Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
  collapse section
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
བསྟན་སྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ།
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྟན་སྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ།next

བསྟན་སྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ།


JLAZ008_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ་བཞུགས། །སྐྱེ་མེད་རྡོ་རྗེ་དབྱིངས་ཀྱི་ཡུམ་ཆེན་མོ། །འགག་


JLAZ008_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དཔལ་ལྡན་རང་བྱུང་རྒྱལ་མོ་དང༌། །དཔལ་མགོན་སྡེ་ལྔ་ལྕམ་དྲལ་བཀའ་སྡོད་བཅས། །ཡེ་ཤེས་དབྱིངས་སུ་དབུ་འཕང་བསྟོད་པར་བགྱི། །རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་པའི་གཟུགས། །ཀུན་ཁྱབ་བདེ་ཆེན་བར་དུ་རོ་གཅིག་ཀྱང༌། །མ་རིག་འཛིན་པའི་ལས་རླུང་གིས་སྤྲུལ་པའི། །གཡར་དམ་གཉན་པོ་ཆོས་ཀྱི་དབྱིངས་སུ་བསྲེ། །འདས་པའི་རྣམ་པར་རྟོག་པ་ཡོད་དོ་ཅོག །སྔར་བཅོལ་ལེགས་པའི་གཏང་རག་གཉེན་པོར་སྤེལ། །མ་འོངས་རྣམ་པར་རྟོག་པ་གནས་བསྒྱུར་ནས། ། ད་བཅོལ་ལེགས་པའི་ཞུ་བ་གཅིག་ཏུ་འབུལ། །ཆད་པའི་གཞུང་གཅིག་བདག་གིས་མི་སྲོང་རྒྱུ། །ཆད་ལས་དོན་འབྱུང་དོན་ལ་མ་གཡེལ་ཅིག །བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མི་མཛད་རྒྱུ། །ཕྲིན་ལས་དོན་དུ་གཟུགས་སྐུར་བཞེངས་ལ་དགོངས། །དབུ་འཕང་གཉེན་པོ་དེ་རིང་མི་བསྟོད་རྒྱུ། །ཕྱོགས་ལས་རྣམ་རྒྱལ་བརྟུལ་ཞུགས་འཛིན་པའི་ཕྱིར། །ལྷུན་པོའི་སྤོ་དང་ཉི་ཟླའི་བཀྲག་མདངས་ཀྱང༌། །རྔོམ་བརྗིད་ཡོན་ཏན་འབར་བའི་དཔྱིད་དུ་སྤུངས། །སྙིགས་མ་ལྔ་ཡི་ཡང་མཐར་ལྷུང་བ་རྣམས། །ནད་མཚོན་དམག་འཁྲུག་མུ་གེས་མནར་བའི་ཚེ། །སྐྱབས་འོས་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །དམ་ཅན་ཆོས་སྲུང་རྒྱ་མཚོར་བཞེངས་ལ་འབོད། །ཞི་བ་ཕྱོགས་གཅིག་མྱ་ངན་མི་འདའ་བ། །སློབ་པ་ལམ་གྱི་དམ་བཅའི་མཐར་ཐུག་ཕྱིར། །


JLAZ008_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་དབྱིངས་ལས་སྙིང་རྗེའི་སྒྱུ་ཐབས་གར། །རྣམ་བཞིའི་ཕྲིན་ལས་རོལ་མོར་མངའ་གསོལ་ལོ། །རྟ་གདོང་མེ་ལྕེར་འབར་བའི་མུ་ཁྱུད་ནང༌། །ལས་དབང་བསོད་ནམས་ཀླུང་རྟ་དར་དྲགས་པའི། །དཔུང་ཚོགས་ཡན་ལག་བཞི་པའི་རྩེབས་རྣོན་གྱིས། །གཞན་སྡེའི་བརྟན་པ་འཕྲོག་པར་མངའ་གསོལ་ལོ། །ཀུན་འབྱུང་འཁོར་བའི་རྒྱུ་འབྲས་རྣམ་རྟོག་གི །གཞན་དབང་ཉིད་དུ་ཡོང་ཡེར་མ་གཟུང་ཡང༌། །གང་ལ་གསོལ་བ་བཏབ་ན་ཡིད་བཞིན་དོན། །འབད་མེད་འགྲུབ་པའི་ནོར་བུ་མངའ་གསོལ་ལོ། །རང་སྡེ་སྲུང་ལ་ཤིན་ཏུ་མཛངས་བཞིན་དུ། །གཞན་སྡེ་དབང་བྱེད་སྒྱུ་རྩལ་ལ་གོམས་པས། །ཐབས་ལ་མཁས་པའི་ཤེས་རབ་མིག་ཡངས་མས། །ཁམས་གསུམ་དབང་བྱེད་བཙུན་མོར་མངའ་གསོལ་ལོ། །འདུ་འཛིའི་གནས་ཀྱང་བསྡུ་བའི་དངོས་པོ་དང༌། །ཚངས་གནས་བཞི་ཡི་དོན་ལ་སྦྱོར་བྱེད་ཅིང༌། །འབྱོར་ཞིང་རྒྱས་ལ་སྲིད་སྡེ་སྲུང་མཁས་པའི། །ཁྱིམ་བདག་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ། །རྟག་ཆད་དོན་ལ་སེམས་པའི་མུ་སྟེགས་དང༌། །འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློའི་དཔུང༌། །ཐེག་ཆེན་ལུས་སྟོབས་རྒྱགས་པའི་སྣ་ཞགས་ཀྱི། །རལ་གྲིས་གཅོད་པའི་གླང་པོར་མངའ་གསོལ་ལོ། །བསྐུལ་སར་ཡུད་ཀྱིས་ཕྱིན་པའི་མགྱོགས་པའི་བང༌། །རྦད་སར་ཐོགས་རྡུག་མེད་པའི་རླུང་གི་ཤུགས། །ཕ་རོལ་རི་རབ་ཡིན་ཡང་


JLAZ008_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

རྫུ་འཕྲུལ་གྱིས། །རླག་བྱེད་རྟ་མཆོག་ཆེན་པོར་མངའ་གསོལ་ལོ། །ལེགས་ཉེས་སྟངས་འཛིན་བདག་པོ་ཁྱེད་རྣམས་ནི། །རྫུ་འཕྲུལ་རྐང་པ་བཞི་ལ་མཆོག་ཐོབ་ཅིང༌། །སྟོབས་བཅུ་མི་འཇིགས་རྣམ་བཞིའི་རྩལ་རྫོགས་པས། །དགྲ་སྡེ་འཇོམས་པའི་དམག་དཔོན་ཆེན་པོར་མཛོད། །ཁྱད་པར་རང་སྲིད་འབྱོར་བས་མི་ངོམས་པས། །གཞན་སྡེ་བཟའ་བའི་ལྷ་མིན་འཇུག་པ་ཅན། །བྱེད་པ་རྒྱུ་མཐུན་མཚོན་ཆའི་རྣོ་དཔལ་རྩེར། །རང་སྲོག་རང་གིས་འཕྲོག་པར་མངའ་གསོལ་ལོ། །གང་ལ་སྲུང་སྐྱོབ་བྱེད་པའི་ལྷ་སྲུང་དང༌། །མཛའ་གཅུགས་དམ་བཅའི་རི་མོ་ཉེར་བསུབས་པ། །བསྟན་འགྲོའི་ཕན་བདེ་བཤིག་པའི་མདུན་གྲོས་དཔུང༌། །ནང་དབྱེན་དམེ་འཁྲུག་སྦྱོར་བས་སྤ་བཀོངས་ཤིག །རིགས་གསུམ་མགོན་པོ་མེས་དབོན་རྣམ་གསུམ་གྱིས། །རྒྱལ་བསྟན་གངས་རིར་དྲངས་པ་ཆུད་གསན་ནས། །དགེ་བཅུའི་ཁྲིམས་ཀྱི་མུ་ཁྱུད་བཤིག་པ་རྣམས། །དོན་སྙིང་ལྐོག་མར་འབྱིན་པར་མངའ་གསོལ་ལོ། །འཇིག་རྟེན་ལས་ཀྱི་སྤྲུལ་པའི་གཞན་དབང་ལ། །ཕྱ་དང་དབང་ཕྱུག་རང་དབང་ཡིན་ཟེར་ན། །བདེན་པ་གཉིས་དང་དེ་ཡི་བསྟན་སྲུང་ལ། །བསྟེན་གོམས་བྱས་པའི་འབྲས་བུ་གཡེལ་ལམ་ཅི། །ཆོས་ཀྱི་སྐུ་ནི་དུས་གསུམ་སྐྱེ་འགག་མེད། །ལོངས་སྤྱོད་རྫོགས་ལས་རྣམ་སྤྲུལ་ཆོས་སྐྱོང་རྣམས། །དམ་


JLAZ008_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཉིད་ཕྱིར་དམ་ཚིག་དང་བཞེས་ལ། །ལྔ་བདེའི་འགྲོ་འདི་སྲུང་སྐྱོབ་དུས་ལ་བབ། །མིག་འཕྲུལ་ལས་ཀྱང་མྱུར་བའི་འཇིག་རྟེན་གྱི། །རྒུད་པ་སྣ་ཚོགས་དམ་ཅན་ཆོས་སྲུང་མཐུས། །བསྲུང་ཞིང་ཁྱད་པར་བདག་ཅག་ཡོན་མཆོད་ལ། །ལུས་དང་གྲིབ་བཞིན་འགྲོགས་ནས་གྲོགས་དན་མཛོད། །གཞིས་སུ་འདུག་ན་རྫོགས་ལྡན་དགའ་སྟོན་སྤེལ། །བྱེས་སུ་གཅན་ཕྲང་ཆོམ་རྐུན་ཁ་ཆར་སྲུངས། །དགྲ་དང་འགྱེད་ན་དཔལ་རྟགས་རུ་མཚོན་འཕྱོར། །ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་བདེ་ལེགས་མཛོད། །ཅེས་པའང་མདའ་དཔོན་པ་ལྷའི་ངོར་རྫོགས་ཆེན་པ་འཇིགས་མེད་གླིང་པས་སོ།། །།


previousབསྟན་སྲུང་དམ་ཅན་རྒྱ་མཚོའི་རུ་མཚོན་མངའ་གསོལ།next