Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
ཕུར་པ་རྒྱུད་ལུགས་ལས་ཆོས་འབྱུང་ངོ་མཚར་སྣང་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས་ཆོས་འབྱུང་ངོ་མཚར་སྣང་བྱེད།next

ཕུར་པ་རྒྱུད་ལུགས་ལས་ཆོས་འབྱུང་ངོ་མཚར་སྣང་བྱེད།


JLAZ009_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་རྒྱུད་ལུགས་ལས་ཆོས་འབྱུང་ངོ་མཚར་སྣང་བྱེད་ཅེས་བྱ་བ་བཞུགས། །


JLAZ009_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཕྲིན་ལས་ཀྱི་བདག་ཉིད་ལ་ཕྱག་འཚལ་ལོ། །ཕུར་པ་རྒྱུད་ལུགས་ཀྱི་ལོ་རྒྱུས་ལ་སྔོན་བྱུང་རྒྱུད་ཀྱི་ལུགས་དང༌། ཕྱིས་བྱུང་མན་ངག་གི་ལུགས་སོ། །དང་པོ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཟག་པ་མེད་པར་མཉམ་པར་བཞག་པའི་ཚེ། རྡོ་རྗེ་འཛིན་པས་འདི་སྐད་ཅེས་བསྐུལ་ཏོ། །བདེ་ཆེན་ཞི་བ་ཆོས་ཉིད་མཆོག །སྟོན་པ་རྡོ་རྗེ་ཆོས་ཉིད་ཀྱིས། །ཨེ་མ་ཧོ་འདུལ་བར་འགྱུར་བ་ཡིན། །དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ། །འཇིགས་བྱེད་ཆེན་པོའི་སྐུར་བཞེངས་ལ། །གདུག་པའི་ཚོགས་རྣམས་གདུལ་དུ་གསོལ། །ཞེས་བསྐུལ་བས། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོའི་སྐུར་བཞེངས་ཏེ། ཐུན་མོང་མ་


JLAZ009_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་མཚན་མཆོག་གིས་མངོན་པར་སྤྲས་པའི་སྐུ་དེས། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། འཁོར་སེམས་དཔའ་དང་སེམས་མ་རྣམས་ལ་དམ་ཆོས་བདུད་རྩི་ཕུར་པའི་ཆོས་རྣམས་སྐུའི་སྒོ་ནས་འཇལ་བར་བསྟན་ཏེ། འཁོར་བའི་སྤོང་སྒྲིབ་ལས་ཀུན་རྣམ་པར་སྤངས་ཏེ་གྲོལ་བའི་ས་ལ་ལེགས་པར་གནས་སོ། །ཐུགས་རྗེའི་སྟོབས་ཀྱིས་ཕྱག་ན་རྡོ་རྗེས་མངོན་པར་བསྡུས་ཏེ། ཡང་སྙིང་འབྲུ་དགུའི་ཚུལ་དུ་ཐུགས་ཀར་བསྟན། དེ་ནས་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་འདོད་ཁམས་མཐོང་བའི་ལམ་དུ་གྱུར་པ་རྣམས་ལ་དེ་མངོན་པར་བརྟག་པར་བྱ་བའི་ཕྱིར་ཕྱག་ན་རྡོ་རྗེ་ལ་བསྐུལ་ཏེ། འདོད་ཁམས་གནས་རིགས་ཉི་ཤུའི་སྟོན་པར་གཤེགས་སོ། །ཞེས་པས་མཚོན་


JLAZ009_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རྒྱུད་སོ་སོའི་གླེང་གཞི་ལ་འཇུག་པ་ལྟར་རོ། །གཉིས་པ་ནི། སློབ་དཔོན་ཆེན་པོ་པྲ་བྷ་ཧསྟི་དང༌། བི་མ་ལ་དང༌། པདྨ་སམྦྷ་ཝ་ལ་སོགས་སངས་རྒྱས་ཀྱི་ས་ལ་བཞུགས་པའི་རིག་འཛིན་རྣམས་ཀྱིས་རྒྱུད་ལས་མན་ངག་ཏུ་བཏུས་ནས་རྣམ་པར་རིག་བྱེད་ཀྱི་བདག་རྐྱེན་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་ལས་ཅན་སོ་སོར་བཀའ་བབས་པའི་དོན་འགོག་ལམ་གྱི་བདེན་པའི་འབྲས་བུའི་ངོ་བོ་ཉིད་དུ་གྲུབ་པ་འཕགས་ཡུལ་ཆོས་ཀྱི་གན་མཛོད་ནས་གངས་རིའི་ཁྲོད་དུ་བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་བསྐྱེད་ལ་བརྟེན་ནས་མངོན་སུམ་དུ་སྣང་ཞིང༌། དངོས་གྲུབ་ཐོབ་པའི་བརྒྱུད་པ་ཟམ་མ་ཆད་ལ་ཕུར་པ་རྒྱལ་པོ་ལུགས་དང༌། ཇོ་མོ་ལུགས་དང༌། ལྕམ་ལུགས་གཙོ་བོར་གྱུར་པའི་བཀའ་བབས་ཀྱི་ངེས་པ་ཐ་དད་མོད། དེ་དག་ལས་དང་པོ་ནི། རྒྱ་གར་གྱི་པཎྜི་ཏ་ཤྲཱི་ཛྙཱ་ན་དང༌། སློབ་དཔོན་ཆེན་པོ་དང༌། ལོ་ཙཱ་བ་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་བ་རྡོ་རྗེ་བཀོད་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལེའུ་བཅོ་ལྔ་པ་མངའ་བདག་རྒྱལ་པོའི་ཐུགས་དམ་དུ་བཞག་པ་ཉིད་ལུགས་སྲོལ་འདིའི་བརྟེན་པའི་གཙོ་བོའི་མངོན་རྟོགས་ཀྱང་དེའི་ལུགས་སོར་བཞག་དང༌། རྟེན་དང་བརྟེན་པ་གཞན་རྣམས་ནི་ཡེ་ཤེས་རྩེ་མོ་དང༌། རྡོ་རྗེ་ཁྲོས་པ་ལ་སོགས་པའི་རྒྱུད་དོན་སྒྲུབ་ཐབས་ལ་འཇུག་ཆེ་བའི་ཆ་བསགས་ཤིང༌། འཇུག་སྒོ་དབང་གིས་མཚོན་པའི་ཕྲིན་ལས་ཀྱི་རིམ་པ་


JLAZ009_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་ནི་རྩ་རྒྱུད་དང་རྣལ་འབྱོར་ཆེན་པོ་ལ་སོགས་པ་རྒྱ་ཆེ་ལ་དོན་ཟབ་པའི་ནང་ནས་བསྡུ་བ་བྱས་པའི་ཕྱིར་ན་གཙོ་བོའི་མངོན་རྟོགས་ལས་ཕུར་པ་རྒྱལ་པོ་ལུགས་ཀྱི་རྩ་བར་འདི་ཉིད་གཟུང་ངོ༌། །ཇོ་མོ་ལུགས་ནི། སློབ་དཔོན་ཆེན་པོ་གཤེགས་ཁར་ཉུང་ལ་འདུས་པ་ཕུར་པ་རྩ་དུམ་གྱི་དོན་རྡོ་རྗེ་ཁྲོས་པ་རྩ་བཤད་གཉིས་ཀྱིས་བཀྲལ་ནས་མཁར་ཆེན་བཟའ་ལ་བསྟན་པས། ཇོ་མོས་མོན་ཁ་སེང་གེ་རྫོང་དུ་དཀྱིལ་འཁོར་རྣམ་པ་གསུམ་ལ་བརྟེན་ནས་བསྒྲུབས་པས་བདུན་གསུམ་ནས་ཕུར་པ་ཐམས་ཅད་བཞད་ཅིང༌། འཕར་གཡོ་དང་འོད་འཕྲོ་བ་བྱུང༌། ཕ་མེས་ཀྱི་ཟ་འདྲེ་ལ་གདབ་པའི་ཕྱིར་བསྙེན་ཕུར་དྲིལ་བས་ནམ་མཁའ་ལ་དེང་ངེ་སོང་ནས་ཟ་འདྲེ་གནས་པའི་རྟེན་དང་བརྟེན་པ་ཚར་བཅད། ཕུར་པ་དེ་ཇོ་མོའི་དབོན་བརྒྱུད་རྣམས་ཀྱིས་གདེངས་པས་ཆོག་པ་བྱུང་བས་མཁར་ཆེན་འདྲེ་འདུལ་གྱི་བརྒྱུད་པར་གྲགས། ཇོ་མོས་རང་གི་མིང་པོ་དཔལ་གྱི་གཞོན་ནུ་ལ་བཤད། དེས་ལོ་རྒྱལ་བའི་བློ་གྲོས། དེས་མི་བུ་རྒྱལ་བའི་སྙིང་པོ། དེས་འབྲེ་ཤེས་རབ། དེས་འབྲེ་ས་ལེ། དེས་ལག་ལྷག་རྡོ་རྗེ་བྱང་ཆུབ་ལ་བཤད་དེ་བསྒྲུབས་ཀྱང་ནུས་པ་མ་བྱུང༌། དེའི་ཚེ་ཁོས་ཆོས་ལ་ཐེ་ཚོམ་མ་ཟོས། རང་ཉིད་ལས་འཕྲོ་ཞན་པར་རྟོགས་པས་རྟེན་འབྲེལ་མ་ལོག་མཁར་ཆེན་བཟའི་དངོས་སློབ་ཨ་


JLAZ009_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཙཱར་ས་ལེ་ཞེས་བྱ་བ་ཕུར་པ་གདེངས་པས་གཙང་ཆུ་ཡན་མན་དུ་ཆད་ཅིང་ཚེའི་རིག་འཛིན་ཐོབ་པ་དེ་དང་འཕྲད་པར་སྨོན་ལམ་བཏབ། དེའི་ཕྱོགས་སུ་མགོ་བསྟན་ནས་ཉལ་ཞིང་བསྒྲུབས་པས་ཨ་ཙཱར་ས་ལེ་མུ་ཏོ་བར་བརྫུས་པ་ཡར་འབྲོག་ཁོར་རེར་བྱུང་ནས་ལག་ལྷག་ལ་སྒྲུབ་བྱས་པས། ཨ་ཙཱར་ས་ལེར་དོགས་ནས་ཁྱེད་རང་འདིར་བཞུགས། ད་ལྟ་སྐྱ་ནམ་ངན་པས་ཟས་མི་རྙེད་བྱས་ཏེ་དབྱར་ཐོག་གྲོ་སྟབས་ཆོས་ཞུ་བ་སྐད་མ་བྱས་པ་ཡོད་ཙ་ན། སྟོན་སེར་བོན་པོའི་རྔ་གཤང་ཐོས་ནས་སྒྲུབ་ལ་འགྲོ་ཚད་པ་ལ། ཁྱེད་རང་ད་དུང་བཞུགས། ང་ཕ་སྤུན་དགྲར་ལངས་པ་གཅིག་ཡིན་པས། ང་ཡི་ཡུལ་ཞིང་ནི་ཁོང་ཚོས་འཕྲོག་ན། འདི་ཀུན་ཟད་པར་བྱས། དེ་ནས་ང་ཡང་ཁྱོད་དང་སྡོང་བྱས་པས། ཨ་ཙ་ར་ན་རེ། དེ་ཚར་གཅོད་པའི་གདམས་ངག་ང་ལ་ཡོད་ཟེར་ནས་ཕྱིང་ཁུག་ནང་བེ་བུམ་དང༌། ཕུར་པ་བཏོན་ནས་མན་ངག་ཇི་ལྟ་བ་བཞིན་བྱིན་ནོ། །དེར་ལག་ལྷག་གིས་བསྒྲུབས་པས་ཤིང་སྡོང་པོ་བཅོ་ལྔ་སྟྭ་རེས་བཅད། གཅིག་ཕྱེད་ཙམ་ཆོད་ཙ་ན་གཉིད་སད། རང་གི་མ་ལ་དགྲ་ལ་མཐུ་རྟགས་འོང་ཞེས་སྨྲས། དེའི་ཚེ་ཕ་ཚན་རྣམས་ལག་ལྷག་གིས་མཐུ་བྱས་དོགས་ནས་གསོད་པའི་གྲོས་བྱེད་ཅིང༌། ར་བསད་པའི་ཤ་བསྡུ་ཚགས་བྱེད་ཙ་ན་ཁང་པ་རྡིབ་ནས་མི་བཅོ་ལྔ་ཤི། གཅིག་རྐང་


JLAZ009_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆག །གཤིན་རྗེའི་མཐུ་མཁན་ལ་འཇིགས་པ་དགེ་བཤེས་ར་ལོ་ཙཱ་བ་ཡང་སྐྲག་པར་བྱས་པས་གཤིན་རྗེ་མཁན་པོ་ཕུར་པ་ལ་རྡུགས་ཞེས་གྲགས། དེའི་ཐུགས་ཀྱི་སྲས་བཞི་ནི། ཉང་བེར་སྔོན་ཅན། ཀྱི་གྱང་འགྱེལ། སྐྲངས་ཕུར་བུའི་མགོ། སྣ་ནམ་ཤེས་རབ་ཚུལ་ཁྲིམས་བཞི་ལས། ཉང་ལ་ཡིག་ཆུང་ཅན་གྱི་ལུགས་སུ་གནང་བའི་ཚུལ་ནི། ཉང་གིས་སློབ་དཔོན་གྱི་ཇོ་མོ་དང་མཛའ་བར་བྱས་པས་མོས་ཇོ་བོའི་ཐུགས་དམ་རྩ་དུམ་བྱ་བ་ལ་བྱེད། འཁོར་གྱི་སྔགས་ཅན་དེ་མིན་བྱས་པས་ཁོས་སློབ་དཔོན་གྱི་དཔེ་སྣོད་དོམ་སྒྲོའི་ཞབས་བརྟོལ་ནས་དཔེ་བརྐུས་ཏེ་བྲིས་པ་སློབ་དཔོན་གྱིས་མཁྱེན་ནས་དམ་ཉམས་བཀའ་རྐུན་ཁྱོད་དང་ང་མི་འགྲོགས་གསུངས། དེར་ཉང་ནད་དྲག་པོས་ཐེབས་པ་ལ། བར་པ་བཏང་གིན་བཤགས་པ་བྱེད་བྱས་ཀྱང་མ་གནང༌། ཡང་ཡང་བཞུས་པས། ད་འོ་ན་དབེན་རྩིའི་ཕ་ལོགས་ལ་དབེན་རྩ་བརྩིགས། ཤ་ཁོག་བརྒྱའི་གཏོར་མ་ཐོང༌། ཁྲབ་བརྒྱ་ཐམ་པས་བཤགས་པ་གྱིས་གསུངས་པ་ལྟར་བྱས་པས་ནད་ལས་ཐར། ད་གདམས་ངག་ཞུ་བྱས་པས། ཁྱོད་དང་འཕྲད་དུ་མི་རུང་གསུངས་ནས་ཡིག་ཆུང་བྱས་ཀྱིན་བྱིན། དེ་ལ་དྲི་བ་དྲི་ལན་མང་དུ་བྱུང་བས་ཉང་གི་ཡིག་ཆུང་ཅན་གྱི་ལུགས་སུ་གྲགས། ཁོས་བཀའ་བརྐུས་པས་བཀྲ་མི་ཤིས་པ་ཡིན་སྐད།


JLAZ009_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲངས་ཕུར་བུ་མགོ་ལ་གནང་ཚུལ་ནི། སློབ་མས་བླ་མ་བཙལ། བླ་མས་སློབ་མ་བཙལ་བས། ཁོ་མགོ་བོ་རྒྱ་མདུད་ལ་སོགས་ཕུར་པ་བསྒྲུབ་པའི་མཚན་དང་ལྡན་པར་གཟིགས་ནས། དཀྱུས་ལ་གདམས་ངག་མཆན་དུ་བཏབ་ནས་གནང་བས། སྐྲངས་མཆན་ཊིཀ་ཅན་གྱི་ལུགས་ཞེས་གྲགས། ཀྱི་གྱང་འགྱེལ་ནི། རྒན་པོ་བློ་རྟུལ་བ་ཡིན་པས་མ་འཁྲུགས་པར་བཤད་པས་ནོར་བུའི་ལུགས་སུ་གྲགས། ཁོ་རྟོག་པ་ཉུང་བས་ཕུར་ཚུགས་སུ་བསྒྲུབས་པས་གྲུབ་སྟེ། དགྲ་རྣམས་ཀྱང་གི་རྩ་བར་ཉི་མ་འདེ་བ་ལ་ཕུར་པ་འཕངས་པས་ཀྱང་འགྱེལ་ཏེ་ཐམས་ཅད་ཤི་བས་དེ་ལྟར་དུ་གྲགས། སྣ་ནམ་ལུགས་ནི། ཁོང་ཤེས་རབ་ཆེ། བླ་མའི་ཐུགས་ཀྱིས་ཀྱང་ཟིན་པས། གདམས་ངག་ཐམས་ཅད་ཞལ་ནས་གསུངས་པས་གསུང་སྒྲོས་ཟིན་ཅིང་གནད་ལ་འཕོག་པའི་སྣ་ནམ་གདམས་ངག་ཅན་གྱི་ལུགས་ཞེས་གྲགས་ཏེ། ཡིག་ཆ་མཛད་པའང་ཤིན་ཏུ་དཔྱད་བཟོད། རྒྱུད་ལུགས་འདིའང་རྒྱུད་ཀྱི་ཁོག་ཕུབ། མན་ངག་སྣ་ནམ་ལུགས་དང་བསྟུན་པས་གཞན་ལ་མེད་པའི་གདམས་ངག་གོ །སྤྱིར་སྣ་ནམ་ལ་ལུགས་གཉིས་ཡོད་དེ། དྷ་ཏི་རྒྱས་འབྲིང་ལ་བརྟེན་པའི་སྐོར་དང༌། ཞལ་གདམས་རྣ་བརྒྱུད་ལ་བརྟེན་པ་རིན་ཆེན་ཕྲེང་བའི་ལུགས་སོ། །དེ་ལྟར་བཞི་པོ་ལ་མི་ཐེ་བའི་སྤྱང་ཀིར་ཆུང་ཞེས་པ་ལས་བརྒྱུད་པའང་ཡོད་དོ། །


JLAZ009_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཕུར་པ་ལྕམ་ལུགས་སུ་གྲགས་པ་ནི། ཅོག་རོ་བཟས་སློབ་དཔོན་དངོས་ལ་ཐུགས་ཀྱང༌། སློབ་དཔོན་གྱིས་ནམ་མཁའ་ལ་དཀྱིལ་འཁོར་སྤྲུལ་པའི་ཚེ། དབང་ཡི་དམ་ལ་ཞུས་པས་ཡི་དམ་སློབ་དཔོན་གྱི་ཐུགས་ཀར་བསྡུས་པས་སྐལ་བ་ཆད། སླར་ཇོ་མོ་མཚོ་རྒྱལ་ལ་རྗེས་སུ་གནང་ནས་ཇོ་མོས་ཅོག་རོ་བཟའ་ལ་གདམས་པ་ལས་བརྒྱུད་པའོ། །ཕུར་པ་ལྷ་ནག་ནི། ཨོ་རྒྱན་ཡབ་ཡུམ་ནས་འབྲེ་ཨ་ཙཱ་རྱ་ས་ལེ། ལག་ལྷག་ནས་རིམ་པར་ཡར་འབྲོག་པ་གུ་རུ་བ་ཡང་དག །འདིས་རྫོགས་རིམ་གཙོ་བོར་འདོན་པ་ཕུར་པ་མྱང་འདས་ཀྱི་རྒྱུད་ཆེན་པོ་ལ་བརྟེན་ནས་ལྷ་ཐམས་ཅད་ནག་པོར་མཛད་པས་ལྷ་ནག་ཏུ་གྲགས་ལ། གཞན་རྒྱུད་སྡེ་ཕལ་ཆེར་མཐུན་པར་ལྷ་ཁྲ་ཤས་ཆེ། དེས་གྲུབ་ཐོབ་སྐོར་ཆུང་ལ་བཤད། དེས་རྒྱ་སྟོན་ཇོ་གདོང༌། རྒྱ་ཆོས་བཀྲས། རྒྱ་ལམ་གྲགས་སོགས་ལ་བཤད་པས་བླ་མ་རྒྱའི་ལུགས་ཞེས་གྲགས། གཞན་ཡང་ཁྱུང་པོ་དང༌། འགོས་དང༌། རམ་དང༌། དཔྱལ་དང༌། སོ་དང༌། ཟུར་དང༌། གནུབས་དང༌། གུར་དང༌། རོག་དང༌། རོང་ལུགས་ལ་སོགས་ཏེ་བརྒྱུད་ཚུལ་ཐ་དད་ཅིང༌། དེ་དག་ཐམས་ཅད་ཀྱང་མཆོག་གི་དངོས་གྲུབ་ཐོབ་པ། ཐུན་མོང་ཙམ་དུའང་དགྲ་ཐུལ་བ་དང༌། སྲིའུ་གསོས་པ་དང༌། ལྷ་མ་སྲིན་བྲན་དུ་འཁོལ་བ་སོགས་


JLAZ009_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟགས་གཞན་ལས་མྱུར་བ་བྱུང་བས། གསར་མ་མཁན་པོ་རཾ་ལ་སོགས་པས་ཀྱང༌། དགྱེས་རྡོར་རམ་རྗེ་བཙུན་མ་ཆོས་ཟབ་ཀྱང་བྱིན་རླབས་ཕུར་པ་འདི་ལས་ཆེ་བ་མེད་ཅེས་བསྒྲགས་ཤིང༌། གསར་མ་མ་དར་གོང་དུ་བོད་སྤྱིའི་ཡི་དམ་ཡང་ཕུར་ཁོ་ན་ཡིན་པས་བརྒྱུད་པ་རབས་སུ་བསྔགས་འོས་པ་ཤ་སྟག་བྱུང༌། ཁྱད་པར་ཕུར་པ་འདི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བདག་ཉིད་ཡིན་པས། ཕུར་པ་མཁན་པོ་ཚེ་རིང༌། ལོངས་སྤྱོད་ལྡན། མཐུ་ཆེ་ཟེར་བ་ལྟར་སྔོན་བྱུང་དང་བསྟུན་ན་སློབ་དཔོན་ཆེན་པོས་ཙནྡན་གྱི་ནགས་ལ་མེ་ཤོར་བ་ལ་བསྡིགས་པས་ནགས་ཚལ་སྔར་བཞིན་གྱུར། བི་མ་ལས་གངྒཱ་གྱེན་དུ་ལོག་པ་ལ་གདེངས་པས་ཀླུང་ཆེན་ཡན་མན་དུ་ཆད། བལ་པོ་ཤཱི་ལ་མཉྫུས་བྲག་མཁར་གོང་ཅན་ལ་གདེངས་པས་བྲག་རི་དུམ་བུར་སོང༌། ཇོ་མོ་མཁར་ཆེན་བཟས་སྤྱང་ཀིའི་རྗེས་ལ་བཏབ་པས་སྤྱང་ཀི་རྦབ་ཏུ་ཤོར། མེ་ནུབ་རྒྱལ་བའི་སྙིང་པོས་བྱ་རོག་གི་ཕྲེང་བ་ཁྱེར་བ་ལ་བསྡིགས་པས་བྱ་རོག་ཐང་ལ་ལྷུང༌། ལོ་དཔལ་གྱི་བློ་གྲོས་ཀྱིས་དམག་གི་སྤང་ཁྱིམ་ལ་བཏབ་པས་མོན་དམག་ཆམ་ལ་ཕོབ། གྲུབ་ཆེན་འདར་ཕྱར་གྱིས་མུ་སྟེགས་འཕྲོག་བྱེད་ཀྱི་གྲིབ་མ་ལ་བཏབ་པས་འཕུར་འཕྲོར་ས་ལ་ལྷུང༌། གཉགས་ཛྙཱ་ནས་ཕ་སྤུན་ཆམ་ལ་ཕབ་པ་སོགས་ཕྱིར་དགྲ་བགེགས་གཉིས་ལ་ཐེབས་པ་དང༌། ནང་


JLAZ009_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རང་རྒྱུད་ཀྱི་ཉོན་མོངས་ལ་ཐེབས་པས་ཆོས་ཉིད་ཀྱི་རྟོགས་པ་མངོན་དུ་གྱུར་པ་བརྗོད་ཀྱིས་མི་ལྡང་ལ། མདོར་ན་ཕུར་པའི་རྒྱུད་སྡེ་བོད་དུ་ཕེབས་ཙམ་ནས་བར་ཆད་གདོན་བགེགས་ཞི་བ་བལ་ཡུལ་ཡང་ལེ་ཤོད་ཀྱི་ལོ་རྒྱུས་སོགས་ལས་ཡོངས་སུ་གྲགས་པས་མཚོན། ཡུལ་ལ་མངོན་སུམ་དུ་སྣང་བའི་མཐུ་རྩལ་དང༌། ཡུལ་ཅན་ཆོས་ཉིད་དུ་གྲོལ་བའི་བྱིན་རླབས་བསམ་གྱིས་མི་ཁྱབ་པས་རིག་འཛིན་གྱི་སློབ་དཔོན་ཆེན་པོས་ཀྱང་ཐུགས་དམ་གྱི་ངོ་བོ་ཉིད་དུ་མཛད། སྤྱིར་རྡོ་རྗེ་ཕུར་པའི་རྒྱུད་སྡེའི་རིང་ལུགས་ཟབ་ལ་བྱིངས་ཆེ། རྒྱ་ཆེ་ལ་རྣམ་གྲངས་མང་ཡང་ཚིག་དོན་གཉིས་ཀའི་ཆ་གླེགས་བམ་གྱི་དབུས་ན་གཏེར་དུ་གཏམས་པ་ལྟར་བཞུགས་པ་མངོན་དུ་འབྱུང་བའི་དུས་ལ་བབ་པ་ན། ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཕྱི་མ་ལས། འདི་ནི་ཀོ་ས་ལ་ཡི་གླིང༌། །དེ་རིང་རིགས་ཅན་དེ་ལ་འབབ། །སྤྲུལ་པ་འཇིག་རྟེན་མི་གནས་ཚེ། །ཁྱོད་ཀྱི་སྤྲུལ་པ་པདྨའི་རྒྱལ། །དེ་ཡི་ནུས་པ་དོན་བྱེད་འགྱུར། །ཞེས་ཅིག་ཆར་བའི་རིགས་ཅན་བཱི་མ་ལ་ལ་སྔོན་དུ་བབས་ཤིང༌། ཕྱི་ནས་བདག་ཉིད་ཀྱི་ཚོགས་བདུད་རོལ་པའི་སྣང་ཆ་ལ་སྤ་གྲོ་སྟག་ཚང་ཡིན་རྒྱུ་བའི་ཕུག་པ་ཁ་ཤར་ལྷོར་བསྟན་པ་ཞིག་ཏུ་རླངས་པ་དཔལ་སེང་གོས་དཀར་ཆས་ཞུགས་ཀྱིས་རྡོ་རྗེ་ཕུར་པའི་དབང་བསྐུར་རྫོགས་


JLAZ009_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱིན་པ་སོགས་ལྷ་དང་བླ་མའི་བྱིན་རླབས་ཀྱི་མཚན་མ་མང་དུ་ཐོབ་པའི་ཚེ། བཀའི་བསྡུ་བ་གསར་དུ་བྱས་ཤིང༌། མངོན་རྟོགས་དང་དབང་ཆོག་གཉིས་ཀྱི་བསྡུ་བ་ཟིན་ཙམ་ན་ས་སྐྱ་བ་དག་པོ་དབང་སྡུད་སྙིང་པོའི་མནལ་ལམ་དུ་ད་རེས་ཕུར་ཁང་དུ་བླ་མ་རྫོགས་ཆེན་པོ་ལ་ཡང་དག་གི་དབང་བསྐུར་ཞུས་ཤིག་ཅེས་བྱུང་བས། ཡང་དག་པའི་ཆོས་ཚུལ་དུ་ངེས་པ་རྙེད་ནས་དབང་གི་སྒོ་འཕར་དང་པོར་ཕྱེ་ནས་རིམ་པར་སྤེལ་བས་བྱིན་རླབས་ཀྱི་ཚན་ཁ་ཆེན་པོ་དང༌། བསྟན་སྲིད་ཀྱི་བདེ་ཐབས་ཀྱང་རྒྱ་ཆེན་པོ་འགྲུབ་པ་ཡིན་པས་ཡིད་བཞིན་གྱི་ནོར་བུ་ལྟར་གཅེས་སྤྲས་སུ་ཟུངས་ཤིག །ཅེས་པའང་རིག་འཛིན་འཇིགས་མེད་གླིང་པས་གསང་རྒྱ་གྲོལ་ནས་ཡི་གེ་སྔ་མ་ལས་ཞིབ་ཏུ་བསྣན་པའོ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ།། །།


previousཕུར་པ་རྒྱུད་ལུགས་ལས་ཆོས་འབྱུང་ངོ་མཚར་སྣང་བྱེད།next