུ་སྐྱ་སངས་སངས་དག་ནས་གྲིབ་གདོན་མི་ཤེས་པ་ཐམས་ཅད་གླུད་ལ་ཐིམ་སྟེ་རང་ལུས་ཤེལ་གོང་ལྟ་བུར་གྱུར་པའི་མོས་པ་གནང་བ་ཞུ། ཧཱུྃ། ཁྲོ་རྒྱལ་དམེ་བ་བརྩེགས་པ་ཡི༔ ཐུགས་རྗེའི་འོད་ཟེར་རྩལ་ཤུགས་ཀྱིས༔ ཁྱོད་ཀྱི་ནད་དང་གདོན་གྱི་རིགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཐོག་མེད་དུས་ཀྱི་ཉམས་ཆག་དང་༔ རྟོག་གྲིབ་འཁོན་དང་མི་གཙང་གྲིབ༔ རྐྱེན་ངན་བར་གཅོད་མི་མཐུན་ཚོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ མི་དགེ་བཅུ་དང་མཚམས་མེད་ལྔ༔ ལྕི་བ་བཞི་དང་ལོག་པ་བརྒྱད༔ ཁ་ན་མ་ཐོ་སྡིག་པའི་ལས༔ ངན་སོང་འཁོར་བའི་རྒྱུ་ཐམས་ཅད༔ ཡོངས་སུ་བྱང་ཞིང་དག་གྱུར་ཅིག༔ ལས་ཀྱི་གྲིབ་དང་ཉོན་མོངས་གྲིབ༔ བག་ལ་ཉལ་


JLAZ008_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་བྱའི་གྲིབ༔ ལྟ་བ་དམན་དང་ཆོས་སྤོང་གྲིབ༔ མཐོ་རིས་ཐར་པའི་གེགས་གྱུར་རྣམས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ མནའ་ཐོ་ཁྲེལ་དང་ངོ་ཚ་ཉམས༔ སོ་ཐར་རིགས་བདུན་སྡོམ་ཉམས་དང་༔ བྱང་སེམས་བསླབ་བྱ་སེམས་བསྐྱེད་ཉམས༔ གསང་སྔགས་སྐུ་གསུང་ཐུགས་དང་ཉམས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ བླ་མ་དཀོན་མཆོག་གསུམ་གྱི་དཀོར༔ སྐུ་གླུད་འབགས་དང་ལོག་པར་བལྟས༔ དམ་རྫས་བསྟན་དང་ཉམས་ཆག་རིགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ སྣང་བ་ཨ་འཐས་ཕྱི་ཡི་གྲིབ༔ དུག་ལྔ་འདོད་ཞེན་ནང་གི་གྲིབ༔ ཚོགས་དྲུག་བསླུ་བྲིད་བར་གྱི་གྲིབ༔ མ་རིག་གཟུང་འཛིན་གསང་བའི་གྲིབ༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཁ་འཁྱལ་བབ་ཆོལ་ཁྲོམ་གྱི་གྲིབ༔ ཐོ་ཅོ་རྩིང་སྤྱོད་བག་མེད་གྲིབ༔ འདོད་བློ་རྔམས་པ་སེམས་ཀྱི་གྲིབ༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ བདག་བསྟོད་གཞན་སྨོད་ང་རྒྱལ་གྲིབ༔ ཞེ་འདོད་གཞན་བསླུ་གཡོ་སྒྱུའི་གྲིབ༔ མ་རྟོགས་ཤེས་བརྫུ་རྫུན་གྱི་གྲིབ༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ དམ་བཅའ་རེ་ལྟོས་བཅིངས་པའི་གྲིབ༔ ཁ་ལྟ་སྟོང་སྐམ་ལྟ་བའི་འགྲིབ༔ ལེ་ལོ་ཕྱི་བཤོལ་ལམ་གྱི་གྲིབ༔ མ་རྟོགས་ལོག་རྟོགས་འབྲས་བུའི་གྲིབ༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཁ་འཛིན་ཆོས་སྤོང་གྲུབ་མཐའི་གྲིབ༔ ཐེ་ཚོམ་སོམ་ཉི་


JLAZ008_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གྱི་གྲིབ༔ བྱིང་རྨུགས་འཐེབས་གསུམ་རྩ་རླུང་གྲིབ༔ རེ་དོགས་ཐམས་ཅད་བྱང་གྱུར་ཅིག༔ བླ་མ་དཀོན་མཆོག་གསུམ་ལ་འཁོན༔ གཟུངས་མ་མཆེད་དང་ལྕམ་དྲལ་འཁོན༔ ཆོས་མཛད་སྤྱི་དང་འཁོན་པའི་གྲིབ༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ དཔོན་པོ་གྲོགས་དང་ཕ་མ་གཉེན༔ ལྷ་འཁོན་མི་འཁོན་ལ་སོགས་པ༔ རྩིང་སྤྱོད་བག་མེད་འཁོན་གྲིབ་རྣམས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ མཛེ་ཡུགས་དམེ་ཤན་ནལ་བཙོག་དང་༔ མནོལ་བཙོག་ཟས་གོས་གནས་སྟན་གྲིབ༔ རོ་གྲིབ་བག་གྲིབ་ལ་སོགས་པ༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ལྷ་ནད་སྨྱོ་དང་བདུད་ནད་འཐིབས༔ རྒྱལ་ནད་སྨྱོ་འབོགས་གཟའ་ནད་ལྐུགས༔ བཙན་ནད་གཟེར་འཐབས་མ་མོའི་ཡམས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཀླུ་ནད་མཛེ་དང་དམུ་ནད་རྨུགས༔ གཤིན་རྗེའི་ཁྲམ་ཁ་སྡེ་བརྒྱད་བྱད༔ རྦོད་གཏོང་རྦད་འདྲེའི་གདོན་གྲིབ་རྣམས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ རྒྱལ་ནད་མིག་སེར་བལ་ནད་འབྲུམ་པ་དང་༔ རླུང་མཁྲིས་བད་ཀན་འདུས་པའི་ནད༔ བཞི་བརྒྱ་རྩ་བཞིའི་ནད་རིགས་རྣམས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ལྷ་ཀླུ་བདུད་བཙན་གཟའ་རྒྱལ་པོ༔ དམུ་གཉན་ཐེའུ་རང་མ་མོ་དང་༔ གཤིན་རྗེ་གནོད་སྦྱིན་ཕྱོགས་སྐྱོང་བཅུ༔ གདོན་རིགས་


JLAZ008_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྱང་གྱུར་ཅིག༔ བགེགས་རྒྱལ་བི་ན་ཡ་ཀ་སོགས༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་དང་༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་རྣམས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ བྱིས་པའི་གདོན་ཆེན་བཅོ་ལྔ་དང་༔ གཙོ་བོའི་གདོན་ཆེན་བཅོ་བརྒྱད་དང་༔ ཕལ་པ་བཅུ་བཞི་ལ་སོགས་པ༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་དང་༔ ཡེ་འདྲེག་སུམ་བརྒྱ་དྲུག་ཅུ་དང་༔ གློ་བུར་བརྒྱད་ཅུ་རྩ་གཅིག་སོགས༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ དུས་མིན་འཆི་བ་བཅོ་བརྒྱད་དང་༔ ཆག་ཆེ་ཉམ་ང་མི་མཐུན་རྐྱེན༔ གཉིས་འཛིན་རྣམ་རྟོག་དབང་གྱུར་པ༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་ཤུདྡྷེ་ཤུདྡྷེ་ཀཱ་ཡ་ཝཱཀྐི་ཙིཏྟ་བི་ཤྭ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་བྱབ་པར་བྱའོ། །གསུམ་པ་རྗེས་ལ་ཡས་གླུད་བསྔོ་ཞིང་ལས་མཐའ་བསྡུ་བ་ནི། ཡས་གླུད་རྣམས་ལ་ཆུ་ཆང་བྲན། ཏིང་ལོ་སྦར། སྔགས་དྲུག་ཕྱག་རྒྱ་དྲུག་གམ། བསྡུ་ན་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ། དེ་ནས་མགྲོན་འགུགས་པ་ནི་རྣལ་འབྱོར་པ་ཁྲོ་བོའི་ང་རྒྱལ་ལ་གནས་པས་ལྕགས་ཀྱུའི་ཕྱག་རྒྱ་བཅའ་ལ། ན་མོ། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་


JLAZ008_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བདེན་པ་དང༌། གསང་སྔགས་དང༌། རིགས་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། རྣལ་འབྱོར་པ་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ། གནོད་ཅིང་འཚེ་བར་བྱེད་པ། ལོ་རྒྱལ་པོའི་ཀེག །ཟླ་བ་བློན་པོའི་ཀེག །ཞག་དམག་མིའི་ཀེག །དུས་ཚོད་མཚོན་ཆའི་ཀེག །གཞན་ཡང་ཀེག་སུམ་བརྒྱ་དྲུག་སྟོང༌། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱིས་པའི་གདོན་ཆེན་བཅོ་ལྔ། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ། གློ་བུར་བརྒྱད་ཅུ་རྩ་གཅིག །དུས་མིན་འཆི་བ་རྣམ་བརྒྱད། བདུད་བཞི་ཚེ་ཡི་བར་གཅོད། རྒྱལ་བསེན་དམ་སྲི་ཐེའུ་རང༌། མོ་འདྲེས་བསེ་རག་ཆུང་སྲི། གོད་སྲི་དགྲ་སྲི། ནད་སྲི་ཡམས་ཀྱི་བདག་པོ། སྒབ་འདྲེ་ཡུལ་འདྲེ་འཁྱམས་པོ་ལ་སོགས་པ། གནོད་བྱེད་འབྱུང་པོ་ཐམས་ཅད་གླུད་གཏོར་ལེན་པ་ལ་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཊཀྐི་རཱ་ཛཿཛཿཧཱུྃ་བྃ་ཧོཿ སརྦ་བིག་ནན་ཨངྐུ་ཤ་ཡ་ཛ༔ ཞེས་ལན་གསུམ་གྱིས་བཀུག་ཁ་འབར་མའི་མདོ་ལས་བྱུང་བའི་སྔགས་འགྱུར་ཁྱད་ཅན་རྒྱ་ཆེན་ཤུགས་ལྡན་དུ་གྲགས་པ། ན་མཿསརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་ཝཱ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་པའི་སྔགས་གང་མང་གིས་བསྔོས། དེ་ནས་གླུད་འཕྱོང་གྱེར་བ་ནི། ཧཱུྃ་སྲིད་པའི་ལྷ་སྲིན་སྡེ་བརྒྱད་དང་༔ གླུད་དང་ཡས་ལ་དབང་བ་ཡི༔ བགེགས་


JLAZ008_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འབྱུང་པོའི་ཚོགས་བཅས་ལ༔ སྐུ་གླུད་རྒྱན་ལྡན་བསྔོ་བ་ནི༔ ཡ་མཚན་ལྟད་མོ་འདི་ལྟར་ལགས༔ མཐིང་གི་སྐྲ་ལོ་ཉི་ལི་ལི༔ མགོ་སིག་རལ་པ་ཡེངས་སེ་ཡེང་༔ ཤེལ་གྱི་གླད་པ་ལུང་ཐང་མིག༔ ལྟ་སྟངས་མིག་འགྱུར་ཧྲིག་གེ་ཧྲིག༔ སྣ་མཛེས་མགྲོན་བུ་ཡ་ལ་ལ༔ བྱེ་རུའི་ལྕེ་ལ་རྣ་བ་དུང་༔ སྨྲ་བརྗོད་སྒྲ་སྙན་ལམས་སེ་ལམ༔ དར་སྐུད་རྩ་ལ་མུ་ཏིག་བྱམས༔ མཉེན་ལྕུག་དྲི་མེད་ཉིགས་སེ་ཉིག༔ ཞོ་ཤའི་སྙིང་ལ་ཨ་རུའི་ཤ༔ བསམ་དང་བཀྲག་མདངས་ཡ་ལ་ལ༔ མཚལ་གྱི་ཁྲག་ལ་ཆུ་ཤེལ་རུས༔ བཅུད་དང་ཞག་གཡོ་མེ་རེ་རེ༔ མེ་ཤེལ་དྲོད་ལ་རླུང་གི་དབུགས༔ བག་དྲོ་སྣ་བཤུག་ཀྱུ་རུ་རུ༔ རིན་ཆེན་སྨན་སྣའི་ནང་ཁྲོལ་ལྗན༔ ཀུན་ཚང་དབང་ཕོ་ཉི་ལི་ལི༔ ལག་པ་གཡས་གཡོན་གསེར་དང་དངུལ༔ ཕྱག་རྒྱ་པད་སྐོར་ལིངས་སེ་ལིང་༔ རྐང་པ་གཡས་གཡོན་ལྕགས་དང་ཟངས༔ རྡོག་བྲོ་གར་སྟབས་ཁྱུགས་སེ་ཁྱུག༔ སྐུ་གསུང་ཐུགས་ལ་དཀར་མེ་ལྔ༔ སྐུ་ལྔ་རང་བྱུང་ཏ་ལ་ལ༔ དབང་པོ་རྣམས་ལ་ཏིང་ལོ་དྲུག༔ ཚོགས་དྲུག་མ་འགགས་ན་ར་ར༔ རྣམ་ཤེས་བརྒྱད་ལ་ཤ་དུམ་བརྒྱད༔ སྐྱེ་གནས་རྣམ་བཞི་བྱང་དང་ལྡན༔ ཕུང་ཁམས་ལྔ་ལ་འབྲང་རྒྱས་ལྔ༔ འབྱུང་བའི་བཅུད་ལྡན་ཁྲིགས་སེ་ཁྲིག༔ སྐྱེ་མཆེད་གཏོར་ཆུང་བཅུ་གཉིས་ཏེ༔ སྲིད་པའི་སྤྱོད་འགྲོས་ཀུན་ཀྱང་ཚང་༔ འཇའ་ཚོན་སྣ་ལྔའི་ན་བཟའ་


JLAZ008_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ སྣང་སྲིད་ཀུན་གྱི་ཡིད་སེམས་འཕྲོག༔ དཀོར་ནོར་ཤེལ་ཚིག་དཔག་ཡས་སྟོང་༔ མངའ་ཐང་རྒྱལ་པོ་ཆས་པ་འདྲ༔ བང་བ་ཁྱིམ་གང་ཡས་ཐགས་གླུད༔ ཚོང་དཔོན་ལམ་དུ་ཆས་པ་འདྲ༔ གྲི་ཁྲབ་གོ་མཚོན་རྒྱན་དང་ལྡན༔ དཔའ་བོ་དགྲ་ལ་ཆས་པ་འདྲ༔ གསེར་གཡུ་དར་ཟབ་ཁྲོ་ལོ་ལོ༔ མོ་བཙུན་བག་མར་ཆས་པ་འདྲ༔ བཞད་གད་རྩེ་གར་ཁྲིགས་སེ་ཁྲིག༔ ལྷ་ཕྲུག་རྩེ་རར་ཚོགས་པ་འདྲ༔ དེ་བས་ཡ་མཚན་ལྡན་པའི་གླུད༔ མི་བས་གླུད་དགའ་ངོ་མཚར་ཆེ༔ མི་ལ་ཡ་མཚན་གང་ཡང་མེད༔ ཁོག་སྟོད་དུག་ལྔ་མེ་ལྟར་འབར༔ ཁོག་སྨད་མི་གཙང་མཚོ་ལྟར་འཁྱིལ༔ ཚེ་རབས་བག་ཆགས་མུན་ལྟར་གཏིབས༔ ལས་སྒྲིབ་ཅན་གྱི་མིའུ་བསྐྱུར༔ ཡོན་ཏན་ལྡན་པའི་གླུད་འདི་ལོངས༔ སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ༔ ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔ ཤ་འཁོན་སྡིག་སྒྲིབ་དག་གྱུར་ཅིག༔ བླ་མེད་བྱང་ཆུབ་རེག་གྱུར་ཅིག༔ ཅེས་བརྗོད། དེ་ནས་ལམ་བསྟན་ཅིང་བརྫངས་བ་ནི། གླུད་ཁ་ཕྱིར་བསྒྱུར་ལ། ཧཱུྃཿ ད་ནི་བགེགས་ལ་ལམ་བསྟན་འཚལ༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ལྕགས་རི་མུན་པའི་ཕ་རོལ་ན༔ རིན་ཆེན་གསེར་གྱི་ཕོ་བྲང་ན༔ ལོངས་སྤྱོད་མི་ཟད་དཀོར་ནོར་ཡོད༔ ཡིད་མཚར་ཕོ་མོ་གྲངས་མེད་ཡོད༔ དེ་རུ་ཁྱོད་ཀྱི་ལམ་བསྟན་


JLAZ008_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ནོ༔ བགེགས་ཀྱི་ས་ཡུལ་དེ་རུ་ཆེ༔ བགེགས་ཀྱི་འདུ་ཚོགས་དེ་རུ་བཟང་༔ ཡ་ག་དམོད་པའི་མི་རྣམས་ཀྱིས༔ བགེགས་རྒྱལ་དེ་རུ་བྱོན་ཞེས་ཟེར༔ མགྲོན་དང་སྟོན་མོ་གྲབས་ཡོང་སྐད༔ དེ་རུ་བགེགས་ལ་ལམ་བསྟན་ནོ༔ འདི་རུ་སྡོད་པའི་གནས་མ་མཆིས༔ ཡུལ་ཡང་དྲག་པོ་ཨེ་མི་ཀློང་༔ ཕྱི་ནང་ཁྱབ་པའི་མེ་དཔུང་འཁྲིགས༔ མི་རྣམས་ཁྲོ་བོ་ཁྲོ་མོ་སྟེ༔ དྲག་སྔགས་ཧཱུྃ་སྒྲ་འབྲུག་ལྟར་ལྡིར༔ ཆས་རྣམས་དུར་ཁྲོད་དྲག་པོའི་ཆས༔ བགེགས་དཔུང་གཞོམ་པའི་མཚོན་ཆར་འབེབས༔ དེ་བས་ཆགས་པའི་གནས་མ་མཆིས༔ གདུག་པའི་བསམ་པ་ཞི་བར་མཛོད༔ ཅེས་གླུད་དང་ཁྲུས་ཁུ་འདྲེ་ལྔ་བདུད་གཅོད་གནས་པའི་སར་བསྐྱལ་ལོ། །ཐུན་དང་དྲག་སྔགས་ཀྱིས་གཟིར་རྗེས། གཏེར་གཞུང་རྩ་བར། དམིགས་བྱ་དམེ་བ་བརྩེགས་པར་བསྐྱེད༔ གནས་གསུམ་བྱིན་བརླབས་རྡོ་རྗེའི་གོ༔ ཀྲོ་ཏ་རཀྵས་བསྲུང་སྔགས་བརྗོད༔ ཅེས་པས་བསྒྲུབ་བྱ་ལ་དབང་བསྐུར་ཞིང་གོ་བགོ་བ་ནི། བུམ་པ་ཐོགས་ལ། འོ་ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་པ་ཞལ་གསུམ་ཕྱག་དྲུག་པའི་སྐུར་ལམ་གྱིས་གསལ་ཐོབ། དེ་ལ་བདག་གིས་དབང་བསྐུར་བའི་ཚེ་བདག་ཉིད་དམེ་བ་བརྩེགས་པའི་ཐུགས་ཀ་ནས་རང་འདྲའི་ཁྲོ་བོ་དཔག་ཏུ་མེད་པ་ཐོན་ནས། ཁྱེད་


JLAZ008_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་ཡེ་ཤེས་སེམས་དཔའི་ཚུལ་དུ་སིབ་སིབ་ཐིམ་པའི་མོས་པ་གནང་བ་ཞུ། ཧཱུྃཿ ལྷུན་གྲུབ་བུམ་པ་ཆོས་ཀྱི་དབྱིངས༔ རྫུ་འཕྲུལ་སྟོབས་ལྡན་ཡེ་ཤེས་བཅུད༔ བྱིན་རླབས་ནུས་རྩལ་དབང་བསྐུར་བས༔ ནད་གདོན་སྡིག་སྒྲིབ་དག་གྱུར་ཅིག༔ ཨོཾ་བཛྲ་བྷུར་ཁུང་མ་ཧཱ་པྲ་མ་ན་ཡེ་བྷུར་ཙི་བྷུར་ཁི་བྷི་མ་ལེ་ཨུ་ཙུསྨ་ཀྲོ་ཏ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགོ་ཐོག་ཏུ་འཇོག་ཅིང་ཁོང་དུ་བླུད། དེ་ནས་གོ་བགོ་བ་ནི། དེ་ལྟར་ཁྱེད་རང་རྣམས་ཁྲོ་རྒྱལ་དམེ་བ་བརྩེགས་པའི་སྐུར་ལྷུན་གྱིས་གྲུབ་པ་བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེའི་གོ་ཁྲབ་དང་ཁྲོ་ཆུང་གིས་བཞུ་ལུགས་སུ་གཏམས་པས་ཅིས་ཀྱང་མི་ཤིགས་པ། རྡོ་རྗེའི་ཆོས་བདུན་གྱི་རྣམ་རོལ་དུ་རྒྱས་ཐེབས་པའི་མོས་པ་མཛད་པར་ཞུ། ཧཱུྃ་སྒོ་གསུམ་ལྷ་སྔགས་ཏིང་འཛིན་ལྡན༔ འཇིགས་མེད་རྡོ་རྗེའི་གོ་ཁྲབ་བརྗིད༔ བར་མཚམས་ཁྲོ་ཆུང་འབུམ་གྱིས་གཏམས༔ བཞུ་ལུགས་ལྟ་བུར་དབྱེར་མེད་དང་༔ ཅིས་ཀྱང་མི་འགྱུར་མི་ཤེགས་པ༔ ཆོས་ཉིད་དོན་ལ་གནས་གྱུར་ཅིག༔ བཛྲ་ཀཱ་ཝཱ་ཙི་རཀྵ་དྷཱརྟུ་ཨཱཿ ཞེས་བསྒྲུབ་བྱའི་གནས་ལྔ་དང་ཚིགས་བཞིར་རྡོ་རྗེ་རྒྱ་གྲམ་བཀོད། དོ་གལ་ཤིན་ཏུ་ཆེ་ན་གྲིབ་བསྲུང་བསམ་གཏན་ཉལ་ཆོག་འཁོར་ལོ་ཡང་བཏགས༔ མེ་ཏོག་འཐོར་ཞིང༌། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ༔ སོགས་ཀྱིས་ཤིས་པ་བརྗོད། དེ་ནས་བདག་


JLAZ008_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཀྱི་ཉེར་བསྡུ་ནི། ཨེ་མ་ཧོ། གདོད་ནས་རིག་པ་ཀ་དག་ལ། །མཚན་མའི་ཞལ་ཕྱག་གྲུབ་པ་མེད། །གློ་བུར་དྲི་མ་སྦྱང་བའི་སླད། །གསལ་མདངས་ལྷུན་གྲུབ་ལྷ་སྐུར་ཤར། །དེ་ཡང་རྟགས་མཐའ་ལས་གྲོལ་ཕྱིར། །གཉུག་མ་ཟང་ཐལ་སྤྲོས་བྲལ་ངང༌། །བཅོས་བསླད་མེད་པར་ལྷུག་པར་བཞག །གདོད་མའི་ས་ལ་གྲོལ་བར་འགྱུར། །ཅེས་བརྗོད་ལ་གཏིང་གསལ་ཀ་དག་གི་དགོངས་པ་མི་གཡོ་བཞིན་དུ། ལམ་སྣང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་གནད་ལ་གཟིར་ནས་སྣང་བཞི་ཟད་སར་བསྐྱེལ་བ་ནི་རང་བཞིན་རྫོགས་པ་ཆེན་པོའི་བསྐྱེད་རྫོགས་ཀྱི་གནད་ཐུན་མོང་མ་ཡིན་པའོ། །འདིར་སྨྲས་པ། དམ་པའི་རིགས་ཅན་དྲ་མ་ལྔ་པོ་ཡིས། །རྒྱལ་བའི་དགོངས་པ་སྤྱོད་དང་རྒྱལ་པོ་ཛའི། །ཁང་སྟེང་གླེགས་བམ་བབས་པའི་ཏན་ཏྲ་ལས། །སྤྱི་མདོ་དགོངས་འདུས་སྒྱུ་འཕྲུལ་དྲྭ་བའི་བཅུད། །པདྨ་ཕྱི་རབས་དོན་དུ་སྒྲུབ་ཐབས་སུ། །བསྡེབས་ནས་སྟག་ཚང་གསང་ཕུག་བསྐུངས་པ་ཡི། །བཀའ་འདི་ཤྲཱི་སིང་ཤཱཀྱ་པྲ་བྷ་ལ། །བབས་ནས་ཀློང་དགུའི་བརྡ་རྟགས་བཅུད་དུ་སྨིན། །བཀའ་བབས་རིག་འཛིན་ཞི་བར་གཟིམས་པའི་རྗེས། །འདས་པའི་པྲཱ་ནི་དྷཿཡིས་མཚམས་སྦྱར་ནས། །བྱ་ལས་འདི་ཀོ་བདག་སྐལ་བབས་པའི་ཚེ། །ཕ་ནོར་བུ་


JLAZ008_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཡིན་སྙམ་ལྷུར་ལེན་བྱས། །ཞེས་པ་འདི་ནི་གཏེར་ཆེན་བླ་མ་མཆོག་གི་རིགས་ཀྱི་གདུང་བརྒྱུད་མཆོག་སྤྲུལ་བསྟན་འཕེལ་དགེ་ལེགས་རྒྱ་མཚོ་དང༌། རྗེ་དེ་ཉིད་ཀྱི་ཞམ་རིང་གི་ཐུ་བོ། དྷརྨའི་མཚན་ཅན་གྱིས་བཀས་བསྐུལ་བ་ལས། ཐེག་མཆོག་རྣལ་འབྱོར་ལ་མོས་པ་ལམ་དུ་བྱེད་པའི་སྒྲུབ་པ་པོ་མཁྱེན་བརྩེའི་འོད་ཟེར་གྱིས། རྒྱལ་ཟླ་ཆུ་སྲིན་གྱི་ཁྱིམ་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཚེས་ལ་དཔལ་རི་གསང་སྔགས་ཕོ་བྲང་དུ་སྦྱར་བ་དགེའོ། །


previousརྡོ་རྗེ་ཕུར་པ་དྲེགས་འདུལ་གནམ་ལྕགས་འཁོར་ལོའི་ལས་མཐའ་ལས་བྱུང་བའི་དམེ་བརྩེགས་ཀྱི་བྱབ་ཁྲུས་རྒྱུད་དོན་རྣམ་དག།next