Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ལས་དབང་ཆོག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ལས་དབང་ཆོག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས།next

བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ལས་དབང་ཆོག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས།


JLAZ009_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ལས་དབང་ཆོག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ་བཞུགས། །


JLAZ009_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་དབང་གི་ཆོ་ག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས་ཞེས་བྱ་བ། དཔལ་ཆེན་ཁྲག་འཐུང་བཛྲ་ཀུ་མཱ་ར་ལ་ཕྱག་འཚལ་ལོ། །དེ་ལ་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོའི་ཐོག་མ་ནི་དབང་ལ་མ་བརྟེན་པར་མི་འགྲུབ་སྟེ། རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ལས། བླ་མ་མཉེས་པར་མ་བྱས་ཤིང༌། །དབང་གིས་སྨིན་པར་མ་བྱས་ན། །ཐོས་བསམ་སྒོམ་པ་དོན་མེད་འགྱུར། །དེ་བས་དབང་བསྐུར་མཆོག་ཐོབ་གྱིས། །ཞེས་དང༌། ཕུར་པ་རྣལ་འབྱོར་ཆེན་པོ་ལས། འཁོར་བ་དག་ལས་བྱང་ཆུབ་ཏུ། །སེམས་བསྐྱེད་སྨིན་པར་བྱེད་པ་སྟེ། །དབང་རྣམས་ཐོབ་པར་མ་བྱས་ན། །གང་ཡང་འབྲས་བུ་མེད་པར་འགྱུར། །ཞེས་


JLAZ009_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །མཐར་གྱི་ཐོབ་བྱའི་འབྲས་བུ་ཡང་དབང་གི་ངོ་བོ་ཉིད་དུ་གནས་པ་ཡིན་ཏེ། དེ་ཉིད་ལས། སེམས་ཉིད་རྟོགས་ན་དབང་ཡིན་ཏེ། །ཐམས་ཅད་རང་རིག་ཕུར་བུ་ཡིན། །ཞེས་སོ། །དེ་བས་ན་གོ་འཕང་གང་ལ་བཀྲི་བ་པོ་ཡང་ཡོངས་གྲུབ་ཆེན་པོའི་བསྐྱེད་རིམ་ལ་གོམས་པའི་རྡོ་རྗེ་སློབ་དཔོན་ནི་མཆོག་ཡིན་ལ། མིན་ནའང་གཞིའི་བསྙེན་པ་སྔོན་དུ་སོང་ནས་གཞན་རྒྱུད་སྨིན་གྲོལ་གྱི་ནུས་པ་ཐོབ་ཅིང་ཆོ་གའི་བྱ་བ་ལ་མཁས་པ་དག་གིས་སློབ་མ་རྗེས་སུ་འཛིན་པར་བྱའོ། །དེ་ལ་དབང་བཞི་པོ་གང་དུ་བསྐུར་བའི་དཀྱིལ་འཁོར་ཡང་བཤད་རྒྱུད་ལས། རྡུལ་ཚོན་ལུས་དང་བྱང་ཆུབ་སེམས། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་མཆོག །བརྟེན་


JLAZ009_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབང་རྣམས་ཡང་དག་བསྐུར། །བུམ་པ་གསང་བ་ཤེས་རབ་དབང༌། །བཞི་པ་མཆོག་གི་དབང་ཆེན་ཡིན། །ཞེས་པས། དང་པོ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་སྟ་གོན་དང༌། དངོས་གཞི་གཉིས་ལས། དང་པོ་ནི། རྣལ་འབྱོར་ཆེན་པོ་ལས། སློབ་དཔོན་སྟ་གོན་གནས་པ་དང༌། །སློབ་མ་ལྷ་དང་བུམ་པ་རྣམས། །སྟ་གོན་གནས་པ་ཤེས་པར་བྱ། །ཞེས་ས་བཅད་བཞི་ལས། དང་པོ་སློབ་དཔོན་སྟ་གོན་ནི་བསྙེན་པ་ཞལ་གསོ་བ་ཉིད་ཡིན་ཏེ། རྡོ་རྗེ་ཁྲོས་པ་ལས། རྡོ་རྗེ་རིགས་ཀྱི་སྲོག་ལ་ཡང༌། །འབུམ་ཕྲག་གཅིག་ཏུ་ངེས་བཟླས་པས། །ཞེས་སོ། །གཉིས་པ་ལྷ་སྟ་གོན་གྱི་སྔོན་དུ་འགྲོ་བ་ནི། ལྷ་ཡི་ལུང་ནི་བསྟན་པ་དང༌། །ས་བརྟག་དཀྱིལ་འཁོར་དྲག་པོར་སྦྱངས། །རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་ནི། །གྲུ་གསུམ་གྲུ་བཞི་མཐིང་ནག་ལྡན། །མ་ཏྲཾ་བསྒྲལ་ཞིང་བདུད་རྩི་ལྔ། །དུར་ཁྲོད་རྫས་ཀྱིས་བྱུག་པར་བྱ། །ཞེས་དང༌། ཕྲིན་ལས་ཀྱི་རྒྱུད་ལས། དུར་ཁྲོད་ཆེན་པོའི་གནས་དག་ཏུ། །ས་བརྟག་ས་བཟུང་བྱིན་གྱིས་བརླབ། །དང་པོ་བརྟག་པའི་གནས་ཆེན་དེར། །སྔགས་མཁན་བྱ་བ་ཀུན་བྱས་ཏེ། །སྟ་གོན་གནས་པའི་བྱ་བ་བྱས། །ཞེས་པས་སྔར་མ་སྦྱངས་ཤིང་མ་དུལ་བའི་གནས་སུ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ན་བརྟག་


JLAZ009_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། བླང་བ་དང༌། སྦྱང་བ་དང༌། གཟུང་བ་དང༌། བསྲུང་བ་སྟེ་ལྔའི་རིམ་པ་ལས། དང་པོ་ལའང་གཉིས། དང་པོ་མཚན་ཉིད་བརྟག་པ་ནི། གསང་དགོངས་ལས། ཀླུ་ཡི་མིག་དང་འབྱུང་པོའི་སྲང༌། །ས་ཡི་བགེགས་དང་མ་རུངས་ས། །མི་ཤིས་པ་ ཡི་ས་མིན་པར། །ལས་ཀྱི་བྱ་བ་གཞུང་བཤམ་ལ། །བཀྲ་ཤིས་དོན་གྱི་གནས་ཡིན་པས། །ཡུན་རིང་བསྲིངས་ན་འགྲུབ་པར་འགྱུར། །མེ་ཏོག་གླིང་དང་རིན་ཆེན་རི། །དཔག་བསམ་ཤིང་དང་སྐད་སྙན་ བྱ༑ །འབྲུ་སྣ་ཚོགས་དང་གནས་ས་ལེགས། །དབྱིབས་ལེགས་ལུང་པ་རན་པ་རུ། །བཀྲ་ཤིས་གཞུང་བཟང་གནས་ཡིན་པས། །གནས་ཀྱི་དམ་པ་ཡིན་ཞེས་བཤད། །དྲག་པོའི་ལས་སུ་བྱ་བ་དང༌། །དང་པོ་ཕུར་པ་བསྒྲུབ་པའི་གནས། །ནགས་རི་ཚེར་མ་ཅན་གྱི་ཤིང༌། །གཅན་གཟན་གདུག་པ་སྣ་ཚོགས་ཡོད། །གནམ་ནི་གྲི་མདའ་རལ་གྲིའི་ཤུལ། །ས་ནི་གྲུ་གསུམ་མེ་དཔུང་འདྲ། །ལོགས་ལ་དུར་ཁྲོད་ཡོད་པ་རུ། །མཁས་པས་བརྟགས་ཏེ་བཙལ་བྱས་ན། །འདི་ནི་ཕུར་བུ་བསྒྲུབ་གནས་ཡིན། །ཞེས་དང༌། མྱང་འདས་ལས། འཁོར་ལོའི་གནམ་ལ་པདྨའི་སའི། །དབྱིབས་འདྲའི་ས་གཞི་རབ་ཏུ་བརྟག །རི་བོ་ཆེན་པོ་རབ་དབེན་པར། །ཡིད་འོང་མེ་ཏོག་


JLAZ009_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ་དང༌། །ཡང་ན་སྡོང་གཅིག་མེ་རེག་པ། །ལུང་གསུམ་མདོ་དང་དུར་ཁྲོད་གནས། །འབབ་ཆུ་ཆེན་པོའི་ངོས་སུ་བསྒྲུབ། །ཅེས་པས། སྡོང་གཅིག་མེ་རེག་པ་ནི་ཤིང་གྲིབ་གཅིག་གིས་གཅིག་ལ་མི་རེག་པ་ཡིན་པར་རྒྱུད་ལས་བཤད་ཡོད་དོ། །གཉིས་པ་པྲ་བརྟག་པ་ནི། ཕུར་པ་གསང་རྒྱུད་ལས། ཉི་མ་རིམ་པར་འགྲོ་བ་བཞིན། །ལྟོ་འཕྱེའི་གཞུང་དུ་བརྟགས་ནས་སུ། །ཞེས་དང༌། དེ་ནས་པུས་གང་ཙམ་དུ་བརྐོ། །ས་ཡི་རོ་ལྔ་བསལ་བྱས་ནས། །ས་དེ་ཉིད་ཀྱིས་དགང་བར་བྱ། །ཁེངས་ནས་ལྷག་ན་དངོས་གྲུབ་རབ། །ཁ་ད་ཆད་ན་དངོས་གྲུབ་འབྲིང༌། །མ་ཁེངས་གྱུར་ནས་གཞན་དུ་སྤོ། །ཞེས་པ་ལྟར་ལྟོ་འཕྱེ་བརྟགས་ཏེ་བརྐོས་པའི་རོ་ལྔ་བསལ་བའི་ཤུལ་ཕྱུར་བུར་ཁེངས་ན་བཟང༌། མ་ཁེངས་ན་ངན་པས་སྦྱིན་བསྲེག་ལ་སོགས་བྱའོ། །གཉིས་པ་བླང་བ་ལའང་གཉིས་ཏེ་རྒྱུད་དེ་ལས། ཡུལ་ལམ་ས་དེའི་བདག་པོ་ལ། །བདེན་པས་བཀྲོལ་ལ་ས་རིན་བཅལ། །ཅེས་པས་དང་པོ་ནི། གཟུགས་ཅན་གྱི་བདག་གིར་བྱས་ན་རིན་གྱིས་བརྔན་ནོ། །གཉིས་པ་མི་སྣང་བ་ལ་བླང་བའི་ཚུལ། རྒྱུད་ལས་ཕྱི་ཡི་གཏོར་མ་བཏང་ནས་ནི། །ཞེས་པས་ཆ་གསུམ་དང་ས་ལྷ་ལ་མཎྜལ་ཟླུམ་པོ་བ་བྱུང་དང་དྲི་ཡིས་བྱུགས་པ་ལ་མེ་ཏོག་གི་ཚོམ་བུ་བཀོད། ཆུ་


JLAZ009_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་བཅས་པའི་ཕྱི་མཆོད་ལྔ་དང་གཏོར་མ་གསུམ་བཤམ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས་རྡོ་རྗེ་ཁྲོས་པའི་ང་རྒྱལ་བསྒོམ་སྟེ། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་པཾ་ལས་སའི་ལྷ་མོ་གསེར་བཙོ་མའི་མདོག་ཅན་བུམ་པ་བསྣམས་པ་བསྐྱེད་ནས་ཨཱོཾ་པྲི་ཐཱི་དྷེ་ཝི་ས་མ་ཡ་ཛཿཛཿཞེས་བརྗོད་པས་སའི་ལྷ་མོ་ཀླུ་གཉན་ས་བདག་གིས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ་ཨོཾ་ཨཱཿཧཱུྃ་གིས་མཆོད་པ་བརླབ། རང་སྔགས་ལ་ཨརྒྷཾ་པུཥྤེ་ལ་སོགས་བཏགས་པས་ཉེར་སྤྱོད་དང་ཨ་ཀཱ་རོས་གཏོར་མ་བསྔོ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །དེ་ཕྱིར་ས་འདི་གནང་བར་མཛོད། །ཅེས་བརྗོད་པས། དེས་ཀྱང་། རྡོ་རྗེ་འཛིན་པ་ཁྱོད་ཅི་དགའ་བར་ལོངས་སྤྱོད་ཅིག །ཅེས་གནང་བ་བྱིན་པར་བསམ་ལ་གཏོར་མ་དང་པོ་འབུལ། སའི་ལྷ་མོ་བཛྲ་མུས་གཤེགས་གསོལ་བྱ། གཏོར་མ་གཉིས་པ་གཞི་བདག་དཀར་ཕྱོགས་པ་ལ་ཨ་ཀཱ་རོས་བསྔོས་ནས་


JLAZ009_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་ལ། །ས་འདི་བདག་གིས་བླང་བར་བགྱི། །དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་བརྗོད་ལ་འབུལ། གསུམ་པ་ནག་ཕྱོགས་པ་ལ་བྱིན་ནས། དྲག་པོའི་ལས་འདི་མ་འགྲུབ་བར། །གནས་འདི་རྣལ་འབྱོར་བདག་གཡར་བས། །གཏོར་མ་བྱིན་པ་འདི་ལོང་ལ། །མ་གྲུབ་བར་དུ་གཞན་དུ་དེངས། །ཧཱུྃ་བཞིའི་སྔགས་དང་གུ་གུལ་གྱིས་བསྐྲད། གསུམ་པ་སྦྱང་བ་ནི། ལག་པ་གཡས་པའི་སོར་མོ་ལྔ་ཕྲལ་བ་རྡོ་རྗེ་རྩེ་ལྔ་པར་བསམ་བ་ཤར་དང་བྱང་ཅུང་ཟད་གཞོལ་བའི་སྟེང་གི་ཁོར་ཡུག་དུ་བསྐོར་ཞིང་ས་ལའང་བཞག་ནས། ཨཱོཾ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང་རྡོ་རྗེ་ལས་ཕྱུང་བའི་འོད་ཟེར་གྱིས་སྣོད་བཅུད་དུ་འཛིན་པ་སྦྱངས། ཨཱོཾ་བྷུ་ཁཾ། ཞེས་བརྗོད་པས་ས་ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གྱུར་པར་བསྒོམ། བཞི་པ་བཟུང་བ་ནི། རང་ཉིད་རྡོ་རྗེ་གཞོན་ནུའི་ང་རྒྱལ་ལ་གནས་པའི་མིག་གཉིས་ཉི་ཟླ་མིག་འབྲས་ཧཱུྃ་ལས་ཡེ་ཤེས་ཀྱི་མེ་དཔུང་འབར། བགེགས་དང་ལོག་པར་འདྲེན་པའི་ཚོགས་ལ་གཟིར་བས་རྣམ་སྨིན་གྱི་ལུས་བསྲེགས་ཤིང་སེམས་ཆོས་ཉིད་ཀྱི་ངང་དུ་གསོས་པར་བསམ་ལ། རྐང་པ་རྡོ་རྗེའི་འགྲོས་ཀྱིས་བསྐོར་ཞིང་ཨཱོཾ་སཱུརྱ་ཙནྡྲ་ཛྭ་ལ་ཛྭ་


JLAZ009_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧཱུྃ་ཕཊ། ཅེས་བརྗོད། སྤྲོ་ན་ལྷའི་རྣལ་འབྱོར་དང་མ་བྲལ་བས་ཆས་སུ་ཞུགས་ཏེ། རྐང་པ་བྱིན་གྱིས་བརླབས་ནས་གར་གྱི་གཞི་བཅའ་བ་སྔོན་དུ་བཏང་སྟེ། ཁྲོ་བོ་བཅུའི་སྟངས་སྟབས་དང་ཕྱག་རྒྱ་སྒྲུབ་ཐབས་ན་ཡོད་པ་བཞིན་བྱ་བའི་གནས་དངོས་བསྟན་འདིར་ཡིན་ཏེ་གསང་རྒྱུད་ལས། རྡོ་རྗེ་སྟབས་དང་རྡོ་རྗེ་རོལ་པའི་གར། །རྡོ་རྗེ་ལྟ་བས་ཀུན་བལྟས་ཏེ། །བར་ཆད་བགེགས་བསྐྲད་དཀྱིལ་འཁོར་བསྲུང༌། །ཞེས་སོ། །ལྔ་པ་བསྲུང་བ་ནི། རྒྱ་གྲམ་གྱི་ཕྱག་རྒྱ་བསྟན་ལ་ཨོཾ་མེ་དི་ནི་བཛྲ་བྷནྡྷ་ཧཱུྃ་ཧཱུྃ་ཕཊ་ཅེས་བརྗོད་པས་སྣང་བ་ཐམས་ཅད་རྡོ་རྗེའི་རང་བཞིན་དུ་གྱུར། ཨཱོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ་ཀྱིས་བསྲུང་བར་བྱ་ཞིང༌། ཤིས་བརྗོད་དང་སྨོན་ལམ་ཀྱང་བྱའོ། །དེ་ཡང་སྒྲུབ་པ་ཆེན་པོ་དང་འབྲེལ་ན་བཤད་རྒྱུད་ལས། བསྲུང་བའི་རིམ་པ་ཡང་དག་བྱ། །དམ་སྲི་བསྒྲལ་དང་མ་ཏྲཾ་བསྒྱེལ། །སྒོ་ལ་རིམ་དང་དེ་བཞིན་སྦྱར། །ཞེས་པ་ལྟར་ཕྱི་རོལ་གོམ་པ་བདུན་ཅུ་རྩ་བཞིའི་སར་རྒྱལ་ཐོ་གཟུག་ཅིང༌། ཕྱོགས་བཞིའི་རྒྱལ་པོ་རྣམས་རང་གི་ཐུགས་ཀའི་འོད་ཟེར་དང་ལྷན་ཅིག་པའི་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ་ཨཱོཾ་དྷྲྀ་ཏ་རཥྟ་ཡ་ཧཱུྃ་ཛཿཞེས་བཟླ། རང་སྔགས་དེ་ལ་ཨརྒྷཾ་སོགས་གདགས་ནས་ཉེར་སྤྱོད་དང༌། ཨ་ཀཱ་


JLAZ009_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རོས་གཏོར་མ་ཕུལ་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ་བས་དྲི་ཟའི་གདོན་བསྲུང་བའི་ལས་མཛད་པར་བསམ། ཏིཥྛ་བཛྲས་བརྟན་པར་བྱ། ཕྱོགས་གཞན་གསུམ་པོ་ལའང་དེས་འགྲེ་ཞིང་རང་སྔགས་ནི་ལྷོ་ཕྱོགས་པ་ལ་བི་རུ་དྷ་ཀ་ཧཱུྃ་ཛཿ ནུབ་ཕྱོགས་པ་ལ་བི་རུ་པཀྵ་ཡ་ཧཱུྃ་ཛཿ བྱང་ཕྱོགས་པ་ལ་ཨཱོཾ་བཻ་ཤྲ་བ་ཎ་ཧཱུྃ་ཛཿཞེས་བསྒྱུར་ཞིང་རིམ་པར་གྲུལ་བུམ་དང༌། ཀླུ་དབང་དང༌། གནོད་སྦྱིན་གྱི་གདོན་མཚམས་གཅོད་པར་འདོན་པ་བསྒྱུར། དེ་ནས་བར་མཚམས་དམ་སྲི་མནན་པ་ནི། རཱུ་པ་བྱ་མགོ་ཅན་གྱི་སྙིང་གར། ཡ་མ་དམ་སྲི་གམ་པ་རི་མཱ་ར་ཡ་ཛཿཞེས་བྲིས་པ་བྲུབ་ཁུང་དུ་བཀོད། གསེར་སྐྱེམས་དང༌། བདེན་བདར་དགུག་གཞུག་བྱས་ནས། དེའི་སྙིང་གར་ཕུར་པ་གདབ་ཅིང༌། ཨཱརྱ་ཨ་ཙ་ལ་དམ་སྲི་བྷནྡྷ་བྷནྡྷ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླ། ཐུན་གྱིས་བྲབ། ཐོད་པ་མཚན་ངན་དུ་བཅུག་སྟེ་སྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་དུ་མནན། རོ་གཡམ་རྒྱ་གྲམ་བྲིས་པས་མནན། འབྱུང་བ་ལྔས་རྒྱས་འདེབས། དེའི་སྟེང་དུ་དཔོན་སློབ་རྣམས་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས་སུཾ་བྷ་ནི་བཟླ་བཞིན་པར་བྲོ་བརྡུང༌། དེ་ནས་སྒོ་བྱང་གདགས་པ་ནི། རོ་རས་སམ་ར་སོག་ལ་གཤེད་པོའི་སྐུ་སྔགས་


JLAZ009_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དང་བཅས་པ་བྲིས་པ་སྒོ་ཡ་ཐེམ་ཕྱེ་མར་གདགས། བཛྲ་ས་མཱ་ཛཿས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ཨརྒྷཾ་ལ་སོགས་པས་མཆོད་ཅིང་གཏོར་མ་བསྔོ། ཧཱུྃ། ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱོད་ཀྱི་འཁོར་དང་གཡོག་ལགས་ན། །རྣམ་པར་སྨིན་པའི་ཆོས་ཤོད་ལ། །བདག་གི་འབྲས་བུ་མ་ཐོབ་པར། །སྒོ་འདི་ཚུན་ཆད་མ་བཏང་ཞིག །ཅེས་མེ་ཏོག་དོར། དེ་རྗེས་གསང་མཚམས་དམ་སྲི་མནན་པ་ནི། རྩ་བཤད་ཀྱི་རྒྱུད་ལས། རྟག་བདག་ཞེ་སྡང་ལས་འཁྲུལ་པ། །ཤིན་ཏུ་འཇིགས་པའི་རཱུ་ཏྲ་འདི། །སྔོན་ཡང་བསྐལ་པ་རེ་རེ་ལ། །བར་གཅོད་སྲིན་པོར་གྱུར་པ་སྟེ། །འདི་མ་བཏུལ་ན་སེམས་ཅན་དག །ཐམས་ཅད་མ་ལུས་དམྱལ་བར་འགྲོ། །ཞེས་པས་རྒྱུད་ཀྱི་གླེང་གཞི་དང་རྗེས་སུ་མཐུན་པར་བསྒྲལ་བའི་ཚུལ་མ་ཏྲཾ་གྱི་གཟུགས་བྱས་པ་མགོ་བོ་ལྷོ་ནུབ། རྐང་པ་བྱང་ཤར་དུ་བསྟན་པ་གན་རྐྱལ་དུ་བཞག །ཡི་དམ་གྱི་ང་རྒྱལ་ལ་གནས་པས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཧཱུྃ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །དུས་གསུམ་རྒྱལ་བའི་སྐུ་སྤྲུལ་པ། །རིག་འཛིན་ངེས་པ་མང་


JLAZ009_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ། །དངོས་གྲུབ་འཕྲོག་པར་བྱེད་པ་ཡི། །རཱུ་ཏྲ་རྟག་པའི་རྒྱལ་པོ་འདི། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །སྡུག་བསྔལ་ཉམས་སུ་མྱོང་བར་གྱིས། །མ་ཏྲཾ་ཀ་རུ་ཏྲ་ཛཿ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པས་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་ཨཱ་ཀརྴ་ཡ་ཛཿཏྲི་ཡཾ་ཛཿཛཿཧཱུྃ་བཾ་ཧོཿས་བསྟིམ། རྣལ་འབྱོར་ཆེན་པོ་ལས་སྙིང་རྗེས་ཁྱོད་བསྒྲལ་དམ་ཚིག་ནི། །བསད་མནན་བྱ་བ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ལ། །རྣམ་པར་ཤེས་པ་མྱ་ངན་འདའ། །ཧཱུྃ། ཆོས་ལ་བལྟ་དང་གང་ཟག་བལྟ། །རྟག་ཆད་བལྟ་བའི་སྡིག་ཅན་ཁྱོད། །བདག་མེད་སྟོང་པའི་ཐོ་བས་གཞོམ། །འཇིགས་བྱེད་ཆེན་པོའི་ཞབས་ཀྱིས་མནན། །མ་རིག་སྒོ་ལྔའི་སྦུབས་ལས་དྲལ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ། །ཅེས་རྩེ་གསུམ་གྱི་ཕྱག་རྒྱ་སྙིང་གར་བསྣུན་པས་གཟུགས་ཕུང་ཧྲུལ་གྱིས་ཞིག་པའི་ཁོག་པ་བྲོས་སྦྱང་བ་ནི། རྒྱུད་ལས། དུར་ཁྲོད་བདག་པོ་མ་ཏྲཾ་ནི། །བརྫིས་པའི་སྟབས་ཀྱིས་མནན་པར་བྱ། །ཞེས་དང༌། རྩ་བཤད་ལས། ཧཱུྃ། སྟོང་གསུམ་སྟོང་གི་ལོ་ཀི་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །དྲེགས་པ་བསྣོལ་བའི་གདན་སྟེང་ནས། །རྡོ་


JLAZ009_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཁྲག་འཐུང་བྲོ་རར་ཆས། །ཞལ་གཅིག་ཕྱག་གཉིས་མཐིང་ནག་སྐུ། །རྡོ་རྗེ་དབྱིངས་ཕྱུག་ཡུམ་ལ་འཁྱུད། །རྡོ་རྗེ་ཐོད་ཁྲག་དཀྲུག་ཅིང་གསོལ། །དུར་ཁྲོད་ཆས་ཀྱིས་ལྷ་སྲིན་འདུལ། །རྡོ་རྗེ་གཤོག་པ་བར་སྣང་བརྒྱངས། །སྤྱན་གསུམ་དམར་ཟླུམ་སྟོང་གསུམ་བསྲེག །མཆེ་བ་གཙིགས་པས་བདུད་བཞི་འཇོམས། །ལྗགས་དམར་གློག་སྟོང་འཁྱུག་པ་ཡིས། །སྟོང་གསུམ་མ་ལུས་གསལ་བར་བྱེད། །ཧཱུྃ་གི་སྒྲ་ནི་འབྲུག་བཞིན་སྒྲོགས། །བརྐྱང་བསྐུམ་ཞབས་གཉིས་བྲོ་བརྡུངས་པས། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །ཀླུ་ནི་ཡོངས་སུ་རྔོད་པའི་བྲོ། །བགེགས་རྣམས་མེར་ནི་བསྲེག་པའི་བྲོ། །མ་བདུད་ཐལ་བར་རློག་པའི་བྲོ། །དུར་ཁྲོད་འདི་རུ་བྲོ་བརྡུངས་པས། །དམ་ཉམས་གཤེད་ནི་བརླག་པར་འགྱུར། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཕྱོགས་བཞིར་རིགས་བཞིའི་བྲོ་བརྡུངས་པས། །བར་ཆད་བགེགས་ནི་སྦྱང་བར་འགྱུར། །ཁྲོ་བཅུ་རྡོ་རྗེ་འགྲོས་ཀྱིས་བླངས། །དྲག་པོ་བྱ་བའི་འགྲོས་ཀྱིས་བླངས། །བདུད་ཀྱི་སྒོ་ལ་འཇུག་ཐག་བཅད། །ས་ཡི་རྟེན་ཕུར་འོག་ཏུ་དགོད། །རྡོ་རྗེ་རྒྱ་གྲམ་ཐག་པས་དྲགས། །དཀྱིལ་འཁོར་སྟན་དུ་རཱུ་ཏྲ་བཞིན། །དུར་ཁྲོད་གཞལ་ཡས་ཁང་དུ་བཟུང༌། །སྒྲུབ་པ་བྱེད་པའི་རྫས་སུ་


JLAZ009_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང༌། །ཐུགས་དམ་བསྐང་བའི་བདུད་རྩིར་བཟུང༌། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཤཱནྟིཾ་སྭཱ་ཧཱ། པུཥྟིཾ་སྭཱ་ཧཱ། པ་ཤཾ་སྭཱ་ཧཱ། མཱ་ར་ཡ་ཕཊ། ཅེས་བརྗོད་ལ་ཡན་ལག་ལྔ་སོ་སོ་དང༌། དོན་སྙིང་དང༌། ནང་ཁྲོལ་དང༌། མཚན་མ་བརྒྱད་དཀྱིལ་འཁོར་ཕྱོགས་མཚམས་བརྒྱད་དུ་བཀོད་བདག་གི་ཐུགས་ཀ་ནས་བྷྲཱུྃ་འཕྲོས་ཁོག་པ་ལ་ཐིམ་པས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་མཐའ་བསྐོར་བར་གྱུར་པར་བསམ་ཞིང༌། ཁུ་ཚུར་དཔུང་མགོར་བསྣོལ་བ་དབྱེ་བ་དང་བཅས་ཧཱུྃ་པྲ་ཝེ་ཤ་ཡ་ཕཊ། ཅེས་ལན་བདུན་གྱིས་སྤྲུལ་པའི་དཀྱིལ་འཁོར་གྱི་སྒོ་དབྱེ། ཧཱུྃ་ཧཱུྃ་ཧཱུྃ། ཧ་ཧ་ཧ། ཕཊ་ཕཊ་ཕཊ། ཅེས་རྡོ་རྗེའི་གར་འགྲོས་ཀྱིས་ལན་གསུམ་བསྐོར་ནས་དཀྱིལ་འཁོར་གྱི་ནང་དུ་ཚུད་པར་བསྒོམ་མོ། །དེ་དག་ནི་གཞུང་དུ་བཅད་པའི་རིམ་པ་ཉེ་བར་བསྡུས་པ་སྟེ། སྤྱི་ཙམ་དུ་སའི་ཆོ་གའི་རིམ་པ་ཇི་ལྟར་སྨོས་པ་བཞིན་དུ་མ་གྲུབ་པ་དང༌། གལ་ཏེ་སློབ་དཔོན་ནུས་ལྡན་གྱིས་དཀྱིལ་འཁོར་གྱི་ཁང་པ་ཉིད་དུ་སྔོན་ནས་རུང་བར་བྱས་པ་ཡིན་ཀྱང་མི་མངོན་པ་ལ་བླང་བ་དང༌། སྦྱང་བ་དང༌། གཟུང་བ་རྣམས་བྱ་བ་ལེགས་ཤིང༌། རས་བྲིས་ལ་བརྟེན་ཚེ་ས་གཟུང་བ་དང༌། བསྲུང་བ་ཙམ་བྱའོ། །དེ་ནས་དཀྱིལ་འཁོར་བྲི་བའི་


JLAZ009_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལ་བདུད་རྩི་ལྔ་བྱུག་ཅིང་། ཨོཾ་བཛྲ་ཨ་མྲྀ་ཏ་མཎྜ་ལ་ཧཱུྃ། ཁྲག་ཆེན་གྱིས་བྱུག་ཅིང་། ཨོཾ་རཀྟ་མཎྜ་ལ་ཧཱུྃ། ཀླད་ཆེན་གྱིས་བྱུག་ཅིང་། ཨོཾ་ཀཾ་ཀ་པཱ་ལ་མཎྜ་ལ་ཧཱུྃ། ཞེས་དང༌། ལྷ་སྟ་གོན་དངོས་ནི། བ་ཡི་རྣམ་ལྔ་རང་བཞིན་ཏེ། །ལྷ་ཡི་གནས་སུ་མེ་ཏོག་ནི། །ཚོམ་བུ་སྔོན་པོ་ལྷ་གྲངས་དགོད། །བདུད་རྩི་ལྔ་ཡི་ཐིག་ལེ་དགོད། །ཅེས་པས་དབུས་ནས་བཟུང་སྟེ་ལྷ་གནས་སོ་སོར་བདུད་རྩི་ལྔའི་ཐིག་ལེ་བཏབ་པ་ལ་བ་བྱུང་གིས་སྦགས་པའི་མེ་ཏོག་སྔོན་པོའི་ཚོམ་བུ་ལྷ་གྲངས་དང་མཉམ་པ་དགོད་བཞིན་པར། ཨཱོཾ་ན་མཿས་མནྟ་མཎྜ་ལ་ཧཱུྃ། ཞེས་བརྗོད་ཅིང༌། དེ་ཡང༌། ཕུན་སུམ་ཚོགས་པ་ལྔ་ལྡན་པས། །དཀྱིལ་འཁོར་ལྷ་ལ་གསོལ་བ་གདབ། །ཅེས་པས། ཆོ་ག་བཞིན་དུ་མངོན་དཀྱིལ་ནུས་ན་རབ། མ་ནུས་ན་ལྷ་གནས་སོ་སོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་སྔགས་ཙམ་ལ་བརྟེན་ནས་མོས་པས་བསྐྱེད་ལ་བདུན་རྣམ་དག་འབུལ་བ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཅེས་སོགས་ལན་གསུམ་མཐར། རང་གི་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་ཏུ་གྱུར། རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས། །བདག་ལ་གསན་ཅིང་དགོངས་སུ་གསོལ། །རྒྱལ་བ་མཆོད་དང་གཞན་དོན་དུ། །ནང་པར་དཀྱིལ་འཁོར་བྲི་འཚབ་བས། །གནང་ཞིང་རྗེས་སུ་བསྟན་པར་མཛོད། །ཁྱེད་


JLAZ009_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ནི་མཆོད་བྱེད་དང༌། །སློབ་མ་རྗེས་སུ་གཟུང་བའི་ཕྱིར། །རབ་ཏུ་བསྙེན་ཏེ་འཇུག་འཚལ་ན། །སྟ་གོན་ལ་ནི་གནས་པར་མཛོད། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཛྙཱ་ན་ཛ་ཡ་ཧཱུྃ་ཕཊ། ཨཱོཾ་དྷ་པ་སིདྡྷི་ཧཱུྃ། རཏྣ་མཎྜ་ལ་སིདྡྷི་ཧཱུྃ། བྷྲཱུྃ་བ་ཏི་ཀ་ར་སིདྡྷི་ཧཱུྃ། ཨ་མྲྀ་ཏ་ཨ་ཝེ་ཤ་ཡ་ཨ་ཨཱ། ཨོཾ་ཨཱཿཧཱུྃ། སིདྡྷི་ཀུ་རུ་ཡ་ཨཱ། པཉྩ་ལི་ཀ་ཨཱ་ཝེ་ཤ་ཡ་ཨཱ། ཀལྤོ་པྲིཀྵ་ཧཱུྃ་ཨཱཿཞེས་ལན་གསུམ་བརྗོད་ལ་སྟ་གོན་གྱི་ཡེ་ཤེས་པ་རྣམས་རྡོ་རྗེ་ཁུ་ཚུར་གྱིས་ནམ་མཁར་བཏེགས་ནས། ཨཱོཾ་བཛྲོ་ཏྟིཥྛ་ལྷན། ཞེས་བརྗོད། གསུམ་པ་བུམ་པ་སྟ་གོན་ནི། བུམ་པ་མཐིང་ཤུན་སྔོན་པོའི་མདོག །བསངས་ཤིང་དུར་ཁྲོད་རས་ཀྱིས་དཀྲི། །ལྗོན་ཤིང་བཟང་པོས་ཁ་བརྒྱན་ཞིང༌། །བདུད་རྩི་ལྔ་ཡིས་བུམ་པ་དགང༌། །དབང་དང་བདུད་སེལ་གེགས་བསལ་བའི། །བུམ་པ་གསུམ་དུ་ཡང་དག་ངེས། །ཞེས་དང༌། སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ། །སྤོས་དང་སྙིང་པོ་ལྔ་དག་དང༌། །ཁ་རྒྱན་མགུལ་རྒྱན་དེ་བཞིན་བཤམ། །ཞེས་པས་མཚན་ཉིད་སྤྱི་དང་བྱེ་བྲག་པ་ཚང་བའི་བུམ་པ་གསུམ་རྒྱུན་འབབས་ཀྱི་ཆུས་སུམ་གཉིས་བཀང་ལ་བཅུད་རྫས་ཉེར་ལྔའི་སྟེང་དུ་བདུད་རྩི་ལྔ་བསྣན་པའི་སུམ་ཅུ་པ་བཏབ། རྒྱ་ཤུག་དཀར་པོའི་ཁ་རྒྱན་དང་བཅས་སྟེགས་ལ་བཀོད། བུམ་པའི་ནང་དུ་ལྷ་ཚོགས་བསྐྱེད་པ་


JLAZ009_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་ནས་བཟླས་པ་བྱ་སྟེ། རྡོ་རྗེ་གཞོན་ནུའི་རིགས་ཀྱི་ལྷ། །ཡེ་ཤེས་ཁྲོ་བོ་ཐུགས་བསྐུལ་སྔགས། །ལྷ་ཡི་སྔགས་རྣམས་རབ་ཏུ་བཟླས། །ཁྲི་དང་སྟོང་གིས་དངོས་གྲུབ་འབྱུང༌། །ཞེས་དང༌། འཇིག་རྟེན་སྣང་བྱེད་ལས། ཡབ་དང་ཡུམ་དང་ཤེས་རབ་ཐབས། །བུམ་པའི་ནང་དུ་བྱང་ཆུབ་སེམས། །ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་དབབ། །ཅེས་པ་ལྟར་ལས་མཐར་བུམ་པའི་ལྷ་འོད་ཞུ་བྱའོ། །བཞི་པ་སློབ་མ་སྟ་གོན་ནི། ཁྲུས་ནས་དབྱུང༌། བགེགས་བསྐྲད། མཎྜལ་ཕུལ་ཏེ་འདུག་ནས་བཤགས་པ་བྱ་བ་ནི། རྡོ་རྗེ་ཁྲོས་པ་ལས་ཡེ་ཤེས་ལྔ་ལྡན་བླ་མ་རྡོ་རྗེ་འཛིན། །རྡོ་རྗེ་རིགས་ཀྱི་ལྷ་ཚོགས་དགོངས་སུ་གསོལ། །ཁྲག་འཐུང་ཁྲོ་བོ་ཁྲོ་མོས་བྱིན་གྱིས་རློབས། །བདག་གི་ལུས་ཀྱིས་སྲོག་གཅོད་མ་བྱིན་བླངས། །མི་ཚངས་སྤྱད་ཅིང་ཏིང་འཛིན་སྐུ་མ་གསལ། །སྐུ་ཡི་དམ་ཚིགས་ཉམས་པ་མཐོལ་ལོ་བཤགས། །བདག་གི་ངག་གིས་རྫུན་དང་ཕྲ་མ་དང༌། །ངག་འཁྱལ་ཚིག་རྩུབ་བཟླས་བརྗོད་གྲངས་མ་སྐྱོལ། །རྡོ་རྗེ་བཟླས་པའི་དོན་ནི་མ་རྟོགས་ཏེ། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །བདག་གིས་སྣོད་ལྡན་སེམས་ཅན་ཐམས་ཅད་ལ། །བརྣབ་སེམས་གནོད་སེམས་ལོག་ལྟ་སྐྱེས་པ་དང༌། །ཆོས་ཉིད་ཟབ་མོའི་དོན་ནི་མ་རྟོགས་ཏེ། །ལྟ་བ་ཐུགས་ཀྱི་


JLAZ009_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཉམས་པ་བཤགས། །སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་རྒྱུ། །མ་རྟོགས་བདག་གིས་བརྔན་དང་སྐྱོན་དུ་བགྲངས། །སངས་རྒྱས་ཡོན་ཏན་མཐའ་ཡས་མ་བརྗོད་ཅིང༌། །ཡོན་ཏན་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སངས་རྒྱས་ཕྲིན་ལས་སྣ་ཚོགས་དཔག་མེད་ཀྱི། །སྙིང་རྗེ་ཆེན་པོས་སེམས་ཅན་དོན་མ་བྱས། །བདུད་རྩི་ལྔ་ལ་ལོངས་སྤྱོད་མ་ནུས་ཤིང༌། །ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྐྱེ་བ་རྣམ་བཞིས་བསྡུས་པའི་སེམས་ཅན་རྣམས། །ཆོས་སྐུ་རྣམ་དག་དབྱིངས་ལས་གཟུགས་སྐུར་སྣང༌། །བདེ་བ་ཆེན་པོའི་ཀུན་ལ་ཁྱབ་དམིགས་ཏེ། །ཡང་དག་དོན་མ་རྟོགས་པ་མཐོལ་ལོ་བཤགས། །ཨཱོཾ་ཨ་བཛྲ་སཏྭ་ཨཱཿཧཱུྃ། ཞེས་སྙིང་ཐག་པ་ནས་བཤགས་སུ་བཅུག་སྟེ་རྒྱུད་དག་པར་བྱའོ། །དེ་ནས་སྡོམ་པ་བཟུང་བའི་གསོལ་གདབ་ནི། སྐྱེ་རྒ་ན་དང་འཆི་བ་ཡི། །ཆུ་སྲིན་པིར་ཐོགས་འཇིགས་བྱེད་ལས། །གདོན་པར་ནུས་པ་ཁྱོད་འབའ་ཞིག །དགའ་ཆེན་ཁྱོད་བདག་སྟོན་པར་བས། །མགོན་པོ་ཆེན་པོ་བདག་ལ་སྩོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་རྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་


JLAZ009_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་ཆེན་པོས་གཟུང་དུ་གསོལ། །ལན་གསུམ། སྡོམ་པ་བཟུང་བ་དངོས་ནི། ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས། སོ་སོར་ཐར་པ་དང་པོར་བྱིན། །དེ་ནས་བྱང་ཆུབ་སྡོམ་ཆེན་བྱིན། །དེ་ནས་དབུ་མའི་ཆོས་རྣམས་བཤད། །མཐར་ནི་འབྲས་བུ་ཐེག་ཆེན་གྱི། །དབང་སྦྱིན་འབྲས་བུའི་རྒྱུད་འདི་བཤད། །ཅེས་སྡོམ་གསུམ་རིམ་པར་བཟུང་བའང་ཡོད་དེ། འདིར་རྩ་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ཐེག་ཆེན་གྱི་རིགས་ལ་ནུས་པ་སད་པར་བྱ་ཕྱིར་སྨོན་འཇུག་སྤྱི་དང་བྱེ་བྲག་པ་སྟབས་གཅིག་ཏུ་བླང་བ་ཙམ་སྔགས་རང་སའི་གྲུབ་མཐར་ངེས་ཤིང་དགག་བྱ་ཆུང་བས་འདིའི་རྗེས་ཟློས་མཛོད། བླ་མ་རྡོ་རྗེ་འཛིན་སོགས་དང༌། མཁའ་འགྲོའི་ཚོགས་རྣམས་དགོངས་སུ་གསོལ། །ཨཱོཾ་ཨཱཿཧཱུྃ། ཆོས་སྐུ་མཁའ་འདྲ་གཟུགས་སྐུ་འཇའ་ལྟར་སྣང༌། །གསང་སྔགས་སྒྲ་སྙན་ལྟ་བུར་སྒྲ་བསྒྲགས་ཤིང༌། །ཁྲོ་བོ་ཁྲོ་མོའི་ཚུལ་གྱིས་གདུག་པ་འདུལ། །བླ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། ལན་གསུམ་དང༌། བདག་གིས་བྱང་ཆུབ་སེམས་མཆོག་ནི། །མ་ལུས་པ་ནི་བསྐྱེད་པར་བགྱི། །ངན་སོང་གསུམ་ལས་མ་གྲོལ་བ། །ལྷ་མི་གཉིས་སུ་དགྲོལ་བར་བགྱི། །མ་བསྒྲལ་པ་ཡི་ལྷ་མི་རྣམས། །བྱང་ཆུབ་ས་ལ་


JLAZ009_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བར་བགྱི། །དབུགས་མ་ཕྱུང་བའི་བྱང་ཆུབ་སེམས། །ས་བརྒྱད་པ་ལ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་པའི་མཐའ། །རྡོ་རྗེ་འཆང་ལ་རབ་ཏུ་དགོད། །ཨོཾ་ཨཱཿབཛྲ་སཏྭ་ཧཱུྃ། ལན་གསུམ་གྱིས་བརྟན་པར་ གཟུང་ངོ༌། །དེ་ལྟར་བྱང་སའི་ཐུན་མོང་པའི་སྟེང་དུ་ཐ་མལ་གྱི་སྣང་ཞེན་ལྡོག་པའི་ཉེས་སྤྱོད་སྡོམ་པ། འཁྲུལ་སྣང་ཡེ་ཤེས་སུ་སྡུད་པའི་དགེ་བ་ཆོས་སྡུད། ལས་བཞིའི་ཕྲིན་ལས་ཀྱི་སྒོ་ནས་སེམས་ཅན་དོན་བྱེད་དེ་བྱང་སྡོམ་བྱེ་བྲག་པའམ་དེ་ལས་འདའ་བར་བྱ་བ་མ་ཡིན་པའི་ཆ་ནས་དམ་ཚིག་ཏུ་བཏགས་པའི་གནས་རྣམས་བཟུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿབཛྲ་སཏྭ་ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །དུག་ལྔ་ཉོན་མོངས་ཚར་གཅད་ཕྱིར། །རིགས་ལྔ་ཁྲག་འཐུང་ཉིད་དུ་བརྗོད། །ཨཱཿ འགྲོ་བ་རིགས་ལྔར་གསལ་བ་འདི། །རྟོག་འཇོམས་ཡེ་ཤེས་ལྔའི་རང་བཞིན། །ཡེ་ནས་སྐྱེ་མེད་ཆོས་སྐུ་ལ། །སྣང་བ་འཁྲུལ་པ་སྙིང་རེ་རྗེ། །བཛྲ། ཐམས་ཅད་རྡོ་རྗེའི་རང་བཞིན་ཏེ། །ཅིས་ཀྱང་མི་ཆོད་མི་ཤིགས་ཞིང༌། །སྐྱེ་འགག་མེད་པ་རྡོ་རྗེའི་ངང༌། །དེ་བཞིན་ཉིད་དུ་རྣམ་པར་དག །ས། དབྱིངས་ལ་ངོ་བོ་མ་གྲུབ་ཀྱང༌། །སྣང་བ་ཙམ་དུ་ཁྲག་འཐུང་སྐུ། །དུག་ལྔ་རྩད་ནས་གཅད་པའི་ཕྱིར། །རིགས་


JLAZ009_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ཁྲོ་བོ་རྣམ་པར་དག །ཏྭ། རིགས་ལྔ་ཁྲོ་བོར་བསྒྲུབ་པ་ལ། །སྙིང་རྗེ་སེམས་ཅན་ལ་བསྐྱེད་ནས། །ཐར་པར་འདོད་པའི་བསམ་པ་ཡིས། །དམ་ཚིག་ལྔ་པོ་གཟུང་བར་བགྱི། །ཧཱུཾ། ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །རིགས་ལྔ་འདུས་པའི་ཁྲོ་རྒྱལ་གཙོ། །རྡོ་རྗེ་གཞོན་དུ་ཁྲོས་པའི་དཔལ། །སྐལ་ལྡན་རྣམས་ཀྱིས་ཐོབ་པར་ཤོག །ཅེས་ལན་གསུམ་གྱིས་ཐོབ་པར་ངེས་ཤེས་བསྐྱེད་དོ། །དེ་ནས་སློབ་མའི་སྐྱེ་མཆེད་ལྷའི་ཕྱག་རྒྱར་བྱིན་གྱིས་རློབ་པ་ནི། གནས་སོ་སོར་རྡོ་རྗེ་དང་བཅས་པའི་དྲིའི་ཐིག་ལེས་རེག་ཅིང་། ཨོཾ། གཙུག་ཏོར་སངས་རྒྱས་ཁྲག་འཐུང་དཔལ། །བཛྲ། ལག་གཡས་རྡོ་རྗེ་ཁྲག་འཐུང་དཔལ། །ས། ལག་གཡོན་རིན་ཆེན་ཁྲག་འཐུང་དཔལ། །ཏྭ། རྐང་གཡས་ལས་ཀྱི་ཁྲག་འཐུང་དཔལ། །ཨཱཿ རྐང་གཡོན་པདྨ་ཁྲག་འཐུང་དཔལ། །ཧཱུཾ། ཐུགས་ཀ་གསལ་བའི་དཀྱིལ་འཁོར་ཉིད། །ལུས་ཀྱི་དཀྱིལ་འཁོར་འདི་ཡིན་ནོ། །མཐོང་བས་རིགས་ལྔ་ཁྲག་འཐུང་སྐུ། །བཤགས་པས་ལུས་ངག་དག་པར་བྱེད། །ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་བརྗོད། རྒྱུད་ལས་བསྲུང་བ་སོ་ཤིང་སྐྱོར་བའི་ཆུ། །ཀུ་ཤའི་སྔས་སྟན་སྟེང་དུ་ནི། །དུར་ཁྲོད་ཞིང་ལྤགས་སྟེང་ཉལ་རྨི་ལམ་བརྟག །ཅེས་པས། ཧཱུྃ་


JLAZ009_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེད་པའི་སྲད་བུ་དམར་པོ་སློབ་བུའི་ལུས་ཚད་དང་མཉམ་པ་གསུམ་ལྟ་བ་ལ་རྡོ་རྗེའི་མདུད་པ་གསུམ་དུ་བྱས་པ་ལས་ཆུས་བསངས་ཤིང་འཁྱིལ་པའི་སྔགས་ཀྱིས་བྱིན་གྱིས་བརླབས། ཁུ་རྡུལ་གཉིས་ཀྱི་ཆའི་བར་ཆད་བསྲུང་ཕྱིར་སྐྱེས་པའི་དཔུང་པ་གཡོན་དང༌། བུད་མེད་ཀྱི་གཡས་སུ་བཅིངས་ཤིང་འཁྱིལ་པའི་སྔགས་དང་། ཨོཾ་སརྦ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཾ་སྭཱ་ཧཱ། ཞེས་བཟླ་བཞིན་པར་ཕྱི་ནང་གི་བར་ཆད་བསྲུང་ཕྱིར་ཉིས་རིམ་དུ་བཅིངས། རྡོ་རྗེ་དང་བཅས་པའི་དྲི་ཆུས་མདུད་པ་ལ་རྒྱ་གྲམ་དུ་རེག་པས་ལུས་རྡོ་རྗེའི་གོ་ཆས་ཞུ་ལུབ་ཏུ་གཡོགས་པར་བསྒོམ་ཞིང་། ལུས་ཀྱི་ཉེས་པ་དག་པ་དང༌། །བསྲུང་དང་སྟ་གོན་གནས་པར་མཛོད། །ཨཱོཾ་བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད། དེ་ནས་སོ་ཤིང་གི་རྩ་བ་ཕུར་བུའི་རྣམ་པ་ཅན་ལ་རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངས་པ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་སློབ་བུར་གཏད། དགོས་པ་ནི་ཕུར་པ་འཇིག་རྟེན་སྣང་བྱེད་ལས། ངག་གི་ཉེས་པ་བསལ་བའི་ཕྱིར། །སོ་ཤིང་བྱིན་ལ་སོ་རྩ་བྲུད། །ཕྲིན་ལས་བཞི་ཡི་དངོས་གྲུབ་བརྟག །ཅེས་པས། ཁྲུ་གང་གྲུ་བཞི་པའི་མཎྜལ་པདྨ་འདབ་བརྒྱད་པ་མུ་ཁྱུད་ཀྱི་ར་བ་ཅན་ལ་དྲི་བཟང་དང་བ་བྱུང་གིས་སྦགས་པའི་ཚོམ་བུ་བཀོད་པའི་སྟེང་དུ་མཁའ་དབྱིངས་ཀྱི་རྒྱས་བཟུང་ནས་དངོས་གྲུབ་


JLAZ009_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྟས་བརྟག་པའི་འདུན་པ་རྩེ་གཅིག་པས་དོར་དུ་འཇུག་ཅིང་ངག་ཏུ། ངག་གི་ཉེས་པ་བསལ་བ་དང༌། །དབང་གི་ལྷ་རྣམས་བསྟན་དུ་གསོལ། །ཨོཾ་ཨཱ་ཛིཾ་ཤམ་པ་ཏི་ན་ཧཱུྃ་ཕཊ། ཅེས་བརྗོད། རིགས་ལྔའི་དངོས་གྲུབ་ཕྱོགས་བཞི་དབུས། །མཚམས་སུ་ན་སྟེང་མཁའ་འོག་ས་སྤྱོད། །རྩ་བ་རང་བསྟན་ལན་གསུམ་བསྐྱར། །གཡས་ཡོ་ཚེ་ཐར་གཡོན་ཡོ་སྦྱིན། །ཕྲེད་བསགས་མར་མེ་བརྒྱ་རྩ་སྦར། །ཀུན་ངན་བསགས་སྦྱང་རྒྱ་ཆེར་བྱ། །དེ་ནས་ཁྱོར་ཆུ་ནི། དུང་ཞལ་གྱི་ཆུ་བཾ་ལས་བདུད་རྩིའི་རྒྱ་མཚོར་གྱུར་པ་འབྲུ་གསུམ་གྱི་བྱིན་གྱིས་བརླབ། སློབ་བུའི་ལག་པ་གཡས་སུ་ལན་གསུམ་སྦྱིན། ཅུང་ཟད་བཏུང་བའི་ལྷག་མ་དཔུང་པ་གཡོན་སྟེང་ནས་རྒྱབ་ཏུ་དོར་བས་སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག་པའི་མོས་པ་གྱིས། ཞེས་བརྡའ་སྦྱར་ལ། སློབ་དཔོན་གྱིས། ཨཱོཾ་ཧྲཱི་བི་ཤུད་དྷེ་སརྦ་ཧི་ནི་ཧཱུྃ་ཕཊ་པཱ་པཾ་དོ་ཤ་ཡ་སརྦ་བི་ན་ཡ་ཧཱུྃ་ཕཊ། བླུད་པས་ཡིད་ཀྱི་སྒྲིབ་པ་དག །སྟ་གོན་ལ་ནི་གནས་པར་མཛོད་ཅེས་བརྗོད། ཀུ་ཤ་བསང་ཆུས་སྦྱངས། ཆུན་པོ་ཆེ་བ་ཧཱུྃ་དང་ཆུང་བ་དྷི་ལས་བྱུང་བའི་ཀུ་ཤ་སྔོན་པོ་རྩ་རྩེ་མ་ཉམས་ལ་རྨི་ལམ་མི་འཁྲུགས་པའི་ནུས་པ་ཅན་དུ་གྱུར་པ་ཆེ་བ་སྟན་གྱི་དོན་དུ་སློབ་དཔོན་གྱི་ལག་པ་གཡོན་དང། ཆུང་བ་སྔས་ཀྱི་དོན་དུ་


JLAZ009_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པར་བཟུང་བ་བསྣོལ་ནས་གཏོད་ཅིང༌། ཨཱོཾ་བཛྲ་ཏིཀྵྞ་བཾ། ཞེས་དང༌། སློབ་མས། ཨཱོཾ་བཛྲ་ཏིཀྵྞ་སིདྡྷི་ཧཱུྃ། ཞེས་བླང་། དོ་ནུབ་བླ་མ་དང་དཀྱིལ་འཁོར་ལ་མོས་པ་རྩེ་གཅིག་པས་སྔས་བྱང་དུ་སྟོན་ལ་སེང་གེའི་ཉལ་སྟབས་ཀྱིས་བདུད་རྩི་འཁྱིལ་པའི་སྔགས་བཟླ་བཞིན་པར་ཉོལ་ལ་ནང་པར་རྨི་ལམ་གང་ཡིན་པ་ང་ལ་སྨྲོས་ཤིག །ཅེས་བསྒོ། དེ་ཡང་གསང་དགོངས་ལས། གསང་སྔགས་ཟབ་མོའི་དབང་མཆོག་འབྲས་བུ་ལ། །ལས་འཕྲོ་སྐལ་བར་ལྡན་དང་མི་ལྡན་པ། །ལུས་བཀྲུ་གོས་གཙང་གྱོན་ལ་ཉལ་ བར་བྱ། །གསང་སྔགས་ཟབ་མོའི་དབང་མཆོག་ཐོབ་མི་ཐོབ། །རྡོ་རྗེ་སློབ་དཔོན་ཕྱག་ཆ་གནང་ཞིང་རྨི། །ཐུགས་ཀྱི་དངོས་གྲུབ་ཐོབ་པའི་རྟགས། །ལག་ཏུ་བྷནྡྷ་ཐོགས་པ་དང༌། །ཀུན་གྱི་དམག་དཔོན་བྱེད་ཅིང་རྨི། །སྐུ་ལ་རྒྱན་ཆ་འདོགས་ཤིང་རྨི། །སྐུ་ཡི་དངོས་གྲུབ་ཐོབ་པའི་རྟགས། །གསེར་གཡུ་ལུས་ལ་བཏགས་པ་དང༌། །གཞན་ཡང་ཟངས་ལྕགས་རིན་པོ་ཆེ། །བདག་ནི་རྟགས་ཏུ་འཆང་ཞིང་རྨི། །ཡོན་ཏན་དངོས་གྲུབ་ཐོབ་པའི་རྟགས། །ལག་ཏུ་པདྨ་མེ་ཏོག་ཐོགས། །ཉི་དྲོ་ཟླ་གསལ་མེ་མཐོང་བ། །རྒྱ་མཚོ་ཆེན་པོ་བརྒལ་ཞིང་རྨི། །བདག་གི་ལུས་ཀྱང་བཤས་ནས་ནི། །ཤ་ཁྲག་མི་ཡིས་ཟོས་ཤིང་རྨི། །གསུང་གི་དངོས་གྲུབ་ཐོབ་པའི་རྟགས། །མདའ་


JLAZ009_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་གོ་མཚོན་ཐོགས་པ་ངང༌། །རྩི་ཤིང་མང་པོ་སུམས་པ་དང༌། །ནམ་མཁའ་ལ་ནི་འཕུར་ཞིང་རྨི། །ཕྲིན་ལས་དངོས་གྲུབ་ཐོབ་པའི་རྟགས། །ཞེས་སོ། །དེ་ལ་མཚན་མོ་ཐུན་བཞིར་བཅད། །དང་པོ་གསུམ་ནི་འདུ་བའི་འཁྲུལ། །ཐོ་རེངས་བདེན་པས་རིག་པས་བརྟག །ཞེས་གསུངས་པ་ལྟར་བརྟག་གོ །གཉིས་པ་དངོས་གཞི་ལ་གཉིས། དཀྱིལ་འཁོར་གྱི་བྱ་བ་དང༌། དབང་བསྐུར་བའོ། །དང་པོ་ནི། ཕྲིན་ལས་ཀྱི་རྒྱུད་ལས། དཀྱིལ་འཁོར་སྐྱང་ནུལ་ཐིག་གདབ་ལ། །སྲད་བུ་ལྔ་དང་ལྡན་པ་ཡིས། །ཐིག་ནི་རབ་ཏུ་གདབ་པ་སྟེ། །ཞེས་པས། སྔར་ལྷ་སྟ་གོན་བྱས་པའི་གཞི་ལ་རཀྟ་དང་བདུད་རྩི་ལྔ་ལ་སོགས་པས་ཁྱེམ་མེད་པར་བྱུག་ཅིང་སྐྱང་ནུལ་ལེགས་པར་བྱས་པ་ལ་ཐིག་གི་བྱ་བ་བསྒྲུབ་པ་ཡིན་ཏེ། གསང་བའི་དགོངས་རྒྱུད་ལས་ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པའི་ཕྱིར། །རཀྟ་ཆགས་པའི་དབང་གིས་ཆག་ཆག་གདབ། །སྲིད་གསུམ་ཡེ་ནས་ཡེ་ཤེས་ཆེན་པོ་ལྔ། །གཏི་མུག་སྩོགས་པའི་དུག་ལྔ་གནས་གཞོམ་ཕྱིར། །དམ་རྫས་བདུད་རྩི་ལྔ་ཡིས་ཆག་ཆག་གདབ། །རིན་ཆེན་སྣ་ལྔའི་ཁ་དོག་ཚོན་རྣམས་ནི། །འབྲུ་ལྔས་བྱིན་གྱིས་བརླབ་ཅིང་བྲི་བར་བྱ། །ཐབས་དང་ཤེས་རབ་གཉིས་མེད་ལས། །བྱང་ཆུབ་སེམས་ཀྱི་ཐིག་གདབ་བོ། །ཞེས་སོ། །དེ་ལ་ཐིག་ནི་དཔའ་བོའི་


JLAZ009_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

རིན་གྱིས་ཉོས་པའི་རས་བལ་གྱི་སྐུད་པ་ལྔ་ཚན་ལྔ་པའམ། རྒྱུད་ལས། གཙང་མའི་སྤུ་དང་ཨ་ཤྭཏ་ཤུན། །ཞེས་པས་གཞོན་ནུ་མས་བཀལ་བའི་སྲད་བུ་ཚོན་སྣ་ལྔ་པ་སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་ལ་སྦོམ་ཕྲ་སྒོའི་ཉི་ཤུ་ཆར་བྱས་པ་སློབ་དཔོན་དང་གཟུངས་མ་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་ལ་གནས་ཏེ། ཐིག་སྐུད་མི་དམིགས་པའི་ངང་ནས་རིགས་ལྔ་ཡབ་ཡུམ་གྱི་ངོ་བོར་གྱུར་པ་ཡབ་ཀྱི་སྐུར་བསྡུས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཞུ་བ་ཡུམ་གྱི་མཁའ་ལ་སྤྲོས། ཛཿཛཿཛཿཞེས་ཡབ་ཡུམ་སོ་སོའི་རླུང་གི་འགྲོ་ལྡོག་དང་མཐུན་པར་ཡུམ་ལ་གཏད། རྟེན་འབྲེལ་སྙིང་པོས་རབ་ཏུ་གནས། སློབ་དཔོན་ཤར་དང་གཟུངས་མ་ནུབ་ཏུ་ཕྱོགས་པས་བྷྲཱུཾ་ཛྙཱ་ན་མ་དྷ་ལ་ཧཱུྃ། ཞེས་ལན་གསུམ་བརྗོད་ཅིང་ལྟེ་བའི་ཐད་ཀྱི་བར་སྣང་ལ་གཡས་པའི་མཐེབ་མཛུབ་ཀྱིས་བཟུང༌། གཡོན་པས་ཐིག་སྐུད་བརྐྱང་ཞིང་སེ་གོལ་གཏོགས་པ་དང་བཅས་ཡེ་ཤེས་ཀྱི་ཐིག་ཚང་ཐིག་གཉིས་ཙམ་མམ། བཞི་དང༌། བརྒྱད་དང༌། བཅུ་དྲུག་པ་སོགས་ཐིག་སྐོར་མ་ནོར་བར་གདབ་ཅིང་ཐིག་གི་སྒྲ་ལས་བྲི་བྱའི་དཀྱིལ་འཁོར་ནམ་མཁའ་ལ་བཀྲ་ལམ་གྱིས་གསལ་བ་ལ་མཆོད་བསྟོད་ཀྱང་བྱ་བ་ཡིན་ཏེ། རྡོ་རྗེ་འབར་བ་ལས། ཐིག་སྐུད་ཡེ་ཤེས་ལྔ་ལྡན་པ། །ལྟེ་བར་ཁུ་ཚུར་གཡོན་གྱིས་བཟུང༌། །


JLAZ009_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀུན་བྱེད་པས་བཟུང་ནས་ནི། །ནམ་མཁར་བཏབ་པས་རང་བཞིན་དང༌། །ཏིང་འཛིན་དཀྱིལ་འཁོར་གསལ་བར་བྱེད། །གཟུགས་བརྙན་གསལ་ཕྱིར་ས་ཐིག་གདབ། །ཅེས་སོ། །དེ་ནས་ཐིག་གདབ་པ་ནི། ཕྲིན་ལས་ཀྱི་རྒྱུད་ལས། ལྷ་དང་གཉིས་མེད་གནས་པའི་ཐིག །མཆོད་བྱས་ཡེ་ཤེས་ཐིག་ནི་གདབ། །གཉིས་པས་གཟུགས་བརྙན་ཐིག་གདབ་བོ། །ཞེས་པས། ཐིག་སྐུད་ཟུར་པ་ཡོད་ན་དང༌། མེད་ན་དེའི་ཡེ་ཤེས་པ་བཛྲ་མུས་གཤེགས་པ་ལ་ཐིག་སྐུད་གཉིས་པའི་ཐ་སྙད་བཏགས་པའི་ལས་ཐིག་དེ་ཉིད་བདུད་རྩི་ལྔ་དང་དཀར་ཆལ་གྱིས་སྦགས། ཐིག་ཆེན་བརྒྱད་ནས་བརྩམས་ཏེ་རིམ་པར་གདབ་ཚུལ་རྡོ་རྗེ་འབར་བ་ལས། ཤར་ནས་ནུབ་ལ་ལྷོ་ནས་བྱང༌། །ཕྱི་ཡི་ཕྱོགས་བཞིར་རབ་ཏུ་གདབ། །མེ་དང་བདེན་བྲལ་མཚམས་གནས་ཏེ། །གྲུ་ཡི་ཐིག་ནི་མཉམ་པར་གདབ། །ཅེས་དང༌། ཕྲིན་ལས་ཀྱི་རྒྱུད་ལས། ཚངས་ཐིག་དང་པོ་གདབ་པ་སྟེ། །ཚངས་ཐིག་གཉིས་པའང་དེ་བཞིན་གདབ། །དེ་བཞིན་ཕྱོགས་མཚམས་མ་འཁྲུལ་གདབ། །ཆ་བརྒྱད་དེ་བསྲེས་བཅུ་དྲུག་ཆ། །ཆ་ཕྲན་དྲུག་ཅུ་རྩ་བཞིར་གདབ། །དབུས་ཀྱི་ཕྱི་རོལ་བཅུ་དྲུག་བསྐོར། །ཕྱི་རིམ་སྒོ་དང་རྒྱན་དུ་བྱ། །ཞེས་བཤད་ཀྱང་རྒྱུད་ཐིག་འཇུག་པ་མི་བདེ་བས་


JLAZ009_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་ཐིག་གིས་གསལ་བར་བྱས་པ་ནི། དང་པོ་ཚངས་ཟུར་ཐིག་ཆེན་བརྒྱད། །བྱ་རྗེས་ལ་བརྟེན་བཏབ་བྱས་ནས། །འཁོར་ལོའི་ཏོག་ནས་ཏོག་བར་གྱི། །མཚན་མ་ཚངས་ཐིག་རྩེ་ལ་བཏབ། །མཚན་མ་རེ་དང་ལྟེ་བའི་འཛོམ། །སྐེད་གཏུབས་ཟུར་ནས་གྲུ་བཞིར་གདབ། །རྩ་ཐིག་གམ་ནི་རྩིག་པའི་ནང༌། །རྩ་ཐིག་དེ་དང་མཚན་མའི་བར། །ཕྱེད་གཏུབས་དེའི་ཡང་ནང་གཤགས་པ། །སྒོ་ཚད་དམ་ནི་ཆ་ཆེན་གཉིས། །ཆ་ཆེན་ནང་མའི་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་ཡིན། །ནང་མའི་ཕྱེད་གདབ་ཕྱི་མའང་གདབ། །དྲྭ་ཕྱེད་ཤར་བུ་མདའ་ཡབ་བོ། །སྒོ་དང་སྒོ་ཁྱུད་ལ་སོགས་ཕྱིར། །ཚངས་པའི་གཡས་གཡོན་ཆ་ཆེན་ནི། །གཉིས་རེ་གདབ་པའི་ནང་མ་ནི། །ཕྱེད་གདབ་ཕྱི་མའང་གདབ་པར་བྱ། །དེའི་ཕྱི་ཆ་ཕྲན་བཞི་རུ་བགོ །རིམ་བཞིན་སྒོ་ཁྱུད་སྒོ་འགྲམ་ལོགས། །རྩིགས་མུན་ཀ་བ་ཀ་རྒྱན་ནོ། །རྟ་བབས་བཞི་པོ་ཆ་ཕྲན་ཏེ། །དང་པོའི་ཞེང་དང་ཀ་རྒྱན་མཉམ། །གཉིས་གསུམ་བཞི་པ་ཆ་རེ་བསྐུམ། །ཆུ་སྐྱེས་ཞེང་ནི་སྒོ་ཚད་ལ། །སྲིད་དུ་ཆ་ཕྲན་གཅིག་ཉིད་དོ། །འཁོར་ལོ་སྲིད་ཞེང་ཆ་ཕྲན་གཉིས། །གདུགས་ནི་ཆ་ཕྲན་ཏོག་དང་བཅས། །མུན་མཐོང་གླང་རྒྱབ་དབྱིབས་བྱ་ཕྱིར། །རྟ་སྣམ་གཉིས་པའི་ཕྱི་ཐིག་དང༌། །


JLAZ009_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་ཐིག་རྒྱ་གྲམ་ཐེབས་ས་ནས། །ཆ་ཕྲན་གཉིས་བསྐོར་དབུས་མ་ཡིན། །རྟ་སྣམ་དང་པོའི་ཕྱི་ཐིག་དང༌། །སྒོ་ཆ་གཡས་གཡོན་ཕྲད་མཚམས་ནས། །རང་རང་ཆ་ཕྲན་གཉིས་གཉིས་བསྐོར། །ནང་ཐིག་ཕྱིས་པ་ཐིག་འདིི་ཕྱི་བསྔས་ན་མི་ཡོང་མུན་པ་སྦྲེལ། །དེ་ནས་ཀ་རྒྱན་རྩེར་བསྐྱེད་བསྐོར། །རྡོ་རྗེ་ར་བའི་ནང་ཐིག་ཡིན། །དེ་ནས་འཕྲད་གཉིས་གྱེན་དུ་གཅིག །ཕྱིན་ལ་ར་བའི་ཕྱི་མཐའ་བསྐོར། །ཕྱི་རིམ་པདྨ་ཆ་ཆེན་ཕྱེད། །མཚན་བཟང་སུམ་ཅུ་རྩ་གཉིས་གྲངས། །ལྷ་སྣམ་དུར་ཁྲོད་ཆ་ཆེན་རེ། །རྡོ་ར་ཆ་ཕྱེད་མེ་རི་གཅིག །ཅེས་འདོམས་སོ། །དེའི་ཚེ་ཐིག་ལ་མི་འགོང་བའི་འདུན་པ་བསྒྱུར་བའང༌། རྡོ་རྗེ་འབར་བ་ལས། ཡེ་ཤེས་ཐིག་ལ་མི་འགོང་སྟེ། །ཏིང་འཛིན་འོག་ནས་འཛུལ་བར་བྱ། །ཞེས་སོ། །དེ་ནས་ནང་དང་ལྷ་གནས་ཚུལ། །ལྟེ་བ་ཆ་ཆེན་བཞི་ཆེན་སྤྱི་དྲིལ་བཞི་ཟླུམ་སྐོར། བཞི་ཟླུམ་སྐོར། །དབུས་སུ་ཆོས་འབྱུང་མཐིང་ནག་བྲི། །ཕྱི་རོལ་རྩིབས་བཅུར་ཆ་ཆེན་གཅིག །ཆོས་འབྱུང་དབུས་སུ་གཙོ་བོའི་མཚན། །མདུན་དུ་སྒྲོལ་ཡུམ་ཟླ་གམ་དམར། །གསུམ་པོའི་གཡས་གཡོན་སྲས་བཞི་དང༌། །རྒྱབ་ཏུ་གཅིག་པའི་ལྷ་མཚན་བྱ། །རྩིབས་བཅུའི་སྟེང་མ་ཤར་གྱི་ཤར། །འོག་མ་ནུབ་ཀྱི་ནུབ་བྱས་པའི། །ཁྲོ་བཅུ་


JLAZ009_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་ལྷ་མཚན་དང༌། །རྩིབས་མཆན་གཡས་གཡོན་ཕྲ་ཕྱག་བཀོད། །ཁྱམས་བཞིར་དབང་མོ་བདུན་བདུན་དང༌། །སྒོ་ལ་སྒོ་སྲུང་མུ་རན་ལ། །དམ་ཅན་བཅུ་གཉིས་རྒྱུད་སོ་སོའི། །རང་ལུགས་དེ་མ་ཐག་ཏུ་སྟོན། །ཆེ་ཆུང་གི་ཚད་ནི། སོར་བཞི་པ་ནས་བཟུང་ནས་ནི། །ཇི་སྲིད་དཔག་ཚད་རྒྱང་གྲགས་བར། །སེམས་ཅན་བསམ་པའི་དབང་གིས་ནི། །ཚད་རྣམས་ངེས་པ་མ་གསུངས་སོ། །ཞེས་བཤད་ཀྱང༌། རེ་ཞིག་གནས་དང་འབྱོར་བའི་དབང་དུ་བྱས་ན་ཡེ་ཤེས་རྩེ་མོ་ལས། སོར་མོ་ཉིས་བརྒྱ་རྩ་བཅུ་བརྒྱད། །མཁས་པས་དཀྱིལ་འཁོར་ཚད་དུ་བྱ། །ཞེས་སོ། །དུར་ཁྲོད་ལས་བྱུང་བའི་ཚོན་རྣམས་ཀྱང་དཔའ་བོ་འབྲུ་ལྔས་བརླབས་ཏེ་དགྱེ་བའི་ཚུལ་ཕྲིན་ལས་ཀྱི་རྒྱུད་ལས། སྔོན་པོ་ལ་སོགས་ཚོན་རྣམས་ནི། །དཔའ་བོ་འབྲུ་ལྔས་བྱིན་གྱིས་བརླབས། །གཞུང་དང་མཐུན་པར་ཚོན་བཀྱེ་སྟེ། །ཞེས་དང༌། གཞན་ཡང༌། རྡུལ་ཚོན་ཁ་བ་བབ་པ་བཞིན། །གཡས་ནས་བསྐོར་ཏེ་རྒྱུན་མི་གཅད། །ཅེས་སོ། །རྣམ་པ་ནི། རྡོ་རྗེ་འབར་བ་ལས། གྲུ་བཞི་པ་ལ་སྒོ་བཞི་པ། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །བར་ཁྱམས་གསེར་ཁྱམས་ཁྲག་ཁྱམས་གཉིས་དགོས་པ་འོག་གི་ཤེས་སོ། །སྒོ་ཁྱུད་ལྡན་པ་ལ། །རྟ་བབས་ཀྱིས་ནི་


JLAZ009_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་དང༌། །ཧཱ་ར་ཧཱ་ར་ཕྱེད་ཉི་ཟླ། །དྲིལ་བུ་དར་དཔྱངས་འཕན་ལ་སོགས། །ཐོད་སྦྲུལ་ཉི་ཟླས་བརྒྱན་ པ་ལ། །ཞེས་སོ། །ཚོན་ཐོབ་ནི། ཀརྨ་ཀུ་རུའི་རྒྱུད་ལས་ཀྱང༌། །ལྟེ་བ་ནག་པོ་འཁོར་ལོ་སེར། །དེ་ཡི་གོང་རས་ནག་པོར་བྱ། །གསེར་ཁྱམས་དབང་ཕྱུག་ཉེར་བརྒྱད་ཀྱི་གནས་ཡེ་ཤེས་རྩེ་མོ་ལས་བཤད་པའི་རྣམ་པར་གསོད་བྱེད་ཀྱི་ཁྲོ་བོ་རྣམས་ཀྱི་གནས་མཚོན་པ་ཡིན་ནོ། །སེར་ལ་ཁྲག་ཁྱམས་དམར། །གྲུ་ཆད་ལྗང་གུ་ལྕགས་རི་ནག །ཅེས་པ་དང་ཡང་བསྟུན་ནོ། །གཞན་ཡང་གསང་བའི་དགོངས་རྒྱུད་ལས། འཁོར་ལོ་བརྒྱད་ཐིག་དག་ཏུ་གདབ། །དབུས་སུ་དྲག་པོ་གྲུ་གསུམ་ལ། །ཟླ་གམ་དམར་པོ་དབང་གི་ཚུལ། །ཟླུམ་པོ་གོང་རས་གྲུ་བཞི་རྒྱས་པའོ། །གྲུ་ཆད་བཞིས་ནི་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །ཅེས་དང༌། ལས་བཞི་སོ་སོའི་དཀྱིལ་འཁོར་གྱི་རྣམ་བཞག་ཀྱང་དེའི་ལེའུ་གསུམ་པས་སྟོན་ལ། གཞན་རྣམས་སྒྲུབ་ཐབས་དང་བསྟུན་པར་བྱའོ། །དེའི་ཚེ་སྤྱོད་ལམ་གཟབ་པའི་ཚུལ་ཡང༌། སྐུད་པ་ཆད་ན་སློབ་དཔོན་འཆི། །ཐིག་སྣ་ཤོར་ན་སློབ་བུ་འཆི། །ཕྱོགས་འཁྲུལ་པས་ནི་གཉིས་ཀ་ཉམས། །རྒྱུན་ཆད་ལམ་ལ་གནོད་པར་འགྱུར། །དེ་ཕྱིར་མཁས་པས་བསྒྲིམས་ཏེ་བྱ། །ཞེས་དང༌། དེ་ཡང་ཐོག་མར་སློབ་དཔོན་དང་དེ་ནས་


JLAZ009_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་སློབ་ཐམས་ཅད་ཀྱིས་གཡས་སུ་འཁོར་བར་སྲབ་འཐུག་མེད་ཅིང་སྙོམས་པར་བྲིས་ནས་རྩིགས་པ་སྦྲེལ་བའི་ཚེ་པྲ་བརྟག་པའི་ཚུལ་ཡང་ཀུ་ཀུ་རཱ་ཛས། རེ་ཁཱ་དམའ་བས་མི་འགྲུབ་ཅིང༌། །ཡོན་པོས་གདུང་བ་སྐྱེད་པར་བྱེད། །ཆད་པས་སློབ་དཔོན་སློབ་མ་དག །འཆི་འམ་ན་བར་འགྱུར་བ་ཡིན། །ཆད་ལྷག་ལས་ནི་ནད་འབྱུང་ཞིང༌། །ཕྱོགས་འཁྲུལ་རྨོངས་པའི་གནས་སུ་འགྱུར། །ཞེས་པ་ལྟར་རོ། །དེ་ནས་སློབ་དཔོན་ནམ་རྒྱལ་ཚབ་ཀྱིས་ལྷ་མཚན་དགོད་པའི་ཚུལ་ནི་ཡེ་ཤེས་རྩེ་མོ་ལས། ལས་ལ་ལུང་ཐོབ་གང་ཡིན་པས། །ཕྱག་རྒྱ་དགོད་པ་བརྩམ་པར་བྱ། །དབུས་མ་མཉམ་པ་ནི་རྡོ་རྗེ། །མིག་སྨན་གྱི་ནི་མདོག་དང་འདྲ། །གཙོ་བོའི་གྲངས་དང་མཉམ་པ་ཡི། །རྩེ་མོ་འཕྲོ་བ་དབུས་སུ་བཞག །རྩིབས་བརྒྱད་པ་ནི་འབར་བ་སྟེ། །མདུན་དུ་ཡང་དག་གནས་པར་བྱ། །རྡོ་རྗེ་མཛེས་པ་དེ་ལྟར་རོ། །འོད་ཟེར་དུ་མའི་རིན་པོ་ཆེ། །རང་གི་གནས་སུ་གཞག་པར་བྱ། །ཞེས་པའི་ལྟེ་བ་ལ་རྡོ་རྗེ་རྩེ་གསུམ་ནག་པོ་དང༌། སྲས་མཆོག་ལྔ་ལ་སོ་སོའི་རིགས་ཀྱི་ཕྱག་མཚན་རང་མདོག །རྩིབས་བརྒྱད་ལ་ཁྲོ་བཅུ་སོ་སོའི་རིགས་ཀྱི་མཚན་མ་ཡོངས་དག་གི་རྒྱུད་དང་བསྟུན་ན། བརྒྱ་བྱིན་ཕྱོགས་སུ་རྡོ་རྗེ་ཁ་གདངས་བྲི། །མེར་ནི་རྡོ་རྗེ་རིན་ཆེན་བྲི། །གཤིན་


JLAZ009_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཕྱོགས་སུ་རྡོ་རྗེ་མདའ། །བདེན་བྲལ་ཕྱོགས་སུ་རྡོ་རྗེ་གཞུ། །ཆུ་བདག་རྡོ་རྗེ་ཀྱོ་བ་བྲི། །རླུང་གི་ཕྱོགས་སུ་རྡོ་རྗེ་མེ། །གནོད་སྦྱིན་ཕྱོགས་སུ་རྡོ་རྗེ་དབྱུག །དབང་ལྡན་རྡོ་རྗེ་རྩེ་གསུམ་བྲི། །ཤར་སྟོད་རྡོ་རྗེ་ཐོད་པ་འབྲི། །ནུབ་སྨད་རྡོ་རྗེ་རྐང་པ་ཐོང་གཤོལ། བྲི། །ཞེས་སོ། །དེ་ཡང་སྟེང་རྣམ་རྒྱལ་ཤར་གྱི་ཤར་དང༌། འོག་སྟོབས་པོ་ཆེ་ནུབ་ཀྱི་ནུབ་ཏུ་བཀོད་ཅིང་རྩིབས་མཆན་རྣམས་ལ་ཕུར་པ་གཉིས་གཉིས་དང་ལྷག་མ་རྣམས་ནི། ཀརྨ་ཀུ་རུའི་རྒྱུད་ལས། དེ་ཡི་ཕྱི་རོལ་སྣམ་བུ་ལ། །སྲུང་མ་རྣམས་ནི་སྤེལ་མར་བཀོད། །སྒོ་ལ་སྒོ་མ་བཞི་རྣམས་ཏེ། །ལྕགས་རི་ལ་ནི་དབང་ཕྱུག་མ། །དོན་གྱི་སངས་རྒྱས་ཡིན་མོད་ཀྱང༌། །བྲན་གྱི་ཚུལ་དུ་མུ་རན་བཞུགས། །ཞེས་བཤད་ཀྱང་འདིར་རྩ་བཤད་ཀྱི་རྗེས་སུ་འབྲངས་ནས་དབང་མོ་ཉེར་བརྒྱད་ཁྱམས་ཀྱི་ཕྱོགས་བཞིར་བཞུགས་པ་ལྟར་བཀོད་དོ། །དེ་ལྟར་བཀོད་ནས་སྟ་གོན་གྱི་དུས་ན་ཡེ་ཤེས་པ་ནམ་མཁར་བཞུགས་པ་རྣམས་ཕྱག་རྒྱ་བཞི་སྔགས་དང་བཅས་པ་དལ་ལ་བསྟིམ་མོ། །དེ་ནས་རྒྱན་དང་མཆོད་རྫས་དགྲམ་པའི་ཚུལ་ཡང་གསང་རྒྱུད་ལས། ཕྱི་ནང་གསང་བའི་མཆོད་རྫས་དང༌། །མདའ་དང་ཕུར་བུ་རལ་གྲི་དང༌། །མེ་ལོང་དར་སྣ་སྲུང་སྐུད་དང༌། །ཞེས་དང༌།


JLAZ009_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཀྱི་རྒྱུད་ལས། དྲག་པོའི་རྫས་རྣམས་རབ་ཏུ་གསོག །ལྷུ་དུམ་བཅད་འཕྲོ་དུམ་བུ་དང༌། །སྒལ་ཚིགས་ཀླད་པ་ཁྲག་དང་མགོ །གྲུ་གསུམ་མཐིང་ནག་གཏོར་མ་བཅས། །དུག་སོགས་དྲག་པོའི་རྫས་རྣམས་བསྔགས། །མཁའ་འགྲོའི་རྫས་དང་བཅས་པ་ནི། །བསགས་ཏེ་མཆོད་པ་བྱ་བ་ཡིན། །ཞེས་པས་དཀྱིལ་འཁོར་གྱི་རྒྱན་དང་མཆོད་རྫས་དྲག་པོར་འོས་པ་དག་དང༌། སྔར་སྟ་གོན་དུ་གྲུབ་པའི་བུམ་པ་གསུམ་ལ་སོགས་དབང་རྫས་རྣམས་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་དབང་གི་བྱ་བ་ལ་གསུམ། དཀྱིལ་འཁོར་སྒྲུབ་པ་དང༌། བདག་ཉིད་འཇུག་ པ་དང༌། གཞན་ལ་དབང་བསྐུར་བའོ། །དང་པོ་ནི། རྩ་རྒྱུད་ལས། རྫས་རྣམས་ཕུན་སུམ་ཚོགས་ལྡན་པ། །ལྷ་རྣམས་བསྒྲུབ་པ་ཚུལ་བཞིན་བྱ། །ཞེས་པས་བསྐྱེད་རྫོགས་ལ་གོམས་པ་བརྟན་པས་བདག་མདུན་བུམ་གསུམ་འཇུག་པ་གཅིག་པའང་རུང་ལ། མོས་པས་སྤྱོད་པ་རྣམས་ནི་སོ་སོར་ཆོ་ག་ཐ་དད་པས་དམིགས་རྣམ་ཕྱེད་པ་ཉིད་ལེགས་སོ། །གཉིས་པ་བདག་འཇུག་ནི། གསང་དགོངས་ལས། གསོལ་གདབ་དབང་ཡང་ནོད་པར་བྱ། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་ལྔ་རུ་བསྐུར། །ཕྱོགས་བཅུ་སྲོག་ལ་དབང་བསྐུར་བས། །


JLAZ009_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ནི་ཡེ་ཤེས་གྱུར་ནས་ནི། །ཁམས་གསུམ་སྒྲོལ་བའི་དབང་བསྐུར་རོ། །ཞེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷའི་རྣམ་པར་སྤྱན་དྲངས་ཏེ། རིག་པའི་དབང་ལྔ་བསྐུར་བའི་བྱ་བ་མཛད་པའི་ཚེ་བདེ་སྟོང་ཟུང་དུ་འཇུག་པའི་ཉམས་གསར་དུ་སྐྱེས་པ་ལ་དབང་རྣམ་པ་བཞིའི་རིམ་པ་དང༌། བྱང་ཆུབ་སེམས་ཀྱི་རང་བཞིན་བུམ་དབང་གི་ཆུས་དྲི་མ་མཐའ་དག་སྦྱངས་ནས། ཆུ་ལྷག་མ་གྱེན་དུ་ལྡོག་པ་ཉིད་རིགས་ལྔའི་དབུ་རྒྱན་དུ་གྱུར་པར་མོས་པ་ནི་དཀྱིལ་འཁོར་གསུམ་གྱི་སྲོག་ཡེ་ཤེས་སུ་དབང་བསྐུར་བ་དང༌། དེ་ལས་བདག་ཉིད་ཀྱང་གདོད་ནས་གྲུབ་པའི་དཀྱིལ་འཁོར་དུ་གསལ་བའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་ལ་ཕྱག་མཚན་གསུམ་དང་ས་བོན་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་སྦྱངས། མ་རྟོགས་པར་འཁོར་བའི་རང་བཞིན་རྟོགས་པ་བྱང་ཆུབ་ཀྱི་སེམས་སུ་བསྒྲལ་ནས་བདག་དང་གཉིས་སུ་མེད་པར་བསྡུ་བ་ནི་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བ་ཞེས་བྱ་སྟེ། སྔ་མ་ལས། ཁམས་གསུམ་ཡེ་ནས་སངས་རྒྱས་ཡིན། །རྟོག་པའི་དབང་གིས་འཁོར་བ་རྣམས། །


JLAZ009_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་བྱང་ཆུབ་སེམས་སུ་བསྒྲལ། །སླར་འདུས་བདག་ལ་དབང་བསྐུར་རོ། །ཞེས་སོ། །འདི་ནི་ཕུར་པ་རང་ལུགས་ཀྱི་བདག་འཇུག་གི་དོན་པོ་སྔོན་ཆད་གཞན་གྱིས་མ་རྟོགས་པ་མང་སྟེ། རྣམ་པའི་བྱ་བ་སློབ་མ་ལ་ཇི་ལྟར་བསྐུར་བའི་ཆོ་གས་འཇུག་གོ །གསུམ་པ་ལ་གཉིས། དཀྱིལ་འཁོར་དུ་གཞུག་པ་དང༌། དེ་ལ་དབང་བསྐུར་བའོ། །དང་པོ་ནི། རྩ་རྒྱུད་ལས། དར་དཀར་ཡོལ་བ་བྲེས་པ་རུ། །རྫས་དང་ལག་ཆ་ཀུན་བཀྲམ་ནས། །སློབ་མ་ལྔའམ་གཅིག་ཀྱང་རུང༌། །གདོང་གཡོགས་དར་གྱིས་རབ་དཀྲིས་ལ། །དག་པའི་ཁྲུས་ཀྱིས་བཀྲུས་བྱས་ ནས། །རིན་ཆེན་སྣ་ཚོགས་སྙིམ་པར་བཟུང༌། །ཞེས་དང༌། སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་ཡིས། །དེ་ཡི་ལུས་ངག་ཡིད་གསུམ་བཀྲུ། །ཞེས་པས་འབྲུ་གསུམ་བསྡུས་པའི་ལས་བུམ་གྱིས་ཁྲུས་བྱ། སློབ་མའི་བདུད་དང་བགེགས་བསལ་ཏེ། །ཡོན་ནི་ཁས་ནི་ལེན་དུ་གཞུག །ཅེས་པས་བགེགས་བསལ་བའི་ཕྱིར་ཕྱི་རོལ་པ་ལ་གཏོར་མ་བྱིན་ནས་བསྐྲད་པ་དང༌། བདུད་བསལ་བའི་ཕྱིར་རྒྱུད་ལས། ཁྲོ་བོ་ཡིག་འབྲུ་ཕྱག་མཚན་གྱི། །འཕྲོ་འདུས་བར་དུ་གཅོད་པ་བསལ། །ཅེས་པས་ཁྲོ་མོ་རྡོ་རྗེ་སྡེར་མོ་སོགས་ཀྱི་དྲག་སྔགས་བཟླས་པའི་ལས་བུམ་གྱི་ཁྲུས་ནས་དབྱུང་བ་དང༌།


JLAZ009_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བཅོས་པའི་ཆོས་བཤད་པ་སོགས་སྤྱི་ལྟར་བྱས་ནས། ཡིད་མཆོག་ཏུ་བྱ་བའི་ཕྱིར་མིག་དར། བཛྲ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། ཞེས་འཆིང་། ཨ་ཁཾ་ཝཱི་ར་ཧཱུཾ། ཞེས་ནམ་མཁའི་དཔའ་བོ་བོས་ནས་མེ་ཏོག་གཏད་པས་རིགས་ལྔའི་ས་བོན་རང་རང་ལས་སྐྱེས་པའི་མེ་ཏོག་གི་ཕྲེང་བ་སོ་སོའི་ས་བོན་གྱིས་མཚན་པ་རེ་སྙིམ་པར་བཟུང་བར་བསྒོམ། དེ་ནས་སློབ་མ་རྣམས་ཀྱིས་ཡོལ་བའི་ཕྱི་རོལ་ནས་གསོལ་བ་གདབ་པ་ནི། བཤད་རྒྱུད་ལས། ཁྲག་འཐུང་རྡོ་རྗེ་ཧེ་རུ་ཀ །བདག་གི་བདུད་རྩི་ལྔས་མཆོད་དེ། །བདག་ནི་རབ་ཏུ་བསྒྲལ་ སླད་དུ། །མི་ཕྱེད་རྡོ་རྗེ་བདག་ལ་སྩོལ། །ལན་གསུམ། སློབ་དཔོན་གྱིས། སྐལ་ལྡན་རིག་འཛིན་རིགས་ཀྱི་བུ། །ལྷག་པའི་བསམ་པ་བཟང་པོའི་ཕྱིར། །ད་ལྟའི་དུས་ནས་སེམས་བསྐྱེད་ནས། །བུ་ཁྱོད་དགའ་བ་ཅི་ལ་དགའ། །ཞེས་པའི་ལན་དུ་སློབ་བུས། བདག་ནི་སྐལ་བཟང་བདེ་ཆེན་ལ། །བདེ་ཆེན་མཆོག་ལ་བདག་དགའ་སྟེ། །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར། །ཁྲག་འཐུང་དཔལ་ལ་བདག་དགའོ། ཞེས་བརྗོད་པ་ལ་དམ་ཚིག་བསྒྲགས་ནས་སྡོམ་པ་ཐུན་མོང་བ་བྱིན་པ་ནི། ཕྲིན་ལས་ཀྱི་རྒྱུད་ལས། དྲག་པོའི་ལས་ཀྱི་དཀྱིལ་འཁོར་འདིར། །རིགས་ཀྱི་བུ་


JLAZ009_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་འཇུག་པར་བྱོས། །སྤྱི་དང་ཁྱད་པར་ལྷག་པ་ཡི། །དམ་ཚིག་གཉན་ལས་ཁྱོད་མ་འདའ། །དཀྱིལ་འཁོར་གསང་བ་མ་མཐོང་ཞིང༌། །གསང་བ་དམ་པ་མ་མཐོང་ལ། །གསང་བ་དམ་པ་སྨྲ་མ་བྱེད། །ཁྱོད་ཀྱིས་སེམས་ཅན་སྲོག་མ་གཅོད། །མ་བྱིན་ལེན་པ་རྫུན་ལ་སོགས། །མི་དགེའི་ལས་རྣམས་སྤང་བར་བགྱི། །ཞེས་དང༌། ཐེག་ཆེན་གྱི་རིགས་སད་པར་བྱེད་པའི་སྨོན་འཇུག་སྟབས་གཅིག་པ་སྔར་སྟ་གོན་བཞིན་དུ་བྱེད་ནས་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཕྱིར་གསོལ་བ་གདབ་པ་ནི། རྩ་རྒྱུད་ལས་རྡོ་རྗེ་ཡེ་ཤེས་ཆེན་པོ་ཡི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །དེ་རིང་བདག་ལ་དབང་བསྐུར་ཤོག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །མ་ལུས་གཞུང་བཞིན་བསྒྲུབ་ནས་ནི། །སྐུ་གསུང་ཐུགས་ཀྱི་ཕུར་པ་བཞིན། །ཡེ་ཤེས་རྡོ་རྗེ་དཀྱིལ་འཁོར་དུ། །བདག་གིས་དད་པས་འཇུག་པར་བགྱི། །རྡོ་རྗེ་འཇོམས་བྱེད་ཆེན་པོ་ཡིས། །བདག་ལ་དབང་མཆོག་དེ་རིང་གསོལ། །ལན་གསུམ། སློབ་དཔོན་གྱིས། ང་ནི་ཡེ་ཤེས་རྡོ་རྗེ་སྟེ། །ཉོན་མོངས་རྣམ་རྟོག་འཇོམས་པའི་ཕྱིར། །འཇོམས་བྱེད་རྡོ་རྗེ་ཆེན་པོ་འདི། །དེ་རིང་


JLAZ009_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་སྦྱིན་པར་བྱ། །ཞེས་བརྗོད་ནས་སློབ་བུའི་སྙིང་གར་རྡོ་རྗེ་བཞག་ལ། ཁྱོད་གཞན་དོན་དུ་སངས་རྒྱས་སྒྲུབ་པར་འདུན་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་སྙིང་གར་ཟླ་བ་ཉ་གང་བའི་སྟེང་དུ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་ལྔ་ལྡན་གྱི་རྣམ་པ་ཅན་དུ་སྒོམ་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཨཱོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ཏ་ཡ་མཱི། ཞེས་ལན་གསུམ། འཇོམས་བྱེད་ཆེན་པོའི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །རྣམ་རྟོག་འཇོམས་ཕྱིར་ཡེ་ཤེས་གསལ། །སངས་རྒྱས་བདག་ལ་དབང་ལྡན་ཤོག །ཅེས་སྨོན་ལམ་གདབ། དེ་ནས་སྔགས་སྡོམ་བྱེ་བྲག་པ་གཟུང་བའི་ཕྱིར་མོས་པ་བརྟན་པོས་འདིའི་རྗེས་ཟློས་མཛོད། ཅེས་བརྡའ་འཕྲོད་པར་བྱས་ལ། ཧཱུྃ། སངས་རྒྱས་ཀུན་གྱི་འགྲུབ་པའི་གཞི། །བླ་མེད་རྡོ་རྗེའི་དམ་ཚིག་སྟེ། །དམ་ཚིག་འདི་ནི་གཟུང་བར་བགྱི། །བླ་མ་རྡོ་རྗེ་སློབ་དཔོན་དང༌། །དཀོན་མཆོག་མཁའ་འགྲོ་མ་ཡང་གཟུང༌། །ཕྱག་རྒྱ་སྔགས་རྣམས་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བ་ཆེན་པོ་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་གཟུང༌། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །ཞེ་སྡང་


JLAZ009_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་ཆགས་ང་རྒྱལ། །དཀར་དམར་ལྗང་སེར་མཐིང་གའི་མདོག །དག་པའི་སྣོད་བཅུད་མི་དོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་མདོ། །བདག་གིས་བརྟན་པོར་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ༌། །ལན་གསུམ་གྱིས་སྔགས་སྡོམ་ཐོབ་པར་ངེས་ཤེས་བསྐྱེད་དོ། །དེ་ནས་དམ་ལ་བཞག་པ་ནི། དབང་ཐོབ་བྱ་དཀྱིལ་འཁོར་གྱི་བྱ་བ་ལ་བརྟེན་ནས་ཐོབ་ཀྱང༌། དབང་འཛིན་པ་དམ་ཚིག་ལ་བརྟེན་ནས་འཛིན་པ་ཡིན་པས་ནན་ཏུར་དུ་སྨོས་པ་སྟེ་རང་སྔགས་ཀྱིས་བཟློས་པའི་དམ་ཆུ་བྱིན་ལ། དེ་རིང་ཁྱོད་ཀྱི་སྙིང་ལ་ནི། །རྡོ་རྗེ་སེམས་དཔའ་ཡང་དག་གནས། །གལ་ཏེ་ཚུལ་འདི་དྲལ་གྱུར་ན། །སྐད་ཅིག་གིས་ནི་དྲལ་ཏེ་གཤེགས། །དེ་བས་དམ་ལས་མ་འདའ་ཞིག །ཨཱོཾ་བཛྲ་རོད་ཋ་ཀ་ཧཱུྃ། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ང་ཡིས་སྨྲས་པ་ཐམས་ཅད་ཀྱང༌། །ངེས་པ་ཁོ་ནར་བྱ་དགོས་སོ། །བདག་ལ་སྨད་པར་མ་བྱེད་ཅིག །གལ་ཏེ་སྨད་པར་བྱས་ན་ནི། །ཚེ་ཡི་འདུ་བྱེད་བྱས་ནས་ཀྱང༌། །དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །རྡོ་རྗེ་དམྱལ་བར་འགྱུར་ཏ་རེ། །སྐལ་དང་ལྡན་པ་རིགས་ཀྱི་བུ། །ཁྱོད་ཀྱིས་བསྲུང་བར་བྱ་བ་ནི། །ལྷ་དང་བླ་མ་སྤུན་མི་སྤང༌། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །གསང་བ་


JLAZ009_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་སྤེལ་མི་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། །རྩ་བའི་དམ་ཚིག་ངེས་ཐུབ་ན། །དམ་ཆུ་འདི་ཡིས་རྐྱེན་བྱས་ནས། །ཡེ་ཤེས་སེམས་དཔའ་ཉིད་དུ་འགྱུར། །ཞེས་དང༌། གསང་དགོངས་ལས། ཁྱོད་ལ་དམ་ཚིག་འབོག་པ་ནི། །ཡི་དམ་ལྷ་ལ་རྟག་པར་གནས། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །བླ་མ་མིག་གི་འབྲས་ལྟར་བལྟ། །རྡོ་རྗེ་སྤུན་ལ་བརྩེ་གདུང་ཆེ། །གསང་བའི་མན་ངག་ཐབས་མཆོག་འདི། །སྣོད་ངན་གཞན་ལ་མི་སྤེལ་ལོ། །རྒྱུད་འགྲེལ་བློ་ཞེན་བསྒྲུབ་ལ་ཞུགས། །སྦྱོར་སྒྲོལ་མཆོད་པ་རྒྱུན་མི་གཅད། །རྫས་དང་ལག་ཆ་རྟག་ཏུ་འཆོངས། །ལྟ་བ་ནམ་མཁའ་བཅོས་པ་མེད། །སྒོམ་པ་ངང་བཞག་བླང་དོར་བྲལ། །སྤྱོད་པ་ས་གཞི་བཞིན་དུ་གྱིས། །དམ་ཚིག་འཇིག་པའི་མཁར་བཞིན་བསྲུང༌། །གསང་བའི་དམ་ཚིག་འདའ་བར་དཀའ། །གསང་སྔགས་སྟོན་པའི་སློབ་དཔོན་ལ། །སྨད་སེམས་འཕྱ་སེམས་བྱས་ན་ནི། །དངོས་གྲུབ་མེད་ཅིང་དམྱལ་བར་ལྟུང༌། །སྲོག་ལ་བར་ཆད་མྱུར་དུ་འོང༌། །ཨ་མྲྀ་ཏ་ན་རཀྐན། ཞེས་བརྗོད་དེ་ནས་ལྷ་དང་སྐལ་བ་མཉམ་པའི་རྟེན་འབྲེལ་སྒྲིག་ཕྱིར་འཇུག་པ་དངོས་ནི། རྒྱུད་ལས། ཁྲུས་དང་གཙང་སྦྲ་དྲི་ཞིམ་ལུས། །སྣ་ཚོགས་


JLAZ009_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་གྱིས་རྣམ་པར་བརྒྱན། །ཧཱུྃ་སྙེམས་བྱམས་པའི་སྒྲ་ཡང་སྒྲོགས། །ཧི་ཧི་འཇིགས་པའི་སྒོ་ཕྱེ་ནས། །དཀྱིལ་འཁོར་ཆེན་པོར་ཞུགས་པར་གྱུར། །ཞེས་པས། ཧཱུྃ་ཛཿབཾ་ཧོཿ ཧི་ཧི། ཞེས་ཚད་མེད་བཞི་དང་མཐུན་པའི་སྒོ་དབྱེ་བར་བསམ་ཞིང༌། སློབ་མའི་ལག་པ་ནས་བཟུང་ལ་ཤར་སྒོ་ནས་རིམ་པར་གཡས་སྐོར་གྱི་སྒོ་བཞིར་ཁྲིད་པར་མོས་ལ། ཨོཾ་རཏྣ་པུཥྤ་ཨ་བཱི་ར་ཧཱུྃ་ཁཾ། ཞེས་ཀྱང་བརྗོད། སློབ་མ་རྣམས་ཀྱིས། ཨོཾ་ནཱ་མ་ཏེ་ཧཱུྃ། ཨོཾ་ནཱ་མ་མི་ཧཱུྃ། ཨོཾ་ན་མོ་ནཱ་མ་ཧཱུྃ། ཞེས་སྒོ་སོ་སོར་སྐུ་གསུང་ཐུགས་ཕྱག་བྱ་བ་ཡན་ནི་ཕྱི་འཇུག་གོ །ནང་འཇུག་ནི། ཐོག་མར་སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས་ནས་དཀྱིལ་འཁོར་གྱི་བདག་པོའི་སྲས་སུ་བྱ་བའི་ཚུལ་བཤད་རྒྱུད་ལས། སྲས་ཀྱི་མཆོག་ཏུ་རབ་ཏུ་དམིགས། །ཁྲག་འཐུང་འདུས་པའི་དཀྱིལ་འཁོར་ལ། །དབང་ནི་རབ་ཏུ་བླང་བར་བྱ། །ཞེས་པས་དང་པོར་གསོལ་བ་གདབ་པ་ནི། ཧཱུྃ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་ཉིད་ལས། །འབར་བའི་ཁྲོ་བོ་མི་བཟད་པའི། །སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག །ཅེས་བརྗོད་པས། དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་བདེ་བ་ཆེན་པོའི་རྦ་རླབས་གཡོས། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཧཱུྃ་


JLAZ009_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཅེས་བརྗོད་པའི་སྒྲ་དང་འོད་ཟེར་གྱིས་སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ལ་ངོ་བོ་ཉིད་མེད་པ་ནི་ཆོས་ཀྱི་སྐུ། དེའི་ངང་ལས་ལོངས་སྤྱོད་རྫོགས་པའི་རང་བཞིན་ཧཱུྃ་དུ་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས། ཡུམ་གྱི་བྷ་གར་རྡོ་རྗེ་གཞོན་ནུར་སྨིན་པས་སྐུ་གསུམ་རྫོགས། བཛྲ་ས་མ་ཡ་ཛཿཞེས་བརྗོད་པས་ཕྱིར་ཕྱུང་སྟེ་ཡབ་ཀྱི་ཕྱག་རིགས་ལྔ་ཡབ་ཡུམ་དུ་གྱུར་པས་བླང༌། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཞེས་བརྗོད་པས་བདེ་བའི་རླབས་ཀྱིས་དབང་བཞི་བསྐུར། དེ་ལ་ཡེ་ཤེས་དབབ་པའི་ཕྱིར་སྤོས་རོལ་བྱ་ཞིང་རྫས་ཀྱི་སྦྱོར་བ་དམིགས་བསལ་བསྲེག་པ་དང་བཅས། ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པ། །དབང་དང་བྱིན་རླབས་བདག་གསོལ་ཅིག །སངས་རྒྱས་འདུས་པ་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་བེ་ཤ་ཡ་ཧཱུྃ་ཕཊ། ཅེས་ལན་མང་དུ་བརྗོད་ཅིང༌། སློབ་མས་ལུས་ངག་ཡིད་གསུམ་དྲང་པོར་བཞག་པས་འདར་བ་དང༌། གཡོ་བ་དང༌། སཾ་སྐྲྀ་ཏའི་སྒྲ་དང༌། བརྡའ་སྐད་དང༌། གླུ་དང༌། ཉམས་དགའ་བ་དང༌། བག་ཕེབས་པ་དང༌། རྟོགས་པ་ཐོད་རྒལ་དུ་སྐྱེ་བ་ནི་


JLAZ009_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལས་བྱུང་བའི་ཡེ་ཤེས་མ་ནོར་བ་ཉིད་དེ། མདོར་ན་སྒོ་གསུམ་ལ་བླང་དོར་མེད་པའི་སྤྱོད་པ་སྣ་ཚོགས་འཆར་རོ། །ཕེབས་རྟགས་བྱུང་མ་ཐག་སྤྱི་བོར་རྡོ་རྗེ་རྒྱ་གྲམ་འཇོག་ཅིང་། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། མ་གུ་ལ་པྲ་ཏ་ལ་ཧཱུྃ་ཕཊ། ཅེས་བརྗོད་པས་བརྟན་པར་བྱ། དེ་ནས་རིགས་དང་ལས་འབྲེལ་བརྟག་པའི་ཕྱིར་དཀྱིལ་འཁོར་དངོས་སམ། རེ་ཁཱའི་ནང་དུ་མེ་ཏོག་སྔོན་པོ་སྣ་ཚོགས་ཕྱི་རོལ་དུ་མ་འདས་པར་དོར་ཞིང་བཤད་རྒྱུད་ལས། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྡོ་རྗེ་རིགས་ཀྱི་མེ་ཏོག་དོར་ནས་ཀྱང༌། །ཁྲག་འཐུང་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྐལ་ལྡན་རིག་འཛིན་བདག་ལ་སྩལ་དུ་གསོལ། །བདག་ནི་རྡོ་རྗེའི་རིགས་སུ་གཟུང་དུ་གསོལ། །ཨཱོཾ་བོ་དྷི་ཙིཏྟ་པཱུ་ཙ་ཧོ། དེ་ནས་བླ་མས་རིགས་དེ་དང་མཐུན་པའི་མིང་གདགས་ཤིང་དངོས་གྲུབ་ཐོབ་པར་ལུང་བསྟན་ནས་ལྷག་པའི་ལྷ་དེས་རྗེས་སུ་འཛིན་པའི་རྟེན་འབྲེལ་སྒྲིག་ཕྱིར་སླར་ཅོད་པན་སྤྱི་བོར་བཅིངས་ཤིང་། དེ་རིང་ཕན་ཆད་བུ་ཁྱོད་ཀྱི། །མིང་ནི་རྡོ་རྗེ་ཆེ་གེ་མོ། །རྡོ་རྗེ་ཀུན་གྲགས་ཡིན་པར་ངེས། །རྡོ་རྗེའི་མཚན་གྱིས་ཀུན་གྲགས་ཤོག །ཅེས་དང་། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །བྱང་ཆུབ་རྡོ་རྗེ་ལམ་


JLAZ009_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤྱན་དྲངས་ནས། །ཁྲག་འཐུང་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རབ་འབྱམས་རྣམས། །སྐལ་ལྡན་རིག་འཛིན་ཁྱོད་ལ་སྦྱིན་པར་བྱ། །པུཥྤེ་ཨཱ་ཝེ་ཤ་ཡ་ཨ་ཨཱ། ཞེས་བརྗོད། དེ་ནས་མིག་དབྱེ་བ་ནི་རྩ་བཤད་ཀྱི་རྒྱུད་ལས་དངོས་སུ་མ་བསྟན་ཀྱང༌། རྣལ་འབྱོར་ཆེན་པོ་ལས། མིག་དབྱེ་དཀྱིལ་འཁོར་དོན་རྟགས་རབ་ཏུ་བསྟན། །ཞེས་པས། སློབ་དཔོན་གྱིས་མིག་ཐུར་ཐོགས་ལ། སྔོན་ཚེ་མིག་མཁན་རྒྱལ་པོ་ཡིས། །གསེར་གྱི་གཙགས་བུ་ཐོགས་ནས་ནི། །མིག་གི་ལིང་ཏོག་བསལ་བ་ལྟར། །ཐུགས་རྗེ་ཡེ་ཤེས་ཐབས་ལྡན་པས། །མི་ཤེས་རྨོངས་པའི་རབ་རིབ་དང༌། །མ་རིག་མུན་པ་བསལ་དུ་གསོལ། །དེང་ཁྱོད་རྡོ་རྗེ་སེམས་ཀྱིས་ནི། །མིག་ཀུན་ངེས་པར་འབྱེད་མཛད་པའི། །མིག་འབྱེད་པ་ལ་བརྩོན་པར་བྱེད། །རྡོ་རྗེའི་མིག་ཏུ་བླ་མེད་འགྱུར། །ཨཱོཾ་བཛྲ་ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཕཊ། ཅེས་གདོང་གཡོགས་ཕྱེ། དེ་ནས་དཀྱིལ་འཁོར་བསྟན་པ་ནི། ཆོས་རྣམས་གཟུགས་བརྙན་འདྲ་བ་ཡི། །རང་བཞིན་དག་པར་རྙོག་པ་མེད། །གཟུགས་བརྙན་གསལ་བའི་དཀྱིལ་འཁོར་དུ། །ཀུན་གྱིས་དྲི་མ་མེད་མཐོང་ཤོག །དཀྱིལ་འཁོར་ཉིད་ལ་ད་ལྟ་ཉིད། །དད་པའི་ཤུགས་ཀྱིས་བལྟ་བར་གྱིས། །ཁྱེད་ཀྱང་སངས་


JLAZ009_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རིགས་ལས་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །བཛྲ་མཎྜལ་པྲ་ཝེ་ཤ་ཡ་ཧོཿཨེ་མ་སྣོད་དང་ལྡན་པའི་བུ། །ཁྱོད་ནི་དཀྱིལ་འཁོར་ཆེན་པོ་འདིའི། །ཚོན་རྩི་མཐོང་བས་སྡིག་ལས་གྲོལ། །དེ་ཕྱིར་དད་པ་རབ་ཏུ་བསྐྱེད། །རྟགས་ཀྱི་དཀྱིལ་འཁོར་ཆེན་པོ་ནི། །དོན་གྱི་འོག་མིན་ཉིད་ཡིན་ཏེ། །བྱང་ཆུབ་ཕྱོགས་ཀྱི་ཆོས་ཀུན་དང༌། །ས་ལམ་འབྲས་བུའི་ཡོན་ཏན་རྫོགས། །དེ་ན་བཞུགས་པའི་སངས་རྒྱས་ཀུན། །རང་གི་སེམས་སུ་ཤེས་པར་གྱིས། །སེམས་ནི་ཆོས་ཉིད་ལ་གནས་པས། །རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ཡིན། །ཞེས་མཐོང་བ་སྤྱིར་བསྟན་ནོ། །སྤྲོས་པ་ལ་དགའ་ཞིང་རྟེན་དང་བརྟེན་པའི་དག་སྦྱོར་ཇི་བཞིན་དུ་རྟོགས་པར་འདོད་ན་དག་པ་རྒྱས་པར་བརྗོད་པ་ལ་གཉིས། དང་པོ་རྟེན་གཞལ་ཡས་ཁང་གི་དག་པ་ནི་གསང་དགོངས་ལས། གཞལ་ཡས་གསལ་བའི་དོན་རྟགས་ནི། །གཞལ་ཡས་གྲུ་བཞིར་བྱུང་བ་ནི། །ཚད་མེད་བཞི་ཡི་དོན་རྟགས་ཡིན། །ཕྱོགས་བཞིར་སྒོ་བཞི་བྱུང་བ་ནི། །རྣམ་ཐར་ཡེ་ཤེས་དོན་རྟགས་ཡིན། །རྟ་བབས་ཡང་དག་སྤོང་བ་བཞི། །ཡེ་ནས་རྣམ་པར་དག་པའི་དོན་རྟགས་ཡིན། །དྲྭ་བ་དྲྭ་ཕྱེད་བརྒྱན་པ་ནི། །ཉོན་མོངས་གནས་སུ་དག་པའི་དོན་རྟགས་ཡིན། །


JLAZ009_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སྨུག་ཀ་བ་བརྒྱད་བཏེགས་པ། །འཕགས་པའི་ལམ་བརྒྱད་དོན་རྟགས་ཡིན། །ཚངས་པའི་གདུང་ལྔ་བཀྱེ་བ་ནི། །དུག་ལྔ་གནས་སུ་དག་པའི་དོན་རྟགས་ཡིན། །ཉི་ཟླའི་ཀ་གདན་ཀ་གཞུ་ནི། །ཐབས་དང་ཤེས་རབ་དོན་རྟགས་ཡིན། །ཞིང་གི་ཡ་ཁལ་མ་ཁལ་གྱིས། །ཡ་ཐེམ་མ་ཐེམ་བྱས་པ་ནི། །ཕ་མའི་ཆགས་སྡང་གནས་སུ་དག་པའི་དོན་རྟགས་ཡིན། །སྦྲུལ་ནག་སྐྱེས་བུ་བྱས་པ་ནི། །འཁོར་བ་ཞེ་སྡང་བསད་པའི་དོན་རྟགས་ཡིན། །དུར་ཁྲོད་ཆེན་པོས་བརྒྱན་པ་ནི། །ཉོན་མོངས་ཆོ་འཕྲུལ་སྔོན་དུ་ཕྱུང༌། །ཡང་སྤྲུལ་སུམ་སྤྲུལ་གཏོད་ཅིང་ཟབ་པའི་དོན་རྟགས་ཡིན། །འདོད་ཡོན་ལྷ་མོས་བརྒྱན་པ་ནི། །ལོངས་སྤྱོད་ལྔ་ལྡན་དོན་རྟགས་ཡིན། །རིན་ཆེན་ཕ་གུ་ལ་སོགས་བརྒྱན། །ཚུལ་ཁྲིམས་རྣམ་པར་དག་པའི་རྟགས། །རིན་ཆེན་སྣ་ལྔའི་རྩིག་པས་བརྒྱན། །ཡེ་ཤེས་ལྔ་ཡི་དོན་རྟགས་ཡིན། །ཟུར་སྒོར་རྒྱལ་མཚན་བཞི་ཡིས་བརྒྱན་པ་ནི། །རྣམ་རྟོག་བདུད་ལས་རྒྱལ་བའི་དོན་རྟགས་ཡིན། །དཔག་བསམ་ཤིང་གིས་རྒྱན་པ་ནི། །ཐུགས་རྗེས་ཡོངས་ལ་ཁྱབ་པའི་དོན་རྟགས་ཡིན། །རི་དྭགས་ཤ་རས་བརྒྱན་པ་ནི། །བྱང་ཆུབ་སེམས་དཔས་བསྐོར་བའི་དོན་རྟགས་ཡིན། །ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། །ས་བཅུའི་བྱང་ཆུབ་


JLAZ009_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་རྟགས་ཡིན། །ཞིང་གི་གདུགས་དང་འཕན་གྱིས་བརྒྱན་པ་ནི། །ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ། །སོ་སོར་ཡང་དག་དོན་ནི་སྟོན་པའི་རྟགས། །ནང་ནི་ཐོད་པའི་གཞལ་ཡས་ཁང༌། །གཟུང་འཛིན་གཉིས་དང་བྲལ་བའི་དོན་རྟགས་ཡིན། །དབུས་སུ་གྲུ་གསུམ་མཐིང་ནག་བྱུང་བ་ནི། །ཆོས་ཀྱི་དབྱིངས་ཉིད་སྐྱེ་མེད་ལས། །སྐུ་གསུང་ཐུགས་གསུམ་བྱུང་བའི་དོན་རྟགས་ཡིན། །ཟླ་གམ་དམར་པོ་གསུམ་དུ་བྱུང་བ་ནི། །སྲིད་གསུམ་དབང་དུ་སྡུད་པའི་དོན་རྟགས་ཡིན། །འཁོར་ལོ་རྩིབས་བརྒྱད་བྱུང་བ་ནི། །དོན་གྱི་འཁོར་ལོ་རྒྱས་པར་བསྐོར་བའི་དོན་རྟགས་ཡིན། །ཕོ་བྲང་ཟླུམ་པོར་བྱུང་བ་ནི། །སྐྱེ་མེད་ལྷུན་གྱིས་གྲུབ་པའི་དོན་རྟགས་ཡིན། །དཀར་པོ་ཟླུམ་པོར་བྱུང་བ་ནི། །ཞི་བ་ཆེན་པོའི་དོན་རྟགས་ཡིན། །སེར་པོ་གྲུ་བཞིར་བྱུང་བ་ནི། །རྒྱས་པ་ཆེན་པོའི་དོན་རྟགས་ཡིན། །རྡོ་རྗེ་ར་བས་བསྐོར་བ་ནི། །ཐུགས་ནི་ཡང་དག་དོན་རྟགས་ཡིན། །ཞེས་སོ། །དེ་ཡང་ནང་དུ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ལ་ཚང་བའི་ཚུལ་ནི། གསང་དགོངས་ལས། རྐང་པ་རླུང་གི་དལ་ཡིན་ཏེ། །འདོམས་ནི་མེ་ཡི་དཀྱིལ་འཁོར་རོ། །གསུས་པ་ཆུ་ཡི་དཀྱིལ་འཁོར་ཏེ། །ཕོ་བ་ས་ཡི་དཀྱིལ་འཁོར་ཡིན། །བྲག་ནི་


JLAZ009_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཀེང་རུས་རི་རབ་སྟེ། །མགོ་བོ་ཐོད་པའི་གཞལ་ཡས་ཁང༌། །རྩ་གནས་དབུས་ན་ལྷ་ཚོགས་བཞུགས། །ཞེས་པས་རྡོ་རྗེའི་ལུས་ནི་གསང་སྔགས་བླ་མེད་ཀྱི་གདོད་ནས་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ཡིན་ཏེ། འདོམ་གང་གྲུ་བཞི་པས་དལ་གྲུ་བཞི་ཡོད་པ་མཚོན། འཁོར་ལོ་ལྔ་ནི་དབུས་ཀྱི་ཕོ་བྲང་ཆེན་པོ། ཁ་སྣ་དང་འོག་སྒོ་གཉིས་ནི་འཇུག་པའི་སྒོ་བཞི། མིག་གཉིས་དང་རྣ་བ་གཉིས་ནི་ལྐོག་གྱུར་ཡེ་ཤེས་ཆེན་པོའི་སྒོ་བཞི། སྙིང་གི་ཕྱོགས་བཞི་ནས་འབྱུང་བཞིའི་རླུང་རྒྱུ་བས་བར་གྱི་སྒོ་བཞི། རྐང་བརྒྱད་ཀ་བ། རྩ་བརྒྱད་གདུང་མ། རྩ་ཕྲན་དྲལ་ལྕམ། རུས་པ་རྩིགས་པ། ཤ་ནི་འདོད་སྣམ། ཚིལ་བུ་ཕ་གུ། རུས་པ་དྲྭ་ཕྱེད། སེན་མོ་ཤར་བུ། སོར་མོ་མདའ་ཡབ། ཚིགས་པ་རྟ་བབས། རྣ་བ་རི་དྭགས། ཐོད་ལྤགས་གདུགས། སྐྲ་རྣམས་དར་དཔྱངས། ཚངས་བུག་ཏོག །པགས་པ་རྡོ་རྗེའི་གུར། བ་སྤུ་མེ་རི། ཕྱི་རོལ་གྱི་རྩ་རྣམས་སྲུང་བའི་འཁོར་ལོའི་རིམ་པའོ། །དེ་དག་ཀྱང་གསང་བར་རང་སེམས་ལ་ཚང་སྟེ། སེམས་ཉིད་ལ་མཐའ་དབུས་མེད་པས་སྟོང་པ་ནམ་མཁའི་དལ། སེམས་གཅིག་ཏུ་མི་གནས་པས་གཡོ་བ་རླུང་གི་དལ། སེམས་ལས་ཡོན་ཏན་ཐམས་ཅད་འབྱུང་བས་


JLAZ009_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གཤེར་བ་ཆུའི་དལ། སེམས་གང་གིས་ཀྱང་མི་བཤིགས་པས་སྲ་བ་སའི་དལ། སེམས་ཀྱི་རང་བཞིན་འོད་གསལ་ཞིང་རྣོ་བས་བསྲེགས་པ་མེའི་དལ། སེམས་ལ་འཁོར་འདས་ཐམས་ཅད་བརྟན་པས་རི་རབ། སེམས་ལ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་འདུས་པས་གཞལ་ཡས་ཁང༌། ཀུན་གཞིའི་རྣམ་ཤེས་རྒྱ་མ་ཆད་པས་ལྟེ་བ་ཟླུམ་པོ། ཉོན་མོངས་པའི་ཡིད་ཟུར་རྣོ་བས་ལྷ་སྣམ་གྲུ་བཞི། ཡིད་ཀྱི་རྣམ་ཤེས་གདངས་ཕྱེད་པས་རྟ་བབས། སྒོ་ལྔའི་རྣམ་ཤེས་ཀུན་ཏུ་འཇུག་པས་སྒོ་བཞི་བ་གླང་མིག་དང་བཅས་པ་སྟེ། རྒྱུ་དུས་ན་རྩ་ཐིག་རླུང་གསུམ་གྱི་དག་བྱའི་སྒྲིབ་པ་ཉིད་འདིར་ཕྱི་ནང་གཞན་གསུམ་གྱི་དཀྱིལ་འཁོར་དུ་ཤར་བའི་བརྡའ་དོན་རྟགས་གསུམ་གྱིས་མཚོན་པར་བྱས་པས་དོན་གྱི་ཡེ་ཤེས་ཕྱི་རོལ་ནས་བཙལ་དུ་མེད་པའི་གནས་ལུགས་མཐོང་བ་ཡིན་ནོ། །གཉིས་པ་ནི་གཞལ་ཡས་ཁང་དེ་ན་བཞུགས་པའི་བརྟེན་པ་ལྷའི་ཚོགས་དེ་དག་ཀྱང་འཁོར་བ་དང་རྣམ་པ་མཐུན་པའི་ཁྲོ་གཏུམ་ཅན་རང་རྒྱུད་པར་བཟུང་ན་རཱུ་ཏྲ་དང་སྲིན་པོ་བཞིན་དུ་འཁོར་བའི་གོ་འཕང་ལས་གཞན་དུ་མ་ཡིན་པའི་ཚུལ་བཤད་པའི་རྒྱུད་ལས། ལྷ་ཉིད་གཞི་རྩ་མ་བྲལ་ན། །ཡང་དག་དོན་གྱི་ཕུར་པ་མིན། །འཛིན་པས་བཅིངས་པའི་ལྷ་ཉིད་ནི། །གཞི་


JLAZ009_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྩ་བ་བཅས་པ་སྟེ། །ངེས་པ་ཅན་དུ་གྱུར་པས་ན། །བྱ་བཙལ་མེད་པའི་ཡེ་ཤེས་མིན། །དོན་གྱི་ཕུར་པ་གཞི་རྩ་བྲལ། །སྣང་བ་ཙམ་དུ་བསྟན་པ་སྟེ། །རང་རང་རྒྱུད་དུ་འཛིན་པ་མེད། །ཅེས་པས་ཆོས་སྐུའི་དབྱིངས་ལས་རེ་ཞིག་གཟུགས་སྐུའི་རྣམ་པར་རོལ་པ་བརྡའ་དང་རྟགས་ཀྱིས་མཚོན་པར་བརྟན་པའི་རྣམ་དག་འདི་ལྟར་དུ་བལྟ་བར་བྱ་སྟེ་བཤད་རྒྱུད་ལས། དབུ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན། །དབུ་གསུམ་རྣམ་ཐར་གསུམ་གྱི་དབུ། །དབུས་ནི་མཐིང་གར་བསྟན་པ་ནི། །ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པ་དང༌། །ཞེ་སྡང་རྩད་ནས་གཅོད་པའི་རྟགས། །གཡས་ནི་དཀར་བར་བསྟན་པ་ནི། །ཆོས་ཀྱི་སྐུ་ལ་ཉེས་པ་མེད་པ་དང༌། །ཉོན་མོངས་ནང་དུ་དག་པའི་ཕྱིར། །གཡོན་ནི་དམར་བར་བསྟན་པ་ནི། །ཐུགས་རྗེ་ཐབས་ཀྱི་ཆགས་པ་དང༌། །འདོད་ཆགས་རྩད་ནས་བཅད་པའི་རྟགས། །སྤྱན་མིག་དགུ་རུ་བསྟན་པ་ནི། །འཁོར་བའི་ས་དགུ་འཇོམས་པ་དང༌། །ཐེག་པ་དགུ་དང་ལྡན་པའི་ཕྱིར། །མཆེ་བ་བཅུ་གཉིས་བསྟན་པ་ནི། །སྐྱེ་མཆེད་བཅུ་གཉིས་རྩད་ནས་གཅོད་པ་དང༌། །ཤ་ཟ་གདུག་པའི་མཆེ་བ་དམར་བའི་ཕྱིར། །ཤངས་ནི་གསུམ་དུ་བསྟན་པ་ནི། །སྐུ་གསུམ་ལྷུན་གྱིས་གྲུབ་པ་དང༌། །དུག་གསུམ་རྩད་ནས་གཅོད་


JLAZ009_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །ཞལ་ནི་གསུམ་དུ་བསྟན་པ་ནི། །དུག་གསུམ་ཞལ་དུ་གསོལ་བ་དང༌། །སྟོང་གསུམ་སྒྲ་ཡིས་དགང་བའི་ཕྱིར། །བ་སྤུ་གྱེན་དུ་འཁྱིལ་བར་བསྟན་པ་ནི། །ཁམས་གསུམ་འཁོར་བའི་གནས་ནས་དྲང་བ་དང༌། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་ས་ལ་དགོད་པའི་ཕྱིར། །རལ་པ་ཁམ་ནག་གྱེན་དུ་འཁྱིལ་བར་བསྟན་པ་ནི། །གདུག་པ་ཅན་རྣམས་དབང་དུ་བསྡུ་བ་དང༌། །སྲིད་པའི་རྩེ་མོ་ཟིལ་གྱིས་གནོན་པའི་ཕྱིར། །ཕྱག་དྲུག་ཡེ་ཤེས་དྲུག་གི་རང་བཞིན་ཏེ༑ །གཡས་ཀྱི་དང་པོ་རྡོ་རྗེ་རྩེ་དགུ་བསྣམས་པ་ནི། །ས་དགུ་ལྷུན་གྱིས་གྲུབ་པ་དང༌། །ཐེག་པ་དགུ་དང་ལྡན་པའི་ཕྱིར། །བར་པ་རྡོ་རྗེ་རྩེ་ལྔ་བསྣམས་པ་ནི། །ཡེ་ཤེས་ལྔ་དང་ལྡན་པ་དང༌། །རིགས་ལྔ་འགྲོ་བའི་དོན་མཛད་ཕྱིར། །གཡོན་གྱི་དང་པོ་མེ་དཔུང་བསྣམས་པ་ནི། །ཡེ་ཤེས་མེ་རུ་འབར་བ་ དང༌། །འཁོར་བ་ཉོན་མོངས་བསྲེག་པའི་ཕྱིར། །གཡོན་གྱི་བར་མ་ཁ་ཊྭཱཾ་རྩེ་གསུམ་བསྣམས་པར་བསྟན་པ་ནི། །དུག་གསུམ་རྩད་ནས་གཅོད་པ་དང༌། །རིགས་གསུམ་མགོན་པོ་རྣམས་དང་གཉིས་སུ་མེད་པའི་ཕྱིར། །གཡས་གཡོན་ཐ་མ་རྡོ་རྗེ་རི་རབ་ཕུར་བུ་འདྲིལ་བར་བསྟན་པ་ནི། །ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟེ། །ཁམས་གསུམ་གདུག་པ་མ་


JLAZ009_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་བསྒྲལ་བའི་ཕྱིར། །དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ་ནི། །རྣམ་ཤེས་ཚོགས་བརྒྱད་རྩད་ནས་གཅོད་པའི་རྟགས། །གླང་ཆེན་ཀོ་རློན་སྐུ་ལ་གསོལ་བར་བསྟན་པ་ནི། །གཏི་མུག་རྩད་ནས་བཅད་ནས་ཀྱང༌། །ཐུགས་རྗེ་ཐབས་དང་ལྡན་པའི་ཕྱིར། །ཞིང་ཆེན་གཡང་གཞི་སྐུ་ལ་གསོལ་བར་བསྟན་པ་ནི། །འདོད་ཆགས་རྩད་ནས་གཅོད་པ་དང༌། །ཐུགས་རྗེ་ཆགས་པར་ལྡན་པའི་ཕྱིར། །སྟག་གི་ཤམ་ཐབས་སྐུ་ལ་བརྒྱན་པ་ནི། །ཞེ་སྡང་རྩད་ནས་བཅད་པ་དང༌། །ཐུགས་རྗེ་ཐབས་དང་ལྡན་པའི་ཕྱིར། །ཐོད་པ་སྐམ་པོས་དབུ་ལ་བརྒྱན་པ་ནི། །ཆོས་ཀྱི་སྐུ་དང་གཉིས་སུ་མེད་པ་དང༌། །སྐྱེ་བ་མེད་པའི་དོན་རྣམས་གྲུབ་པའི་ཕྱིར། །ཐོད་པ་རྙིང་པས་སྐུ་ལ་བརྒྱན་པར་བསྟན་པ་ནི། །ལོངས་སྤྱོད་སྐུ་དང་གཉིས་སུ་མེད་པ་དང༌། །ཐམས་ཅད་ཀུན་ཏུ་ལོངས་སྐུར་བསམ་མི་ཁྱབ་པའི་ཕྱིར། །ཐོད་པ་ཚལ་བུས་སྐུ་ལ་བརྒྱན་པར་བསྟན་པ་ནི། །སྤྲུལ་པའི་སྐུ་དང་གཉིས་སུ་མེད་པ་དང༌། །སྤྲུལ་སྐུ་འགྲོ་བའི་དོན་དུ་ཅིར་ཡང་སྣང༌། །ཞག་གི་ཟོ་རིས་སྐུ་ལ་བརྒྱན་པ་ནི། །འདས་པའི་སངས་རྒྱས་རྣམས་དང་གཉིས་སུ་མེད་པ་དང༌། །མར་མེ་མཛད་དང་བསྟན་པ་གཅིག་པའི་ཕྱིར། །ཐལ་ཆེན་ཚོམ་བུས་སྐུ་ལ་བརྒྱན་པ་ནི། །ད་


JLAZ009_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སངས་རྒྱས་རྣམས་དང་གཉིས་སུ་མེད་པ་དང༌། །བཅོམ་ལྡན་འདས་དང་སྐལ་བ་གཅིག་པའི་ཕྱིར། །རཀྟའི་ཐིག་ལེས་སྐུ་ལ་བརྒྱན་པ་ནི། །མ་བྱོན་སངས་རྒྱས་རྣམས་དང་གཉིས་སུ་མེད་པ་དང༌། །རྒྱལ་བ་བྱམས་པའི་བསྟན་པ་གཅིག་པའི་ཕྱིར། །རྡོ་རྗེ་གཤོག་པས་སྐུ་ལ་བརྒྱན་པ་ནི། །མ་མོ་མཁའ་འགྲོ་ཟིལ་གྱིས་གནོན་པ་དང༌། །ཐམས་ཅད་ཀུན་ཏུ་དབང་དུ་སྡུད་པའི་ཕྱིར། །སྦྲུལ་ཆེན་རིགས་བཞིས་སྐུ་ལ་བརྒྱན་པར་བསྟན་པ་ནི། །གདུག་པ་ཀླུ་རྣམས་རྩད་ནས་གཅོད་པ་དང༌། །ཞེ་སྡང་འཇོམས་པའི་རྒྱན་ནི་རིགས་བཞིར་བསྟན་པའི་ཕྱིར། །ཞབས་བཞི་མངོན་པར་བསྟན་པ་ནི། །རྫུ་འཕྲུལ་བཞི་ཡི་རང་བཞིན་ཏེ། །གཡས་གཉིས་བསྐུམ་པར་བསྟན་པ་ནི། །ཕོ་གཉིས་འགྲམ་པར་བརྫིས་པ་དང༌། །ཐབས་ཉིད་ཤེས་རབ་རང་བཞིན་ཏེ། །གཡོན་གཉིས་བརྐྱང་བར་བསྟན་པ་ནི། །མོ་ཉིད་ནུ་ཕྲག་བརྫིས་པ་དང༌། །ཤེས་རབ་ཐབས་ཀྱི་རང་བཞིན་ཕྱིར། །རྡོ་རྗེ་བ་སྤུ་ཁྲོ་བོས་གཏམས་པར་བསྟན་པ་ནི། །འཇིགས་པ་མེད་པར་དབང་དུ་སྡུད་པ་དང༌། །ཐམས་ཅད་ཀུན་ཏུ་སྤྲུལ་པར་ཁྱབ་པ་དང༌། །འཇིགས་མེད་ཁྲོ་བོ་འདུལ་བའི་ལྷ། །འཁོར་ལོ་རྒྱས་འདེབས་དགྱེས་པ་སྐོང་བའི་ཡུམ། །རྡོ་རྗེ་རིགས་ཀྱི་གཙོ་མོ་ཡུམ་ཆེན་མོ། །སྐུ་མདོག་མཐིང་བར་བསྟན་པ་ནི། །


JLAZ009_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་མེད་པའི་རང་བཞིན་ཏེ། །ཐམས་ཅད་ཆོས་སྐུར་གཅིག་པ་དང༌། །དོན་རྣམས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར། །སྤྱན་མིག་གཉིས་སུ་བསྟན་ པ་ནི། །ཐབས་དང་ཤེས་རབ་གཉིས་སུ་མེད་པ་དང༌། །འཁོར་འདས་གཉིས་ལ་གཟིགས་པའི་ཕྱིར། །ཞལ་ནི་གཅིག་ཏུ་བསྟན་པ་ནི། །ཡབ་ལ་དགྱེས་པར་བཞད་པ་དང༌། །དུག་ལྔ་ཞལ་དུ་གསོལ་བའི་ཕྱིར། །མཆེ་བ་བཞི་རུ་བསྟན་པ་ནི། །སྐྱེ་བ་རྣམ་བཞི་རྩད་ནས་གཅོད་པ་དང༌། །གདུག་པའི་ཚེམས་འདྲ་རྔམ་པའི་ཤ་ཟའི་ཕྱིར། །ཤངས་ནི་གཅིག་ཏུ་བསྟན་པ་ནི། །ཆོས་རྣམས་ཆོས་སྐུར་གཅིག་པ་དང༌། །དྲི་ཡི་མཆོད་པ་མཉམ་པའི་ཕྱིར། །གཡས་པ་ཡབ་ལ་འཁྱུད་པ་ནི། །ཤེས་རབ་ཐབས་ལ་ཆགས་པ་དང༌། །དགྱེས་པ་ཆེན་པོ་བསྐང་བའི་ཕྱིར། །གཡོན་པ་བྷནྡྷ་རཀྟ་བསྣམས་པ་ནི། །ཡུམ་གྱི་ཆགས་པ་སེལ་བ་དང༌། །འདོད་ཆགས་རྩད་ནས་གཅོད་པའི་ཕྱིར། །དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ་ནི། །སྡུག་བསྔལ་བརྒྱད་པོ་རྩད་ནས་བཅད་ནས་ཀྱང༌། །རྣམ་པ་ཐམས་ཅད་ཆོས་ཉིད་དབྱིངས་སུ་སྒྲོལ། །ཞབས་གཉིས་མངོན་པར་བསྟན་པ་ནི། །རྐང་གཉིས་ཀུན་ལ་བརྩེ་བར་དགོངས་པ་དང༌། །བདེ་བར་གཤེགས་པའི་ཐུགས་དམ་དགྱེས་བསྐང་ཕྱིར། །ཞེས་སོ། །དེ་ལྟར་བདག་ཉིད་རྩ་བའི་


JLAZ009_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་དག་པ་བརྗོད་ནས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ལའང་འདི་ལྟར་ཤེས་པར་བྱ་སྟེ། ཕྱོགས་རང་བཞིན་མེད་པར་མ་རྟོགས་ཤིང་མི་དགེ་བ་བཅུའི་ཀུན་ཏུ་རྟོག་པ་ཅན་རྣམས་ནི་ཕྱོགས་བཅུའི་གདོན་གྱི་གཞན་དབང་ཅན་ཡིན་པས་དེ་དག་གདུལ་བའི་གཉེན་པོར་དབང་བཅུ་དང་ས་བཅུའི་ངོ་བོ་ཉིད་ཁྲོ་བོ་ཡབ་ཡུམ་བཅུ་སྤྲུལ་པ་ཕྲ་ཐབས་ཉི་ཤུ་དང་བཅས་པར་བསྟན་པའང༌། བཤད་རྒྱུད་ལས། དྲེགས་པ་ཕྱོགས་སྐྱོང་འདུལ་བའི་ལྷ། །ཀུན་ཀྱང་སྲིན་པོའི་ཆ་བྱད་ཅན། །གཉེན་པོ་གདུལ་བའི་ཡུམ་མཆོག་དང༌། །ཡབ་ཡུམ་སྤྲུལ་པས་གདུལ་བྱ་འདུལ། །ཞེས་པ་སྟེ། མཚན་དོན་དང་མཐུན་པའི་དག་བརྗོད་ནི་ལེའུ་བཅུ་གསུམ་པ་ལས། ཧཱུྃ་ནི་ཡེ་ཤེས་ལྔ་ལྡན་ཞིང༌། །ཀཱ་ཡིས་དུག་ལྔ་འཇོམས་པར་བྱེད། །རས་ནི་རྣམ་རྟོག་དབྱིངས་སུ་ཐིམ། །ཡུམ་ཆེན་མི་ཕྱེད་རྡོ་རྗེ་སྡེ། །སངས་རྒྱས་བསྐྱེད་པར་བྱེད་པའི་ཡུམ། །སེམས་ཅན་བུད་དྷ་འགྱུར་བྱེད་ཚེ། །མི་ཕྱེད་ཡེ་ཤེས་རྡོ་རྗེ་སྟེ། །སྒྲ་འབྱིན་བྲག་ཆ་ལྟར་སྣང་མ། །མ་ནི་སྤྲུལ་པ་བསྐྱེད་པའི་ཡུམ། །སྤྲུལ་པ་རོལ་པ་འགག་མེད་ཉིད། །ཕག་པ་མ་རིག་མུན་པ་སེལ། །རྨིག་བུས་འདམ་རྫབ་སྐེམ་པར་བྱེད། །འོད་གསལ་བདུད་འཇིགས་རྣམ་པར་རྒྱལ། །སྣང་བ་མུན་སེལ་རྡོ་རྗེ་སྙེམས། །སྣང་བ་སྣ་ཚོགས་སྟག་གི་མགོ །བྱ་རྒོད་ནམ་མཁའ་ལྟ་བུ་སྟེ། །དབྱུག་པས་ལོག་རྟོག་འཇོམས་བྱེད་ཅིང༌། །


JLAZ009_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོས་མཚན་མའི་རྣམ་རྟོག་འཇོམས། །གཉིས་མེད་རྡོ་རྗེ་སྡེར་མོ་སྟེ། །ལས་རྣམས་མི་རྟོག་དབྱིངས་སུ་ཐིམ། །གཡག་མགོ་དབྱིངས་ལས་འགྱུར་བ་མེད། །བྱ་རོག་ཆོས་དབྱིངས་རྣམ་པར་དག །གཤིན་ནི་གཟུང་དང་འཛིན་པ་དང༌། །དམྱལ་བའི་ཁམས་མི་དཔག་མེད་ཀྱང༌། །དོན་དམ་དབྱིངས་ལ་ཡོད་མ་ཡིན། །རྗེ་ནི་ཆོས་ཀྱི་དབྱིངས་སུ་ཐིམ། །དུར་ཁྲོད་རོལ་པ་དཔག་མེད་ཀྱང༌། །བདག་པོ་མཁའ་དབྱིངས་རྣམ་པར་དག །ཤ་བ་སྐྱེ་འགག་མེད་པ་ཉིད། །འུག་པ་ཤེས་རབ་དབྱིངས་ཉིད་དེ། །ལོ་ཀ་ཆོས་བརྒྱད་ཉིད་ཀྱི་སེམས། །རྟག་ཏུ་ཡེངས་ཤིང་གནས་པ་ཡང༌། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི། །མི་གཡོ་ཐིག་ལེ་ཉག་གཅིག་གོ །སེམས་ཅན་དོན་བྱེད་ཐམས་ཅད་ཀྱང༌། །དམ་པའི་དབྱིངས་ནི་དོན་ཡིན་ནོ། །རྡོ་རྗེ་གཉིས་མེད་ཟུང་འཇུག་དང༌། །གཏུན་ཁུང་སྣང་བ་འཇོམས་བྱེད་མ། །དོན་དམ་ཉིད་ལས་མ་གཡོས་སོ། །ཐིག་ལེ་ཉག་གཅིག་གཟིག་གི་མགོ །ཁྭ་ཏ་ནམ་མཁའ་ལྟ་བུར་ཁྱབ། །རྟ་མགྲིན་རྟ་སྐད་སྒྲ་སྙན་ལྟ་བུ་སྟེ། །རྡོ་རྗེ་སྟོང་པའི་ངང་ཉིད་ཀྱིས། །ཁྲོ་བར་སྣང་བ་གཏུམ་མོའོ། །བྱི་ལས་གཟུང་འཛིན་རྣམ་རྟོག་འཇོམས། །པུ་ཤུད་བཟང་ངན་རྣམ་རྟོག་རྣམས། །དོན་དམ་ཉིད་ལས་དོན་


JLAZ009_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན། །ཉོན་མོངས་ཉེ་བའི་ཉོན་མོངས་རྣམས། །རྟོག་མེད་ མཁའ་དབྱིངས་གཞན་མི་ཐུབ། །མི་ཤེས་རྡོ་རྗེ་འབིགས་བྱེད་མདའ། །མཚན་མ་འཇོམས་པར་བྱེད་སྙེམས་མ། །སྤྱང་ཀིའི་མགོ་ནི་ཡེ་སངས་རྒྱས། །རྣམ་རྟོག་ཕྲ་མོར་སེམས་བྱེད་ཀྱང༌། །ཡང་དག་ཉིད་བལྟ་ཁྲ་ཡི་མགོ །བདུད་ནི་བཞི་པོ་སྣང་བྱེད་པ། །རྩི་ཡིས་མི་ཤིགས་ཀློང་དུ་ཐིམ། །འཁྱིལ་ནི་བདེ་བ་ཆེན་པོའི་ངང༌། །གཅིག་དང་དུ་མ་དང་བྲལ་ཞིང༌། །རྟོག་མེད་དབྱིངས་ནི་རླུང་འབྱིན་མ། །ཉི་མ་ལྟ་བུའི་གཟི་བརྗིད་ཀྱིས། །མུན་པའི་ཚོགས་འཇོམས་སེང་གེའི་མགོ །ཡོད་མེད་གཉིས་ལས་འདས་པ་ཡི། །མཐའ་གཉིས་བྲལ་བ་ཕ་ཝང་མགོ །ལུས་ངག་ཡིད་གསུམ་སྣང་བ་ཡང༌། །དོན་དམ་ཉིད་ལ་ཡོད་མིན་ཏེ། །འཁོར་བ་ལས་འདས་ཁམས་གསུམ་རྒྱལ། །མི་ཤིགས་རྡོ་རྗེ་ལོག་འགྲོ་འཇོམས། །གཟུང་འཛིན་ཤེས་པ་རྟོག་པ་གསོད། །ཕ་རོལ་ཕྱིན་མ་ཡིན་པ་སྟེ། །སྤྱོད་པ་བརླང་པོ་དོམ་གྱི་མགོ །གང་དུ་མི་གནས་སྲེ་མོང་མགོ །དོན་དམ་བདེན་པས་སེམས་ཅན་གྱི། །ཉོན་མོངས་འཇོམས་བྱེད་སྟོབས་པོ་ཆེ། །རྡོ་རྗེ་དོན་དམ་བདེན་པ་སྟེ། །དམ་པ་མཁའ་དབྱིངས་ཀློང་དུ་བསྐྱོད། །བུད་དྷ་བསྐྱེད་པའི་ཡུམ་ཡིན་ལ། །ཡེ་ཤེས་ཐོགས་མེད་


JLAZ009_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དྲེད་ཀྱི་མགོ །ལོག་པའི་ལམ་ཞུགས་སུམ་བྱེད་ཅིང༌། །དེ་བཞིན་ཉིད་གནས་བྱི་བའི་མགོ །ཞེས་སོ། །དེ་ལྟར་ཡབ་ཡུམ་སོ་སོའི་ཡེ་ཤེས་ཀྱི་སྤྲུལ་པ་བཅུ་བཅུའང༌། ཉོན་མོངས་པ་ཟ་བྱེད་སྟག་དང༌། ཤེས་བྱ་ལ་ཐོགས་མེད་དུ་རྔམ་པ་གཟིག་དང༌། རྩོལ་སྒྲུབ་ཟིལ་གྱིས་གནོན་པའི་བྱི་ལ་དང༌། སྦྱོར་སྒྲོལ་དབྱིངས་སུ་དག་པའི་སྤྱང་ཀི་དང༌། ཞེ་སྡང་སྐྱོན་གྱིས་མི་འཇིགས་པའི་སེང་གེ་དང༌། ཁྲོ་གཏུམ་བྱམས་པར་སྦྱོར་བའི་དོམ་སྟེ་དྲུག་པོ་ནི་ཡབ་ཀྱི་ཞེ་སྡང་ལས་བསྐྱེད་ཅིང་ཞེ་སྡང་གི་སྙིགས་མ་རུས་པ་མཐར་རྒྱས་པའི་ཟ་བྱེད་མཆེ་བ་ཅན་ཞེས་བྱ་སྟེ། དེ་ཀུན་ཀྱང་རྒྱུད་ཀྱི་གླེང་གཞིའི་དུས་ན་ཕ་ཡེ་ཤེས་ཀྱི་ཁྲོ་བོ་ཡིན་པས་ལུས་ལྷར་སྣང་ལ་མ་གདུག་པ་བྱོལ་སོང་གི་རིགས་ལས་མགོ་བོ་དེ་ཉིད་དུ་སྣང་བས་ཕྲ་མེན་མ་ཞེས་བྱའོ། །དེ་བཞིན་དུ་འགྲོ་དོན་ལ་ཆགས་ཐོགས་མེད་པའི་བྱ་རྒོད་དང༌། ཆོས་ཉིད་མི་འགྱུར་བའི་བྱ་རོག་དང༌། མི་ཤེས་མུན་པ་ལ་གཟིགས་པའི་འུག་པ་དང༌། སྡུག་བསྔལ་གྱི་མཚང་དབྱིངས་སུ་བསྣོལ་བའི་ཁྭ་ཏ་དང༌། འཇབ་བུར་ཐབས་ཤེས་སུ་འབྲེལ་བའི་པུ་ཤུད་དང༌། ཉོན་མོངས་ཀྱི་བྱ་གཅན་འདུལ་བའི་ཧོར་ཁྲ་དང་དྲུག་པོ་ནི་ཡུམ་གྱི་འདོད་


JLAZ009_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ལས་བསྐྱེད་པས་འདོད་ཆགས་ཀྱི་སྙིགས་མ་ཁྲག་མཐར་རྒྱས་པའི་གསོད་བྱེད་གཤོག་པ་ཅན་ཞེས་བྱའོ། །དེ་བཞིན་དུ་གཙང་སྨེའི་རྣམ་རྟོག་འཇོམས་པའི་དུར་ཕག་དང༌། ཆོས་ཉིད་འཕོ་འགྱུར་མེད་པའི་གཡག་དང༌། མཚན་མའི་བག་ཆགས་འཇོམས་པའི་ཤ་བ་དང༌། འཁོར་བའི་བརླན་དང་བྲལ་བའི་རྨིགས་བུ་དང༌། རྣམ་རྟོག་སྐྱེ་མེད་གྲོལ་བའི་སྲེ་མོང་དང༌། ཅིར་ཡང་གཟུང་འཛིན་ལས་གྲོལ་བའི་བྱི་བ་དང་དྲུག་པོ་ནི་ཡབ་ཡུམ་གཉིས་སུ་མེད་པའི་གཏི་མུག་གི་ལས་བསྐྱེད་ཅིང་གཏི་མུག་སྙིགས་མ་ཤ་མཐར་རྒྱས་པའི་བྱ་བ་ལ་རྨོངས་པ་སྟེ། བྱེད་ལས་ཀྱི་སྒོ་ནས་དུར་ཕག་ནི་གསོད་པའི་མཆེ་བ་ཅན་དང༌། ཤ་བ་ནི་ང་ཡིར་འཛིན་པའི་མཆེ་བ་ཅན་དང༌། གཡག་ནི་རོ་ལ་བརྟག་པའི་མཆེ་བ་ཅན་ཏེ་གསུམ། རྨིགས་བུ་ནི་རྟགས་འཛིན་ཐོབ་པའི་གཤོག་པ་ཅན་དང༌། སྲེ་མོང་ནི་དུག་ཙམ་ཆེ་བའི་གཤོག་པ་ཅན་དང༌། བྱི་བ་ནི་བརྐུ་བ་ལ་དགའ་བའི་ལས་ཀྱི་གཤོག་པ་ཅན་ཏེ་གསུམ། དྲེད་དང་ཕ་ཝང་གཉིས་ནི་དུག་གསུམ་ཆ་མཉམ་པས་མཐའ་ལ་མི་གནས་པའི་བརྡའ་སྟེ་ཡཀྴ་འབར་བའི་རྒྱུད་ལས། ཞེ་སྡང་རུས་པའི་མཐའ་ལ་མཆེ་བ་རྒྱས། །འདོད་ཆགས་ཁྲག་གི་མཐའ་ལ་བྱ་གཤོག་རྒྱས། །གཏི་མུག་ཤ་ཡི་མཐའ་ལ་སྨྲ་མི་ཤེས། །


JLAZ009_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་དུག་གསུམ་འཇོམས་པའི་དྲེད་མོ་ལ། །ཤེས་བྱ་མ་རྨོངས་རྟོགས་པའི་ཡེ་ཤེས་མངའ། །དུག་གསུམ་འཇོམས་མཛད་གཤོག་རླབས་ཕ་ཝང་ལ། །མ་རིག་མུན་པ་སེལ་བའི་ཡེ་ཤེས་མངའ། །ཞེས་དང༌། བརྟེན་པའི་ལྷ་རྣམས་ལ་ཐུན་མོང་དུ་གྱུར་བའི་སྒོ་མ་བཞི་ནི། བཤད་རྒྱུད་ལས། སྣང་བ་སྟོང་པས་འགུགས་བྱེད་མ། །ལྕགས་ཀྱུས་ཡེ་ཤེས་ས་ལ་དགོད། །སྟོང་པ་བཅོ་བརྒྱད་ཞགས་པ་ཡིས། །མི་རྟོག་རྟོག་པ་འཆིང་བྱེད་མ། །ཡོད་དང་མེད་པའི་ཕྱོགས་སྤངས་ཤིང༌། །སྙིང་རྗེ་མི་ཕྱེད་ལྕགས་སྒྲོག་མ། །སྟོང་པ་ཉིད་ཀྱི་སྒྲ་བསྒྲགས་པས། །མཚན་མའི་རྣམ་པར་རྟོག་པ་འཇོམས། །ཤེས་རབ་ཕ་རོལ་ཕྱིན་མ་ཉིད། །གཟུང་འཛིན་དང་བྲལ་དྲིལ་བུ་མ། །ཞེས་སོ། །དེ་བཞིན་དུ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་གྱི་སྒྲ་དོན་ནི་རྡོ་རྗེ་བཀོད་པ་ལས། ཕུར་པའི་རང་བཞིན་དོན་བསྟན་པ། །ཕུར་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །པ་ནི་བླ་མ་ཆེན་པོར་བསྟན། །ཕུར་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །པ་ནི་རིག་པའི་ཡེ་ཤེས་ཡིན། །ཕུར་ནི་སྐྱེ་བ་མེད་པའི་དབྱིངས། །པ་ནི་འགགས་པ་མེད་པའི་དོན། །གཉིས་སུ་མེད་པར་ཕུར་པའི་ངང༌། །ཕུར་ནི་ཐབས་ཀྱི་རྒྱལ་པོ་ཡིན། །པ་ནི་ཤེས་རབ་ཡུམ་གྱི་དོན། །གཉིས་སུ་མེད་པ་རྡོ་


JLAZ009_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ངང༌། །ཕུར་པ་ནམ་མཁའི་མཐའ་དང་མཉམ། །ཕུར་པ་ཁྱབ་གདལ་ཉི་ཟླ་འདྲ། །ཀུན་ལ་སྙོམས་པའི་ངོ་བོར་སྣང༌། །ཕུར་པ་ཆོས་ཀྱི་དབྱིངས་ཉིད་ཡིན། །ཕུར་པ་ནམ་མཁའི་མཚན་ཉིད་ཡིན། །ཕུར་པ་སེམས་ཀྱི་སེམས་ཉིད་ཡིན། །ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་མན་ངག་ཡིན། །ཕུར་པ་མན་ངག་ངེས་པའི་དོན། །ཞེས་སོ། །དེ་ཡན་ནི་ནང་དུ་འཇུག་པའི་ཆོ་གའོ། །གཉིས་པ་དབང་བསྐུར་བ་དངོས་ནི། །རྣལ་འབྱོར་ཆེན་པོ་ལས། །རྒྱུད་དང་ལུང་དང་མན་ངག་གི། །མན་ངག་རྣམ་གཉིས་སྟོད་སྨད་དོ། །སྟོད་ལ་དྲུག་སྟེ་སྨད་ལ་བཅུ། །གཉིས་སུ་ཤེས་བྱ་ཏིང་ངེ་འཛིན། །སྨད་ནི་གཟས་པ་པོ་ཡི་ལས། །ཞེས་སྟོད་སྨད་ཀྱི་ལས་གཉིས་སུ་བསྡུ་བ་ཡང༌། སྐབས་འདིར་དབང་གི་རྩ་བ་རྣམ་པ་བཞིས་སྟོད་ལས་བྱང་ཆུབ་བསྒྲུབ་པའི་དོན་བསྟན་པ་དང༌། ཕྲིན་ལས་སྣ་ཚོགས་པའི་བདག་ཉིད་བསྒྲུབ་པ་དང་འབྲེལ་བར་སྨད་ལས་དྲག་པོ་སྒྲོལ་དབང་བསྟན་པ་དང༌། ཐམས་ཅད་ཀྱི་སྲོག་དམ་ཚིག་གི་རང་བཞིན་བསྟན་པ་སྟེ་གསུམ་དུ་དབྱེ་བའོ། །དང་པོ་ནི། རྩ་རྒྱུད་ལས། ཕན་དང་ནུས་པའི་བྱིན་རླབས་དབང༌། །རིམ་པ་བཞིན་དུ་བསྐུར་བར་བྱ། །ཞེས་པའི་དོན་སྟོད་ལས་བྱང་ཆུབ་བསྒྲུབ་པ་ལ་གདེང་གསུམ་གཅེས་པའི་འཇུག་སྒོ་ནི་


JLAZ009_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བའི་དབང་རྣམ་པ་བཞི་ལ་མ་བརྟེན་པར་མི་འགྲུབ་ཅིང༌། བཞི་པོའང་འདི་ལྟར་སྲོག་ཆགས་རྣམས་ལ་ལུས་སྟོབས་དང་མཚུངས་པའི་ཐེག་པ་ཆེ་ཆུང་ཡོད་པ་ལྟར་གོང་ནས་གོང་དུ་ཁྱད་ཞུགས་པའི་ཚུལ་སངས་རྒྱས་མདུད་པ་ལས། སེམས་ཅན་བསམ་པའི་དབང་གིས་ན། །རྟ་དང་གླང་པོ་མ་ཧེ་དང༌། །རྔ་མོ་རི་བོང་ཁལ་རྣམས་བཞིན། །ཕན་དང་ནུས་དང་ལྟ་དང་ཞུགས། །ཕྱི་ཡི་དབང་དང་ནང་གི་དབང༌། །གསང་བའི་དབང་དང་ཐབས་ཀྱི་དབང༌། །ཇི་ལྟར་གསུངས་ཀྱང་རྣམ་པ་བཞི། །བུམ་པའི་དབང་དང་གསང་བའི་དབང༌། །ཤེས་རབ་ཡེ་ཤེས་དབང་མཆོག་ལས། །དེ་བཞིན་བཞི་པའི་དབང་དུ་གསུངས། །ཞེས་ཕྱི་ཕན་པའི་དབང་དང་ནང་ནུས་པ་འཇུག་པའི་དབང་གཉིས་ནི་བུམ་དབང་དུ་བསྡུ་བ་ཡིན་ཏེ། སྔ་མ་ལས། བུམ་པའི་དབང་ཞེས་བྱ་བ་ལ། །བདག་པོའི་དབང་དང་རྣམ་པ་ལྔ། །ཞེས་སོ། །གཉིས་པ་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་ནི་སྦྱོར་བ་བཞིའི་རང་བཞིན་དུ་བལྟ་བས་ན་ལྟ་བ་བཞི་དང་ལྡན་པ་སྟེ། གསང་བའི་དབང་ཞེས་བྱ་བ་ལ། །ལུས་དང་ཡིག་འབྲུའི་སྦྱོར་བ་དང༌། །རྩ་དང་ཡིག་འབྲུའི་སྦྱོར་བ་དང༌། །རླུང་དང་ཡིག་འབྲུའི་སྦྱོར་བ་དང༌། །སེམས་དང་ཡིག་


JLAZ009_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུའི་སྦྱོར་བ་ཡི། །གང་ཡང་གང་དུ་གཟུང་བར་བྱ། །གསང་བ་དེ་ནི་དམ་པའོ། །ཞེས་སོ། །དེ་ལ་ལུས་དང་ཡིག་འབྲུའི་སྦྱོར་བ་ནི་དབང་པོའི་གནས་གཉིས་ལ་སོ་སོར་ས་བོན་གྱི་ཡི་གེ་བསྐྱེད་པ་དང༌། རྩ་དང་ཡིག་འབྲུའི་སྦྱོར་བ་ནི་འཁོར་ལོ་ལྔ་སོ་སོའི་རྩ་འདབ་ཏུ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །ལ་སོགས་པའི་ཡིག་འབྲུ་བསྒོམ་པ་དང༌། རླུང་དང་ཡིག་འབྲུའི་སྦྱོར་བ་ནི་ཡི་གེ་དེ་དག་ལ་དམིགས་ནས་སྲོག་སྩོལ་འགོག་པ་དང༌། སེམས་དང་ཡིག་འབྲུའི་སྦྱོར་བ་ནི་རླུང་སེམས་དབྱེར་མེད་ཀྱི་བདེན་པས་ཀུན་ལ་ཁྱབ་པ་སྟེ། ཕན་ཚུན་རྟེན་དང་བརྟེན་པའི་རང་བཞིན་དུ་གནས་པའི་ཕྱིར་རོ། །གསང་བའི་དབང་དེ་ཉིད་ཀྱང་ངག་དང་སེམས་ལ་བསྐུར་བ་གཉིས་སུ་ནང་གསེས་བས་ཕྱི་མའི་དབང་རྟེན་གྱི་སྒྲ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་དུ་འགྲུབ་སྟེ། ཤེས་རབ་ཡེ་ཤེས་དབང་ཞེས་པ། །ཤེས་རབ་མ་ཡི་མཚན་ཉིད་དེ། །ཞེས་དང༌། འབྱུང་བ་བཞི་ཡི་མཚན་ཉིད་ཀྱིས། །བསྡུ་བ་རྣམ་བཞིའི་དོན་དང་མཐུན། །ཞེས་སོ། །དེ་ལྟར་གསང་དབང་གཉིས་པོའི་རྐྱེན་ལས་བྱུང་བའི་དཔེའི་ཡེ་ཤེས་ལ་བརྟེན་ནས་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སློབ་མའི་རྒྱུད་ལ་ཡང་དག་པར་ཞུགས་པས་ན་ཞུགས་པ་ཞེས་བྱ་སྟེ་ཐབས་ལ་བརྟེན་ནས་འབྱུང་བས་ན་ཐབས་ཀྱི་དབང་ཞེས་བཤད་པ་ཡིན་


JLAZ009_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པར་བདག་ཉིད་ཁོ་ནས་རིག་པ་ཡིན་ནོ། །དེ་ཡང་དམངས་རིགས་ནི་སྤྱོད་པ་བརླང་ཞིང་དངོས་སྣང་ལ་བདེན་འཛིན་ཆེ་བས། དེ་དག་པའི་སྣོད་བཅུད་ཀྱིས་ལྡོག་པའི་ཆེད་དུ་བུམ་པའི་དབང་དང༌། བྲམ་ཟེ་ནི་རང་གི་གསང་ཚིག་བསྲུང་བ་སོགས་སངས་རྒྱ་བའི་དགོས་པ་མེད་པའི་སྤྱོད་པ་གཟོ་བ་ཁོ་ན་ཆོས་སུ་སེམས་པས་དེ་ཐེག་པ་ཆེན་པོ་བླང་དོར་མེད་པའི་ཆོས་ཀྱིས་ལྡོག་པའི་ཆེད་དུ་གསང་བའི་དབང་དང༌། རྗེའུ་རིགས་ནི་འདོད་ཡོན་ལ་གདུང་ཞིང་སེམས་ཀྱི་རྟོག་དཔྱོད་རྣོ་བས་དེ་ཐབས་ཀྱིས་ལམ་དུ་སློང་བ་ལ་སློབ་པའི་ཕྱིར་ཤེར་དབང་དང༌། རྒྱལ་རིགས་ནི་འབྱོར་པས་སྙེམས་ཤིང་ཐམས་ཅད་ཟིལ་གྱིས་གནོན་པ་ལ་དགའ་བས་རང་ཉིད་ལ་མཆོག་ཏུ་འཛིན་པ་དེ་མཉམ་པ་ཉིད་ལ་གནས་པའི་བརྟུལ་ཞུགས་ཆེན་པོའི་ཤེས་རབ་ཡེ་ཤེས་ཀྱིས་ལྡོག་པའི་ཕྱིར་དབང་བཞི་པ་བསྟན་པར་རིག་པར་བྱ་སྟེ། སྔ་མ་ལས། དང་པོ་དབང་གི་བསྐུར་ས་ནི། །སེམས་ཅན་རྟོག་པ་ལྡོག་པའི་ཕྱིར། །དམངས་ཀྱི་རིགས་ལ་བུམ་པ་བཞག །བྲམ་ཟེའི་རིགས་ལ་གསང་དབང་སྟེ། །རྗེ་ཡི་རིགས་ལ་ཤེས་རབ་དབང༌། །དེ་བཞིན་རྒྱལ་པོ་བཞི་པ་སྟེ། །རིམ་པ་དེ་བཞིན་ཤེས་པར་བྱ། །ཞེས་དང༌། ཡན་ལག་ལུས་ནི་ཤན་པ་སྟེ། །དྲྭ་བ་ཅན་ལ་


JLAZ009_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་སྦྱིན། །ངག་གི་ལས་ནི་བྲམ་ཟེ་སྟེ། །འཇིག་རྟེན་ཅན་ལ་གསང་བ་སྦྱིན། །སེམས་ཀྱི་ལས་ནི་རྗེའུ་སྟེ། །ལྷན་ཅིག་སྐྱེས་ལ་ཤེས་རབ་དབང༌། །ཡོན་ཏན་ཕྲིན་ལས་རྒྱལ་པོ་སྟེ། །ཀུན་ཀ་ཚོགས་ལ་བཞི་པ་བསྐུར། །ཞེས་སོ། །དེ་ལྟར་དབང་རྣམ་པ་བཞི་ལས་དང་པོ་ཕྱི་དཀྱིལ་དྲང་དོན་གྱི་བསྐྱེད་རིམ་རྣམས་ཉན་དུ་རུང་བའི་སྐལ་པ་སྟེར་བྱེད་ཕྱི་ཕན་པའི་དབང་ལྔ་ནི། བཤད་རྒྱུད་ལས། བུམ་པ་རྡོ་རྗེ་དྲིལ་བུ་དང༌། །ཐོད་པ་རྡོ་རྗེ་མིང་དུ་གྲགས། །ཞེས་དང༌། བསྐུར་ཚུལ་ཡང་དབང་རྫས་གཞན་ལག་ལས་མི་བརྒྱུད་དེ་རྡོ་རྗེ་འབར་བ་ལས། དབང་བསྐུར་བ་ཡི་རིམ་པ་དང༌། །སྦྱིན་སྲེག་ལས་རྣམས་བྱེད་དོན་དུ། །དཀྱིལ་འཁོར་གྱི་ནི་ཡོ་བྱད་རྣམས། །སློབ་དཔོན་གྱིས་ནི་ཁྱེར་བར་བྱ། །སློབ་མས་ཁྱེར་ན་དམ་ཚིག་ཉམས། །ཞེས་སོ། །དེ་ལ་དང་པོ་རྡོ་རྗེ་མི་བསྐྱོད་པའི་ཆུ་དབང་ནི། རྣམ་བུམ་སྤྱི་བོར་བཞག་ལ་བཤད་རྒྱུད་ལས་བཛྲ། གསང་གསུམ་དམ་ཚིག་ལས་བྱུང་བ། །ཡབ་ཡུམ་གཉིས་མེད་བདེ་ཆེན་ལས། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་འདིས། །རྡོ་རྗེ་རིགས་ཀྱི་དབང་བསྐུར་རོ། །ཨཱོཾ་བོ་དྷི་ཙིཏྟ་ཨཱ་དར་ཤ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་མི་བསྐྱོད་པའི་ངོ་བོ་བུམ་པའི་ཆུས་དབང་


JLAZ009_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཞིང་ཉེ་རེག་བྱས་པས་ལུས་ཀྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྡོ་རྗེ་མི་བསྐྱོད་པ་དང༌། ཆུའི་ཁམས་མཱ་མ་ཀཱིའི་རང་བཞིན་དུ་གནས་གྱུར། ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེ་རིགས་ཀྱི་སྐུ་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན། དེ་ནས་རིན་འབྱུང་དབུ་རྒྱན་གྱི་དབང་ནི། དབང་འདི་ཐོབ་ནས་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཐབས་ལ་དབང་བས་ན་རིགས་ལྔའི་དབུ་རྒྱན་ལ་ཐོབ་པའི་ལྔའི་སྒྲ་ཆགས་པ་སྟེ། དེ་ཉིད་མགོ་ལ་བཀོན་ནས། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །ཐོབ་པ་ལྔ་ཡི་དབང་བསྐུར་བ། །རིན་ཆེན་རིགས་ཀྱི་དབང་བསྐུར་མཆོག །རིན་ཆེན་ཁྲག་འཐུང་བརྟན་གྱུར་ཅིག །ས་མནྟ་རཏྣ་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་དབུ་རྒྱན་འདི་བཀོན་པ་ཙམ་གྱིས། སྒོ་གསུམ་གྱི་རྨོངས་པའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང༌། སའི་ཁམས་སངས་རྒྱས་སྤྱན་མར་གནས་གྱུར། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་


JLAZ009_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སྣང་མཐའ་རྡོ་རྗེའི་དབང་ནི། ཨཿསངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །རྡོ་རྗེ་གསུང་གི་དོན་མཛད་པ། །པདྨ་ཁྲག་འཐུང་རྡོ་རྗེ་དཔལ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །བཛྲ་ཨ་བྷི་ཥིཉྩ་མཱཾ། པྲ་ཏ་པྲ་ཝེ་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེས་དབང་བསྐུར་བས། ངག་གི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང༌། མེའི་ཁམས་གོས་དཀར་མོར་གནས་གྱུར། འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨའི་རིགས་ཀྱི་གསུང་འགག་པ་མེད་པ་ཆོས་ཀྱི་སྒྲ་དབྱངས་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །དོན་ཡོད་གྲུབ་པ་དྲིལ་བུའི་དབང་ནི། ཏྭ། མཁའ་འགྲོ་ཀུན་གྱི་དྲིལ་བུའི་ དབང༌། །རྟོག་མེད་ཆོས་ཀྱི་སྒྲ་འབྱིན་ཞིང༌། །ལས་ཀྱི་ཁྲག་འཐུང་ཕྲིན་ལས་བདག །ཤེས་རབ་དྲིལ་བུའི་དབང་བསྐུར་རོ། །ཀྲིཏྱ་ཨ་ནུཥྛཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཉོན་མོངས་པ་བག་ལ་ཉལ་གྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་


JLAZ009_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་ཁམས་དམ་ཚིག་སྒྲོལ་མར་གནས་གྱུར། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ་འགྲོ་བའི་དོན་བྱེད་པར་འགྱུར་རོ། །རྣམ་པར་སྣང་མཛད་མིང་གི་དབང་ནི། རྡོར་དྲིལ་སྤྱི་བོར་འཁྲོལ་ཞིང༌། སྔར་གྱི་གསང་མིང་དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱིས་འུར་དིར་བསྒྲགས་པར་བསམས་ནས། ཨཱོཾ། རྡོ་རྗེ་མིང་གི་ཆོས་ཉིད་དེ། །ཅེས་ཀྱང་མི་ཚུགས་མི་ཤིགས་ཏེ། །སངས་རྒྱས་ཁྲག་འཐུང་ངོ་བོ་ཉིད། །རྡོ་རྗེ་མིང་དུ་དབང་བསྐུར་རོ། །དྷརྨ་དྷཱ་ཏུ་བི་ཤོ་དྷ་བཛྲ་ཨ་བྷི་ཥིཉྩ་མཱཾ། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་མིང་ཆེ་གེ་མོ་བཏགས་པ་ཙམ་གྱིས་ཡིད་ཀྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་སྣང་མཛད་དང༌། ནམ་མཁའི་ཁམས་ཆོས་ཀྱི་དབྱིངས་ཕྱུག་མར་གནས་གྱུར། གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དེ་བཞིན་གཤེགས་པའི་ཐུགས་རྣམ་པར་མི་རྟོག་པ་ཐོབ་ནས། འགྲོ་བའི་དོན་བྱེད་པར་འགྱུར་རོ། །དེ་ལྟར་རིག་དབང་ལྔ་ཐོབ་པའི་བྲལ་ཐོབ་ནི། ཕྲེང་བ་ལས། སངས་རྒྱས་ལྔར་ནི་རྣམ་དག་པའི། །དབང་བསྐུར་ལྔ་ཐོབ་རྒྱུད་པས་ནི། མ་རིག་པ་དང་བྲལ་བས་ན། །ཡེ་


JLAZ009_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་པ་ལྟར་རོ། །དེ་ནས་རིག་དབང་ལྔའི་མཐའ་རྟེན་དུ་སྣང་ཞེན་ལྷ་སྐུར་རྫོགས་བྱེད་རྣམ་རྒྱལ་བུམ་པའི་དབང་ནི་བུམ་པ་སྤྱི་བོར་བཟུང་ལ། རྩ་རྒྱུད་ལས། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༌། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས། །གཡོན་ནས་ཡུམ་གྱིས་ཡབ་ལ་འཁྱུད། །ཕྱག་གིས་བུམ་པ་རབ་ཏུ་བླངས། །ཡེ་ཤེས་དབང་གི་ཆུ་བོ་འདི། །ཉོན་མོངས་མ་གོས་དཀར་ལ་འཚེར། །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྤྱི་བོར་བུམ་པས་དབང་བསྐུར་བས། །ཉོན་མོངས་གསུམ་དང་དུག་གསུམ་སྦྱོངས། །དབང་གི་ཆུ་བོ་རྒྱུན་བཞིན་འབབ། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། དཱིཔྟ་ཙཀྲ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏོར་ཞིང་བླུད་དོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་ནི། གཙོ་བོའི་སྐུ་སྤྱི་བོར་བསྐུར་ལ། ཧཱུྃ། ཀུན་ཏུ་བཟང་པོའི་རོལ་པ་ལས། །ཐུགས་རྗེས་ཁམས་གསུམ་གདུག་པ་འདུལ། །གཉེན་པོས་ལས་སུ་རུང་མཛད་པའི། །འཇིགས་བྱེད་གཉེན་པོའི་དབང་ཐོབ་ཤོག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ། དར་ལེ་བརྒན་ལ་སྔགས་བྱང་བྲིས་པ་མགྲིན་པར་བཟུང་ལ་ཧཱུྃ། གསུང་གི་རང་


JLAZ009_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མཚོན་བྱེད་པའི། །ལེ་བརྒན་འབར་བའི་ཁ་དོག་ལ། །སྙིང་པོ་ནུས་པའི་དོན་དང་ལྡན། །ནུས་པ་ཅན་གྱི་དབང་ཐོབ་ཤོག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཝ་ཀ་ཨ་བྷི་ཥིཉྩ་མཱཾ། ཕུར་པ་སྙིང་གར་བཞག་ལ་ཧཱུྃ། ཙིཏྟ་སྨུག་པོའི་གཞལ་ཡས་ནས། །ཁམས་གསུམ་དབང་གི་བདག་པོ་སྟེ། །བརྐྱང་བསྐུམ་རབ་ཏུ་གདེངས་པ་ཡིས། །གདུག་པ་འཇོམས་པའི་དབང་ཐོག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཙིཏྟ་ཨ་བྷི་ཥིཉྩ་མཱཾ། ཡོན་ཏན་དང་ཕྲིན་ལས་གཉིས་ཀའི་དབང་ནི། ཡེ་ཤེས་སེམས་དཔའི་ཙཀླི་སྙིང་གར་གཏད་ལ་ཧཱུྃ། ཐུགས་ཀ་རིན་ཆེན་ཟུར་བརྒྱད་ལས། །ཕྲིན་ལས་སྣ་ཚོགས་ལྷུན་གྱིས་གྲུབ། །ཐམས་ཅད་ཀུན་ལ་རང་བཞིན་གནས། །ཡེ་ཤེས་སེམས་དཔའི་དབང་ཐོབ་ཤོག །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཧཱུྃ་ཕཊ། གུ་ཎ་ཀརྨ་ཨ་བྷི་ཥིཉྩ་མཱཾ། དེ་ནས་དུར་ཁྲོད་ཆས་བརྒྱད་ཀྱི་དབང་ནི། ཧཱུྃ། ཞིང་ཆེན་གཡང་གཞིས་འདོད་ཆགས་རྩད་ནས་གཅོད། །གླང་ཆེན་ཀོ་རློན་ཐུགས་རྗེ་སྟོབས་ཀྱི་བདག །སྟག་ཤམ་ཡོན་ཏན་ཕྲིན་ལས་རྒྱས་པའི་རྟགས། །བདུད་ཆས་དཔའ་བོའི་དབང་རྣམས་ཐོབ་པར་ཤོག །ཧཱུྃ། ཐོད་པ་སྐམ་པོ་ཆོས་ཀྱི་


JLAZ009_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་རྟགས། །ཐོད་པ་རྙིང་པ་ལོངས་སྤྱོད་རྫོགས་པའི་རྟགས། །ཐོད་པ་ཚལ་བུ་སྤྲུལ་པ་སྐུ་ཡི་རྟགས། །སྐུ་གསུམ་ཚོན་བྱེད་ཐོད་པའི་དབང་ཐོབ་ཤོག །ཧཱུྃ། རིགས་བཞི་ཀླུ་རྣམས་མ་ལུས་འདུལ་བའི་རྟགས། །གདུག་པ་སྦྲུལ་ནི་རིགས་བཞིས་སྐུ་ལ་བརྒྱན། །ཞེ་སྡང་ཆེན་པོ་གནས་སུ་འཇོམས་མཛད་པ། །གདུག་པ་ཆས་ཀྱི་དབང་རྣམས་ཐོབ་པར་ཤོག །ཧཱུྃ། ཞག་གི་ཟོ་རིས་དམ་རྫས་བཅུད་ཀྱི་རྒྱན། །ཐལ་ཆེན་ཚོམ་བུ་འཁོར་བ་འཇོམས་པའི་རྟགས། །རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྟགས། །མཚན་མ་རྣམ་པ་གསུམ་གྱི་དབང་ཐོབ་ཤོག །དེ་ནས་ཆས་དབང་ནི། ཧཱུྃ། རང་བྱུང་རྒྱལ་པོ་ལྷ་ཡི་རྒྱན། །མཛེས་པས་རབ་ཏུ་བརྒྱན་པ་སྟེ། །ལྷ་ལ་རབ་ཏུ་མཛེས་པས་བརྒྱན། །དབུ་རྒྱན་ཅོད་པན་དབང་ཐོབ་ཤོག ། ཧཱུྃ། ཡེ་ཤེས་མེ་དཔུང་འཁོར་བ་བསྲེག་པའི་རྟགས། །ཡེ་ཤེས་མེ་རི་ལྗང་སེར་དམར་བའི་འོད། །མདོར་ན་ཡེ་ཤེས་ལྔ་ཡི་རང་བཞིན་ཏེ། །དུག་ལྔ་བསྲེག་པའི་དབང་རྣམས་ཐོབ་པར་ཤོག །ཧཱུྃ། ཁམ་ནག་རལ་པ་ཀུན་གྱི་རྒྱན་དུ་བཅིངས། །སྲིད་པའི་རྩེ་མོ་ཟིལ་གྱིས་གནོན་པའི་རྟགས། །གཏི་མུག་ཆེན་པོ་རྩད་ནས་བཅད་ནས་ཀྱང༌། །དབུ་སྐྲ་རལ་པའི་


JLAZ009_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མཆོག་ཐོབ་པར་ཤོག །ཧཱུྃ། ཚོན་གང་སྐུ་ཡི་བ་སྤུའི་བུ་ག་རྣམས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཅིར་ཡང་སྣང༌། །རྡོ་རྗེ་ཕུར་པ་རབ་ཏུ་ཀཱི་ལ་ཡ། །གདུག་པ་འཇོམས་པའི་ལྷ་རྣམས་དབང་ཐོབ་ཤོག །ཧཱུྃ། ཡེ་ཤེས་རྡོ་རྗེ་རབ་ཏུ་འབར་བ་ཡི། ། རྡོ་རྗེའི་གཤོག་པས་ཁམས་གསུམ་ཟིལ་གྱིས་གནོན། །གདུག་བྱེད་རང་བཞིན་མེད་པར་གནོན་མཛད་པ། །རྡོ་རྗེའི་གཤོག་པའི་དབང་མཆོག་ཐོབ་པར་ཤོག །ཧཱུྃ། རྡོ་རྗེ་ཐོད་ཁྲག་རབ་ཏུ་གསོལ་བ་ཡིས། །ཁམས་གསུམ་ཆགས་པ་རབ་ཏུ་ཞི་བར་མཛོད། །འདོད་ཆགས་རྩད་ནས་གཅོད་བྱེད་ཐོད་པའི་ཁྲག །རཀྟ་ཆེན་པོའི་དབང་མཆོག་ཐོབ་པར་ཤོག །ཧཱུྃ། ཅོད་པན་རབ་ཏུ་འཕུར་བྱེད་པའི། །ལྷ་མོ་ལྔ་དང་ལྡན་པའི་མཆོད་པ་ཡིས། །མཆོད་པ་རྒྱ་ཆེར་མཆོད་པའི་དབང་ཐོབ་ཤོག །དེ་ནས་ཕྱག་མཚན་གྱི་དབང་ནི། ཧཱུྃ། རྣམ་ཐར་དགུ་དང་རབ་ལྡན་པའི། །ཐེག་པ་དགུ་ཡི་སྒོ་གནས་ནས། །ཁྱད་པར་ཆེན་པོ་ངན་སོང་འཇོམས། །ས་དགུ་གནོན་པའི་དབང་ཐོབ་ཤོག །ཧཱུྃ། ཡེ་ཤེས་ལྔ་དང་རབ་ལྡན་པའི། །རྡོ་རྗེ་རྩེ་ལྔ་ཡེ་ཤེས་ལྔ། །འགྲོ་བ་ལྔ་ནི་རབ་ཏུ་འདྲེན། །དུག་ལྔ་འཇོམས་པའི་དབང་ཐོབ་ཤོག །


JLAZ009_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཡེ་ཤེས་མེ་དཔུང་འབར་བ་སྟེ། །ཐུགས་མཆོག་རབ་ཏུ་འབར་བའི་རྟགས། །འཁོར་བའི་སྡུག་བསྔལ་ཐམས་ཅད་བསྲེག །ཉོན་མོངས་སྲེག་པའི་དབང་ཐོབ་ཤོག །ཧཱུྃ། མཚོན་གྱི་རྒྱལ་པོས་རཱུ་ཏྲ་སྒྲོལ། །སྐུ་གསུམ་ལྷུན་གྲུབ་རྩེ་མོས་མཚོན། །ངན་སོང་གསུམ་པོ་རྟག་ཏུ་སྒྲོལ། །དུག་གསུམ་རྩད་གཅོད་དབང་ཐོབ་ཤོག །ཧཱུྃ། ཐུགས་རྗེའི་ཕུར་པས་གདུག་པ་འདུལ། །བགེགས་ཀྱི་རྒྱལ་པོ་སྒྲོལ་མཛད་པ། །འཁོར་བ་ཚར་གཅོད་དབྱིངས་སུ་སྒྲོལ། །གདུག་པ་འདུལ་བའི་དབང་ཐོབ་ཤོག །གཉིས་པ་ནང་ནུས་པ་འཇུག་པའི་དབང་ནི། བཤད་རྒྱུད་ལས། ནུས་པ་བསྐྱེད་པར་བྱེད་པ་ཡིས། །རྡོ་རྗེ་ནང་གི་དབང་ལྔ་སྟེ། །ཐོས་སྒོམ་སྨྲ་བྱེད་ཕྲིན་ལས་དབང༌། །ཞེས་པས་སྐྱེ་མཆེད་རྣམས་ཧེ་རུ་ཀ་ལྔའི་རང་བཞིན་དུ་བྱིན་གྱིས་བརློབ་པ་ནི། རིན་ཆེན་ཁྲག་འཐུང་གི་ས་བོན་རྣ་བར་བསྐུར་ལ་གསལ་འཕྲོ་བསྟིམ་གསུམ་གྱི་དམིགས་པའི་བྱེ་བྲག་ཤེས་པས། ས། ཉན་བྱེད་རྣ་བའི་གཞལ་ཡས་སུ། །གསལ་བ་རིན་ཆེན་ངོ་བོ་ཉིད། །ས་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །རིན་ཆེན་ཁྲག་འཐུང་གསལ་འཕྲོ་བསྟིམ། །ས་ཨ་བྷི་ཥིཉྩ་ས། དབང་དེ་བསྐུར་ཞིང་སྨིན་པ་ཡི། །གསང་བའི་དབང་མཆོག་དམ་པ་ལས། །གསང་བ་གཞན་


JLAZ009_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བསྙེན་པར་བྱ། །གསང་བའི་དོན་ཉིད་རྟོགས་བྱ་ཞིང༌། །གསང་བ་གཞན་དུ་སྨྲ་མི་བྱ། །ཞེས་དམ་ཚིག་བསྟན་པ་ནི་ཀུན་ལ་འགྲེའོ། །རྡོ་རྗེ་ཁྲག་འཐུང་གི་ས་བོན་སྙིང་གར་བསྐུར་ལ་བཛྲ། བསམ་བྱེད་སྙིང་གི་གཞལ་ཡས་སུ། །གསང་བ་རྡོ་རྗེའི་ངོ་བོ་ཉིད། །ཡི་གེ་ཕྲེང་བའི་ཚོགས་མཆོག་ལས། །རྡོ་རྗེ་ཁྲག་འཐུང་གསལ་འཕྲོ་བསྟིམ། །བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གདན། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལས། །རྒྱལ་བ་ཀུན་དང་མཉམ་པར་སྦྱོར། །པདྨ་ཁྲག་འཐུང་གི་ས་བོན་ལྕེ་ལ་བསྐུར་ལ་ཨཱཿ སྨྲ་བྱེད་ལྕེ་ཡི་གཞལ་ཡས་སུ། །གསལ་བ་ཨ་ཡི་ངོ་བོ་ཉིད། །ཨ་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །པདྨ་ཁྲག་འཐུང་གསལ་འཕྲོ་བསྟིམ། །ཨཱཿ ཨ་བྷི་ཥིཉྩ་ཨཱཿ ཆོས་ཀྱི་བདུད་རྩི་བླ་ན་མེད། །དད་ལྡན་སྐྱེས་བུ་ངོམ་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པར་གསང་བསྒྲག་གཞན་དུ་མིན། །དོན་གྲུབ་ཀྱི་ས་བོན་ལག་མཐིལ་གཉིས་སུ་བསྐུར་ལ་ཏྭ། ལག་མཐིལ་གཉིས་ཀྱི་གཞལ་ཡས་སུ། །གསལ་བ་རྒྱ་གྲམ་ངོ་བོ་ཉིད། །ཏྭ་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །ལས་ཀྱི་ཁྲག་འཐུང་གསལ་འཕྲོ་བསྟིམ། །


JLAZ009_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཏྭ། ཨ་བྷི་ཥིཉྩ་ཏྭ། ཁྱོད་ནི་རྡོ་རྗེ་ལས་ཡིན་པས། །ལས་རྣམས་མ་ལུས་ཀུན་གྱིས་ཤིག །ཕོ་ཉ་འདུ་འཕྲོ་མང་པོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པར་འགྱུར། རྣམ་སྣང་གི་ས་བོན་སྤྱི་བོར་བསྐུར་ཏེ། ཨཱོཾ། བསྐྱོད་ཆེན་ཡན་ལག་གཞལ་ཡས་སུ། །གསལ་བ་ཨཱོཾ་གྱི་ངོ་བོ་ཉིད། །ཨོཾ་ཨཱཿབཛྲ་སཏྭ་ཧཱུྃ་ལས། །རིགས་ལྔ་ཁྲག་འཐུང་སྐུ་རུ་གསལ། །ཨཱོཾ་ཨ་བྷི་ཥིཉྩ་ཨཱོཾ། ཕྱོགས་བཅུ་དུས་གསུམ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་ཁྱོད། །དཀྱིལ་འཁོར་ཀུན་གྱི་མངའ་བདག་ འགྱུར། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ནི། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། མིང་དང་ཆུ་དང་དམ་ཚིག་གསུམ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༌། །རྡོ་རྗེ་བརྟུལ་ཞུགས་སྐྱབས་སྦྱིན་གྱི། །སློབ་དཔོན་དབང་ནི་རབ་ཏུ་སྦྱིན། །ངན་སོང་གནས་ནི་དབང་གིས་འཇོམས། །ཞེས་པས་དང་པོ་གཉིས་ནི་རིགས་དབང་ལྔའི་ཁོངས་སུ་ལྡན་ལ། དམ་ཚིག་གསུམ་ལ་སོགས་པའི་ཚུལ་སློབ་མ་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་ལ་གནས་པ་ལ། ཐུགས་ཀྱི་དམ་ཚིག་རྡོ་རྗེ་གསོར་བ་དང༌། གསུང་གི་དམ་ཚིག་དྲིལ་བུ་འཁྲོལ་བ་དང༌། སྐུའི་དམ་ཚིག་ཐབས་ཤེས་ཟུང་དུ་འཇུག་པའི་ཚུལ་དུ་བསྣོལ་ནས་འཁྱུད་རྒྱ་བྱེད་པ་སྟེ་དམ་ཚིག་


JLAZ009_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱིན་ཞིང༌། རྒྱལ་ཚབ་ཏུ་འོས་པའི་སློབ་བུ་ཡིན་ན་ཁྲི་ལ་བཞག་སྟེ་འཁོར་ལོ་དང༌། པོ་ཏི་དང༌། དུང་དཀར་དང༌། ཕྱག་ཤིང་ཀྱང་གཏད་ཧཱུྃ། ཐབས་ཀྱི་སྤྱོད་པས་གཞན་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། །སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི། །དབང་དང་བྱིན་རླབས་འདིར་སྩལ་ཏོ། །ཨཱོཾ་བོ་དྷི་ཙིཏྟ་ས་མ་ཡ་སྟྭཾ་ཨ་བྷི་ཥིཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་དང་དྲིལ་བུ་འདི་གཏད་ཅིང་དམ་ཚིག་གསུམ་བྱིན་ནས་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་ནས། རྣམ་པ་ཐམས་ཅད་མཁྱེན་པའི་བདག་ཉིད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རང་བཞིན་སྔགས་ཀྱི་ལྟ་སྤྱོད་ཟབ་མོའི་ཐབས་ཤེས་ཟུང་འབྲེལ་དུ་རྫོགས་ནས་འཁོར་བ་མ་སྤངས་རང་བཞིན་མེད་པར་དག །སྐུ་གསུམ་འདུ་འབྲལ་མེད་པས་འགྲོ་བའི་དོན་དཔག་ཏུ་མེད་པར་བྱེད་པའི་རྟེན་འབྲེལ་འགྲིགས་པ་ཡིན་ནོ། །ཞེས་གཟེངས་བསྟོད། དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ནས་སློབ་མས་ཀྱང་སློབ་དཔོན་གྱི་གོ་འཕང་བརྙེས་པར་བྱ་སྟེ། རྡོ་རྗེ་འབར་བ་ལས། དབང་བསྐུར་གནང་བ་ཐོབ་ནས་ནི། །ཉན་དང་བསམ་པ་ལ་སོགས་པས། །བླ་མའི་རྒྱུད་ལ་གནས་པ་རྣམས། །སྦྱངས་ཤིང་རྟོགས་པར་མ་བྱས་ན། །གཅེར་བུ་ལག་པ་སྟོང་པར་འགྲོ། །ཞེས་སོ། །དེ་ཡང༌།


JLAZ009_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཁྲོས་པ་ལས། དབང་བསྐུར་ཡི་དམ་ལྷར་ བསྐྱེད་ལ། །ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བྱ། །ཞེས་པས་སློབ་མའི་ལུས་ཀྱི་དངོས་པོར་འཛིན་པ་དག་པའི་ཕྱིར་ལྷ་དབང་བསྐུར་བའི་ཚུལ་ཀཱི་ལ་ཡ་གསང་བའི་དགོངས་རྒྱུད་ལས་ཇི་ལྟར་བསྟན་པ་ཉིད་དབང་བསྐུར་ཟབ་མོའི་དག་བྱ་དག་འབྲས་ལས་ཡིན་ལུགས་ཀྱི་དོན་ལ་སྦྱོར་བའི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་ཐུགས་ཀ་ནས་ཆུ་ལ་ཆུ་བུར་རྡོལ་བ་བཞིན་བྱུང་བའི་ལྷ་ཚོགས་རྣམས་གནས་སོ་སོར་ཐིམ་པའི་མོས་པ་མཛོད། །ཅེས་བརྡའ་སྦྱར་ལ། སྤྱི་བོར་གཙོ་བོའི་སྐུ་བཞག་ལ། དངོས་པོར་འཛིན་པ་གནས་སུ་དག་པའི་ཕྱིར། །བཅོམ་ལྡན་རྡོ་རྗེ་གཞོན་ནུས་དབང་བསྐུར་རོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ་དཱིཔྟ་ཙཀྲ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། སྲས་མཆོག་ཡབ་ཡུམ་བཅུ་ཡི་སྐུ་སྟོན་ཅིང༌། །གཟུགས་ཀྱི་ཕུང་པོ་གནས་སུ་དག་པའི་ཕྱིར། །ནམ་མཁའི་རྩ་ལ་བུདྡྷ་ཧེ་རུ་ཀ །ཨཱོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཱཾ། རྣམ་ཤེས་ཕུང་པོ་གནས་སུ་དག་པའི་ཕྱིར། །ས་ཡི་རྩ་ལ་བཛྲ་ཧེ་རུ་ཀ ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཱཾ། ཚོར་བའི་ཕུང་པོ་གནས་སུ་དག་པའི་ཕྱིར། །ཆུ་ཡི་རྩ་ལ་རཏྣ་ཧེ་རུ་ཀ །ཨཱོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཱཾ། འདུ་ཤེས་ཕུང་པོ་གནས་སུ་དག་པའི་


JLAZ009_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །མེ་ཡི་རྩ་ལ་པདྨ་ཧེ་རུ་ཀ །ཨཱོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཱཾ། འདུ་བྱེད་ཕུང་པོ་གནས་སུ་དག་པའི་ཕྱིར། །རླུང་གི་རྩ་ལ་ཀརྨ་ཧེ་རུ་ཀ །ཨཱོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཱཾ། འབྱུང་བ་ལྔ་ནི་རྒྱལ་བ་ཡུམ་ལྔའི་མཁའ། །སྲས་མཆོག་རིགས་ལྔ་ཡབ་ཡུམ་དབང་བསྐུར་རོ། །ཁྲོ་བོ་བཅུའི་སྐུ་གནས་སོ་སོར་བསྐུར་ལ། ཧཱུྃ། ཞེ་སྡང་གནས་སུ་དག་པའི་ཕྱིར། །རྣ་བའི་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་རྣམ་པར་རྒྱལ་བས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ་བཛྲ་ཀྲོ་དྷི་ལཱ་སེ་ཀེ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། ང་རྒྱལ་གནས་སུ་དག་པའི་ཕྱིར། །དཔུང་གཡས་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་གཤིན་རྗེ་གཤེད་པོས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ་བཛྲ་ཀྲོ་ཏི་སྟྭམ་བྷ་ནི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། འདོད་ཆགས་གནས་སུ་དག་པའི་ཕྱིར། །མཚན་མའི་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་རྟ་མགྲིན་རྒྱལ་པོས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་བཛྲ་ཀྲོ་དྷཱི་ཙན་དྷ་རེ་ཡེ་ཏི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། ཕྲག་དོག་གནས་སུ་དག་པའི་ཕྱིར། །མིག་འབྲས་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་བདུད་རྩི་འཁྱིལ་པས་དབང་བསྒྱུར་རོ། །ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་བཛྲ་ཀྲོ་དྷི་བ་ཡི་བ་ཏི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། གཏི་


JLAZ009_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མུག་གནས་སུ་དག་པའི་ཕྱིར། །ལྟེ་བའི་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་སྟོབས་པོ་ཆེ་ཡིས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ་བཛྲ་ཀྲོ་དྷི་ཙུན་ཏ་མུ་ནེ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། རྫུན་དུ་སྨྲ་བ་གནས་སུ་དག་པའི་ཕྱིར། །ལྕེ་ཡི་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་དབྱུག་པ་སྔོན་པོས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ་བཛྲ་ཀྲོ་དྷི་ཏི་རུ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། སྲོག་གཅོད་གནས་སུ་དག་པའི་ཕྱིར། །དཔུང་གཡོན་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་མི་གཡོ་མགོན་པོས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ་བཛྲ་ཀྲོ་དྷི་མུ་ཁ་ལ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། མ་བྱིན་ལེན་པ་གནས་སུ་དག་པའི་ཕྱིར། །རྐང་གཡས་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་གཞན་གྱིས་མི་ཐུབ་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ཨ་པ་རཱ་ཛི་ཏ་ཧཱུྃ་བཛྲ་ཀྲོ་དྷི་ཤ་བྱ་ཡ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། གནོད་སེམས་གནས་སུ་དག་པའི་ཕྱིར། །རྐང་གཡོན་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་བཛྲ་ཀྲོ་དྷི་མཱ་ར་ན་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། ལོག་པར་ལྟ་བ་གནས་སུ་དག་པའི་ཕྱིར། །མིག་གཡོན་གནད་ཀྱི་རྩ་ལ་ནི། །ཁྲོ་བོ་ཧཱུྃ་ཀཱ་ར་ཡིས་དབང་བསྐུར་རོ། །ཨཱོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་བཛྲ་ཀྲོ་དྷི་ཙི་ན་དྷ་ཡ་ཏི་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། དེ་ལྟར་བདག་ཉིད་རྩ་བའི་དཀྱིལ་


JLAZ009_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་རོལ་པ་ལས་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གྱི་དབང་ཐོབ་པའི་ཡོན་ཏན་ནི། བཤད་པའི་རྒྱུད་ཆེན་པོ་ལས། གཙོ་བོ་ཉིད་ཀྱི་དབང་ཐོབ་ན། །ཅི་བསམ་ལས་རྣམས་འགྲུབ་པར་འགྱུར། །ཧཱུྃ་མཛད་ཆེན་པོའི་དབང་ཐོབ་ན། །ཐོག་དང་སེར་བའི་ལས་རྣམས་འགྲུབ། །རྣམ་པར་རྒྱལ་བའི་དབང་ཐོབ་ན། །སྨྱོ་འབོག་ལས་རྣམས་ཐུལ་བར་འགྱུར། །དབྱུག་སྔོན་ཅན་གྱི་དབང་ཐོབ་ན། །ཉོན་མོངས་མེ་ནི་བསྲེག་པར་འགྱུར། །གཤིན་རྗེ་གཤེད་པའི་དབང་བསྐུར་ན། །སྒྲོལ་བ་ཆེན་པོའི་དབང་ཡང་ཐོབ། །མི་གཡོ་མགོན་པོའི་དབང་ཐོབ་ན། །ཞེ་སྡང་རང་རྒྱུད་ནོན་པར་འགྱུར། །རྟ་མགྲིན་རྒྱལ་པོའི་དབང་ཐོབ་ན། །ཁམས་གསུམ་དབང་དུ་སྡུད་པར་འགྱུར། །གཞན་གྱིས་མི་ཐུབ་དབང་ཐོབ་ན། །ཉོན་མོངས་ཤ་མདངས་ཕྱེད་པར་འགྱུར། །བདུད་རྩི་འཁྱིལ་བའི་དབང་ཐོབ་ན། །ཁམས་གསུམ་གདུག་པ་གསོད་པར་འགྱུར། །ཁམས་གསུམ་རྣམ་རྒྱལ་དབང་ཐོབ་ན། །གང་ཡིན་དངོས་པོ་འཛིན་པར་འགྱུར། །སྟོབས་པོ་ཆེ་ཡི་དབང་ཐོབ་ན། །འདུལ་བ་ཆེན་པོའི་དབང་ཐོབ་འགྱུར། །སྲས་མཆོག་དྲུག་གི་དབང་ཐོབ་ན། །འཇིག་རྟེན་དྲེགས་པ་འདུལ་བར་འགྱུར། །དུར་ཁྲོད་རྫས་ཀྱི་དབང་ཐོབ་ན། །


JLAZ009_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་རྒྱལ་པོ་འདུལ་བར་འགྱུར། །སྐུ་གསུང་ཐུགས་ཀྱི་དབང་ཐོབ་ན། །ཁམས་གསུམ་སྤྲུལ་པས་འགེངས་པར་འགྱུར། །རྡོ་རྗེ་ཕུར་པའི་དབང་ཐོབ་ན། །དྲེགས་པ་ཅན་རྣམས་འདུལ་བར་འགྱུར། །བཀྲ་ཤིས་དམ་པའི་རྫས་ལ་བརྟེན། །དམ་པ་དེ་ཉིད་ཐོབ་གྱུར་ན། །ལེགས་པའི་ཡོན་ཏན་བརྗོད་ལས་འདས། །རྡོ་རྗེ་ཚེ་ཡི་དབང་ཐོབ་ན། །ཚེ་ཡི་རྡོ་རྗེ་ཉིད་དུ་འགྱུར། །ལོངས་སྤྱོད་གཏེར་གྱི་དབང་ཐོབ་ན། །ཟད་མེད་འཕེལ་བའི་དབང་དང་ལྡན། །དབང་ལ་ཡོན་ཏན་བརྗོད་ལས་འདས། །དབང་རྣམས་རྫོགས་པར་མ་གྱུར་ན། །རྫ་བྱས་བེའུར་ལུས་པ་འདྲ། །དབང་རྣམས་ཐོབ་པར་མ་གྱུར་ན། །ཉི་ཁྲི་ཆིག་སྟོང་སྟོན་ནུས་ཀྱང༌། །རྒྱལ་པོ་དམངས་སུ་བབ་པ་འདྲ། །ཤིང་ལ་བཙུགས་འཕྲུ་བྱས་པ་འདྲ། །དེ་ཕྱིར་དབང་ལ་ནན་ཏན་བྱ། །ཞེས་སོ། །དེ་ནས་ཕྲ་ཕྱག་སོ་སོའི་ཙཀླི་སྤྱི་བོར་བསྐུར་ལ་བཏང་སྙོམས་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་ཕག་གི་མགོ་ཅན་དབང་བསྐུར་རོ། །བཛྲ་སུ་ཀ་ར་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། གཡོ་སྒྱུ་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་སྨིག་བུའི་མགོ་ཅན་དབང་བསྐུར་རོ། །བཛྲ་ཀ་ཤ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། དཔའ་རྩལ་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་སྟག་གི་མགོ་ཅན་དབང་བསྐུར་རོ། །


JLAZ009_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བྱཱ་གྷྲྀ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། ཐོགས་མེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་བྱ་རྒོད་མགོ་ཅན་དབང་བསྐུར་རོ། །བཛྲ་གྲིད་ཌྷ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། གཟི་བརྗིད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་གཡག་གི་མགོ་ཅན་དབང་བསྐུར་རོ། །བཛྲ་ཙ་མ་ར་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། རང་རིག་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་བྱ་རོག་མགོ་ཅན་དབང་བསྐུར་རོ། །བཛྲ་ཀཱ་ཀ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། གཙང་མ་སྲོད་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་ཤ་བའི་མགོ་ཅན་དབང་བསྐུར་རོ། །བཛྲ་ཧ་ར་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། ཕྲ་ལ་གཏིང་ཟབ་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་འུག་པའི་མགོ་ཅན་དབང་བསྐུར་རོ། །བཛྲ་ཧུ་ལུ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། འཁོར་བ་རྔམ་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་གཟིག་གི་མགོ་ཅན་དབང་བསྐུར་རོ། །བཛྲ་བྱཱ་གྲྀ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། མི་འཆོར་འཇོམས་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་ཁྭ་ཡི་མགོ་ཅན་དབང་བསྐུར་རོ། །བཛྲ་བ་ཡ་ཏི་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། གཟེ་མྱུར་འཇོམས་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་བྱི་ལའི་མགོ་ཅན་དབང་བསྐུར་རོ། །བཛྲ་པ་ཙ་ལ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། ཐབས་མཁས་རྫུ་འཕྲུལ་བྱང་ཆུབ་སེམས་


JLAZ009_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན། །ཕྲ་མེན་པུ་ཤུད་མགོ་ཅན་དབང་བསྐུར་རོ། །བཛྲ་བག་ཤི་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། རྔམ་མགྱོགས་གསོད་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་སྤྱང་ཀིའི་མགོ་ཅན་དབང་བསྐུར་རོ། །བཛྲ་ཤཱ་ན་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། འཛིན་ཅིང་མགྱོགས་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་ཁྲ་ཡི་མགོ་ཅན་དབང་བསྐུར་རོ། །བཛྲ་ཙན་དྷ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། གཉེན་པོ་གཞལ་མེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་སེང་གེའི་མགོ་ཅན་དབང་བསྐུར་རོ། །བཛྲ་སིང་ཧ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། ཤེས་རབ་ཐབས་མཁས་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་ཕ་ཝང་མགོ་ཅན་དབང་བསྐུར་རོ། །བཛྲ་ཏི་ཏཱི་ལ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། གཏུམ་ཤིང་གདུག་པ་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་དོན་གྱི་མགོ་ཅན་དབང་བསྐུར་རོ། །བཛྲ་དག་ཤི་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། མགྱོགས་ཤིང་གཟེ་བའི་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་སྲེ་མོང་མགོ་ཅན་དབང་བསྐུར་རོ། །བཛྲ་ན་ཀུ་ལ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། རྩོལ་ཆེན་ཐོགས་མེན་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་དྲེད་ཀྱི་མགོ་ཅན་དབང་བསྐུར་རོ། །བཛྲ་རིག་ཤ་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། བསྐུངས་མཁས་སྒྲོལ་བྱེད་བྱང་ཆུབ་སེམས་དང་ལྡན། །ཕྲ་མེན་བྱི་བའི་མགོ་ཅན་དབང་བསྐུར་རོ། །བཛྲ་དུང་ཀཾ་


JLAZ009_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་མུ་ཁཛྫ་ཨ་བྷི་ཥིཉྩ་མཱཾ། ཡན་ལག་བཞི་ལ་སྒོ་མ་བཞི་སོ་སོར་བསྐུར་ལ། སྙིང་རྗེ་བྱང་ཆུབ་སེམས་དང་ལྡན། །ལག་གཡས་ལྕགས་ཀྱུ་མ་ཡིས་དབང་བསྐུར་རོ། །བཛྲ་ཨངྐུ་ཤ་ཛཿཨ་བྷི་ཥིཉྩ་མཱཾ། བྱམས་པ་བྱང་ཆུབ་སེམས་དང་ལྡན། །ལག་གཡོན་ཞགས་པ་མ་ཡིས་དབང་བསྐུར་རོ། །བཛྲ་པཱ་ཤ་ཧཱུྃ་ཨ་བྷི་ཥིཉྩ་མཱཾ། དགའ་བ་བྱང་ཆུབ་སེམས་དང་ལྡན། །རྐང་གཡོན་ལྕགས་སྒྲོག་མ་ཡིས་དབང་བསྐུར་རོ། །བཛྲ་སྥོ་ཊ་བཾ་ཨ་བྷི་ཥིཉྩ་མཱཾ། བཏང་སྙོམས་བྱང་ཆུབ་སེམས་དང་ལྡན། །རྐང་གཡས་དྲིལ་བུ་མ་ཡིས་དབང་བསྐུར་རོ། །བཛྲ་གྷཎྜེ་ཧོཿཨ་བྷི་ཥིཉྩ་མཱཾ། ལུས་འདི་དངོས་པོར་འཛིན་པ་རྣམས། །རྟོག་པའི་དབང་གིས་འཛིན་པ་ལས། །ལུས་འདི་ཡེ་ནས་མངོན་སངས་རྒྱས། །ཡེ་ནས་རྒྱལ་བའི་དཀྱིལ་འཁོར་ཡིན། །བསྐྱེད་ཀྱང་མི་དགོས་རང་བཞིན་གནས། །ཞེས་དག་པ་བརྗོད་ལ་རོལ་མོས་བྱིན་དབབ་པར་བྱའོ། ། དེ་ནས་ཕུར་སྲུང་དམ་ཅན་མ་མོ་བཅུ་གཉིས་མིང་པོ་དང་བཅས་པའི་དབང་ནི་ཤིན་ཏུ་གཉན་པས་སྣོད་དང་སྦྱར་ཏེ་བསྐུར་བར་བྱ་བ་ནི། ཧཱུྃ། འཇིག་རྟེན་ཁམས་རྣམས་དབང་དུ་སྡུད་པ་ཡི། །ལྕགས་ཀྱི་སྤྱང་མོས་ཁམས་གསུམ་དབང་དུ་སྡུད། །མངགས་


JLAZ009_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕོ་ཉའི་ཚུལ་ཏེ་རྔམས་པའི་མདངས། །དབང་སྡུད་དམ་ཅན་དབང་མཆོག་ཐོབ་པར་ཤོག །ཧཱུྃ། ཁྱི་མོ་རལ་པ་ཁམས་གསུམ་དངངས་པའི་བདག །ཁམས་གསུམ་ཟས་སུ་ཟ་བའི་རྐན་སྒྲ་ཅན། །སྲིད་གསུམ་སྐོམ་དུ་འཐུང་བའི་ཧུབ་སྒྲ་ཅན། །དམ་ཅན་མཁའ་འགྲོའི་དབང་མཆོག་ཐོབ་པར་ཤོག །ཧཱུྃ། འཕར་བ་ལྕེ་བརྒྱད་སྣང་སྲིད་སིལ་བུར་འདོན། །ཁམས་གསུམ་ཀུན་ཏུ་ཕྱོགས་བཞིའི་དམག་དཔུང་འཇོམས། །ང་རོ་ཆེན་པོ་ཕྱོགས་བཅུ་ཀུན་ཏུ་སྒྲོགས། །མཁའ་འགྲོ་དགྱེས་པའི་དབང་མཆོག་ཐོབ་པར་ཤོག །ཧཱུྃ། ཟངས་ཀྱི་ཝ་མོས་སྣང་སྲིད་གདུག་པ་འདུལ། །རི་རབ་རྩེ་ནས་བསྙིལ་བའི་དབང་མོ་ཆེ། །ཙིཏྟ་དོན་སྙིང་ཟ་བའི་རྐན་སྒྲ་ཅན། །དབང་སྡུད་མཁའ་འགྲོའི་དབང་མཆོག་ཐོབ་པར་ཤོག །ཛྭ་ལ་ཛྭ་ལ་བཛྲ་མ་མ་མུཀྟ་ལ་ཡེ་ཛ་པ་དུ་མན་དྷི་ཤྭ་རི་ནི་ལ་པུ་ཙི་ཧཱུྃ་བྷྱོ་ཧཱུྃ་བྷྱོ་ཨ་བྷི་ཥིཉྩ་མཱཾ། ཧཱུྃ། ཁམས་གསུམ་ནད་ཀྱི་བདག་མོར་དབང་བསྒྱུར་མ། །འཇིག་རྟེན་ཁམས་ཀུན་ཁྱབ་པའི་བྱ་མ་རྟ། །མི་ཕྱུག་ཀུན་ལ་མངའ་མཛད་དབང་མོ་ཆེ། །གདུག་པ་མ་མོའི་དབང་རྣམས་ཐོབ་པར་ཤོག །ཧཱུྃ། དུས་གསུམ་ཀུན་ཏུ་རྒྱས་པའི་སྐུ་བརྙེས་པ། །བསྟན་པ་རྒྱས་པའི་སླད་དུ་ཕྲིན་ལས་མཛད། །སེར་ནག་ཆེན་མོ་ཁམས་གསུམ་ཀུན་གྱི་བདག །མཁའ་འགྲོ་དབང་སྡུད་


JLAZ009_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྣམས་ཐོབ་པར་ཤོག །ཧཱུྃ། ལས་སུ་ཤ་ཁྲག་རོ་ལ་རྔམ་པའི་ཡུམ། །ཁྲག་འཐུང་དམར་ནག་སྲིད་གསུམ་དབང་དུ་སྡུད། །སྟོང་ཁམས་དགེ་སྡིག་བྱ་ར་བྱེད་པའི་ཡུམ། །དད་པ་སྟོབས་ལྡན་མཁའ་འགྲོའི་དབང་ཐོབ་ཤོག །ཧཱུྃ། ཕྲིན་ལས་སྣ་ཚོགས་མཐར་ཕྱིན་གྲུབ་པ་མོ། །རྒྱ་མཚོའི་གཏིང་གི་ཀླུ་རྣམས་འཁྲུག་བྱེད་མ། །ལྗང་ནག་ཆེན་མོ་ཕྲིན་ལས་མཐར་ཕྱིན་མ། །མཁའ་འགྲོ་མཐུ་ཡི་དབང་རྣམས་ཐོབ་པར་ཤོག །མ་ཐ་མ་ཐ་བཛྲ་ཏྲག་རཀྴ་མ་ཏི་ཧེ་དུན་བྷྱོ་མ་ཧཱ་ཀཱ་ལ་ཡཀྴ་ནག་མོ་ཧེ་དུན་བྷྱོ་ཨ་བྷི་ཥིཉྩ་མཱཾ། ཧཱུྃ། བདུད་ཀྱི་རིགས་རྣམས་དབང་དུ་སྡུད་མཛད་མ། །མཐིང་ནག་བདུད་ཀྱི་ཆས་སུ་རབ་ཏུ་ཞུགས། །ཁམས་གསུམ་བདུད་དཔུང་འཇོམས་པའི་དབང་མོ་ཆེ། །གདུག་པ་བདུད་འདུལ་དབང་རྣམས་ཐོབ་པར་ཤོག །ཧཱུྃ། འཇིག་རྟེན་གནོད་བྱེད་རབ་ཏུ་འདུལ་མཛད་མ། །སེར་བས་རྒྱས་པའི་བཞིན་མཚོན་མཛད་པ། །ཀི་ཀང་ལས་ཀྱི་བསྐལ་པར་འདུལ་མཛད་པ། །མཁའ་འགྲོ་མཐུ་བྱིན་དབང་རྣམས་ཐོབ་པར་ཤོག །ཧཱུྃ། ཁམས་གསུམ་གང་འདུལ་དབང་གི་བདག་མོ་སྟེ། །རཀྴ་སྲིན་པོ་ཟ་བྱེད་དབང་དུ་སྡུད། །དཔལ་གྱི་བཀའ་ཉན་ཁྲག་གི་དྲི་སྣོམ་མ། །


JLAZ009_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཆེན་མོའི་དབང་རྣམས་ཐོབ་པར་ཤོག །ཧཱུྃ། གདུག་པ་ཀླུ་རྣམས་རབ་ཏུ་འདུལ་མཛད་མ། །ནད་ངན་ཕྲིན་ལས་དབང་གི་བདག་མོ་སྟེ། །ཀླུ་ལ་མངའ་མཛད་ནད་ཀྱི་བདག་མོ་ཡང༌། །ལས་རྣམས་མཐར་ཕྱིན་དབང་རྣམས་ཐོབ་པར་ཤོག །ཀ་ཏང་ཀ་ཏེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཙི་ཏེ་སུ་ཀི་བྷ་ཡ་བྷ་ར་ཙིཏྟཾ་ཡོ་གི་ཤྭ་རི་ཡ་མ་ཙིཏྟ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་མཱཾ། ཧཱུྃ། འཇིག་རྟེན་དྲེགས་པ་འདུལ་བའི་ལས་མཛད་མ། །གྲངས་དང་ལྡན་པ་མ་ནོར་རིམ་པར་ལྡན། །རྣམ་བཞི་རྟོག་པའི་ཁྱད་པར་སྟོན་མཛད་པ། །ཡང་དག་དོན་དང་ལྡན་པའི་དབང་ཐོབ་ཤོག །རྣལ་འབྱོར་ཆེན་པོ་ལས་མིང་པོ་གསུམ་ལས་མ་བཤད་པ་ལྟར། ཧཱུྃ། མ་ཧཱ་ཀཱ་ལ་མདོག་ནག་ སྟེ༑ །བེ་ཅོན་ཕུར་བུ་རྒྱན་དང་ལྡན། །རྒྱལ་པོ་དཀར་པོ་ཀིང་ཀར་ཕུར། །བསེ་ཡི་སྐྱེས་བུ་བསྭེ་ཁྲབ་གསོལ། །དམར་པོ་འཇིགས་པ་ཕྱག་གཉིས་ན། །སེ་མདའ་སེ་གཞུ་ཕུར་པ་འདྲིལ། །མིང་པོ་གསུམ་གྱི་དབང་བསྐུར་རོ། །ཀཱ་ལ་མ་ཏྲཾ་མ་ཧཱ་ཀཱ་ལ་ར་ཏི་ཡེ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཀཱ་ར་མཱ་ཀཱ་རཱ་ཡ་ཏྲི་ཙ་པ་ལ་ཏྲི་ལ་ཐུན། མ་ར་ས་ནི་ར་ཤ་ནི་ར་ཤ་བྷི་ཀུ་ལན་ཤུ་ལན་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བུམ་པའི་དབང་བསྐུར་བས་བསྐྱེད་རིམ་སྒོམ་པའི་སྣོད་དུ་གྱུར། ཞི་བའི་ལས་གྲུབ། ལུས་རགས་པ་


JLAZ009_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལག་གི་རྣམ་པ་ཐ་མལ་དུ་འཛིན་པ་དང༌། ཕྲ་བ་རྩའི་རྣམ་གྲངས་ཐ་དད་པ་སྦྱངས་པས་སྐུ་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག་ལམ་བསྐྱེད་པའི་རིམ་པ་དང་དགའ་བའི་ཡེ་ཤེས་ལ་བརྟེན་ནས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན། སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ཏེ། བཤད་རྒྱུད་ལས། སློབ་མའི་ལུས་ནི་དག་ཅིང་སྨིན། །རྡོ་རྗེའི་ལུས་ནི་རྣམ་པར་དག །དེ་ནི་བུམ་པའི་དབང་ཡིན་ཏེ། །ལྷ་ཡི་སྐུ་ཡི་རྣམ་དག་པ། །མྱུར་དུ་ཐོབ་ཏེ་ཐེ་ཚོམ་མེད། །ཅེས་སོ། །གཉིས་པ་གསང་དབང་ནི་རྡོ་རྗེ་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ་བསྐུར་བ་ཡིན་ཏེ། བཤད་རྒྱུད་ལས། རྡོ་རྗེ་སློབ་དཔོན་དཔའ་བོ་ཆེ། །ཡབ་ཡུམ་བདེ་བ་སྦྱོར་བའི་སྒྲས། །བྱང་སེམས་དཀར་དམར་ཐིག་ལེའི་དབང༌། །ཞེས་པས་གསུང་རྡོ་རྗེའི་རང་བཞིན་ནི་གསང་དབང་གི་ངོ་བོ་ཡིན་ལ། བྱང་ཆུབ་ཀྱི་སེམས་དེ་ཉིད་སློབ་མའི་དག་བྱའི་རྩ་བ་ངག་གི་རང་བཞིན་རླུང་ལ་འདྲེས་པར་བྱ་བའི་སླད་དུ་བདེ་སྟོང་གཉིས་སུ་མེད་པའི་འདོད་ཆགས་རྗེས་སུ་ཆགས་པའི་མེས་བཞུ་བའི་ཚུལ། དེ་ཉིད་ལས། རྡོ་རྗེ་ཐེག་པ་ལ་མོས་པའི། །བུ་མོ་མཚན་བཟང་ལྡན་པ་བཙལ། །ཐབས་ཀྱི་རྡོ་རྗེ་གཞོན་ནུ་སྟེ། །དེ་ཉིད་ཤེས་རབ་བདེ་བའི་ཡུམ། །རྡོ་རྗེའི་ལམ་ནས་


JLAZ009_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པདྨོར་འཁྱིལ། །བདེ་བ་ཐུགས་ཀྱི་ཐིག་ལེ་སྤྲོ། །ཟག་མེད་ཉི་ཟླའི་སྙིང་པོ་དེ། །སློབ་མའི་ངག་ལ་ཡང་དག་སྦྱིན། །ཞེས་པས་མཁའ་གསང་དངོས་གནས་མ་ཡིན་པར་རྣམ་པ་དང་ས་བོན་གྱི་རང་བཞིན་དུ་རློབ་པ་དང༌། བརྡའ་དང་བརྡའ་ལེན་གྱིས་རྗེས་ཆགས་བསྐུལ་ཏེ་འདུ་ཤེས་གསུམ་ལྡན་གྱི་སྙོམས་པར་ཞུགས་པ་སོགས་ཤེར་དབང་ལྟར་ཤེས་པར་བྱས་ནས་མས་བརྟན་གྱི་རྟེན་འབྲེལ་ལུགས་ལས་ལྡོག་པ་དེ་ཉིད་སྐལ་མེད་དང་ཉན་ཐོས་ཀྱི་ཐེག་པ་ཅན་གྱིས་མཐོང་བ་ལྟ་ཅི། ཐོས་སུ་ཡང་མི་རུང་བས་གསང་ཞེས་བྱ་བའི་སྒྲ་ཞུགས་ལ་དེ་ཉིད་སློབ་བུའི་ལྕེ་ཐོག་ཏུ་བྱིན་པ་ནི་དབང་སྟེ། དེའང་དངོས་འཛིན་དག་པའི་སློབ་མས་རྡོ་རྗེ་ནོར་བུའི་རྩེ་ནས་མྱོང་བ་ཐབས་བདེ་བ་ཆེན་པོའི་གསང་དབང༌། པདྨའི་སྣ་རྩེ་ནས་མྱོང་བ་ཤེས་རབ་སྟོང་པ་ཉིད་ཀྱི་གསང་དབང༌། མཁའ་གསང་དུ་འདྲེས་པ་ཡབ་ཀྱི་ལྕེས་བླངས་ཏེ་བྱིན་པ་འདིར་དངོས་བརྟན་གྱི་གཉིས་མེད་བདེ་བ་ཆེན་པོའི་གསང་དབང་སྟེ། ལྔ་བརྒྱའི་ཐ་མ་ལ་གསང་སྔགས་མོས་པས་སྤྱོད་པའི་སྐབས་འདིར། དཔོན་སློབ་གཉིས་ཀའི་ཆ་ནས་དེ་ལྟར་རྔོ་ཐོགས་པ་མ་མཆིས་ན། ཀུན་ཏུ་བཟང་པོའི་སྤྱོད་པ་ཁྲེལ་བག་ཡོད་པ་ཉིད་ཁ་ན་མ་ཐོ་བ་ཆུང་བས་གསང་དབང་ཙམ་པོ་བ་ཉིད་ལག་ལེན་ལ་གདབ་པ་ལྟར་ལེགས་པས། དཀྱིལ་འཁོར་གྱི་བདག་པོ་


JLAZ009_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་སྙོམས་པར་ཞུགས་པས་མོས་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་བདེ་སྐྱོང་གི་སྣོད་དུ་བསྐྱིལ་བ་བདུད་རྩི་ལྔ་དང་སྦྱར་ནས་ལྕེ་ཐོག་ཏུ་བྱིན་ལ། ཧཱུྃ། བདེ་ཆེན་ཐིག་ལེ་ཡབ་ཡུམ་བཅུ། །རྡོ་རྗེའི་ལམ་ནས་པདྨོར་འཁྱིལ། །བུ་ཡི་ལྕེ་ལ་དབབ་པར་བྱ། །སྙིང་གི་དཀྱིལ་དུ་གཟུང་བར་གྱིས། །ཨཱོཾ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿསློབ་མས་དང་དུ་བླངས་ནས། ཀཱ་ཡ་སིདྡྷི་ཨཱོཾ། ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ། ཨཱོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་ཧོཿཞེས་བརྗོད། དེ་ལྟར་གསང་དབང་བསྐུར་བས་སྒྲོན་མ་ལྔ་དང་བདུད་རྩི་ལྔ་བརྟེན་ཞིང་ལམ་ཙཎྜ་ལི་དང༌། བཟླས་བརྗོད་བྱེད་པ་ལ་དབང༌། རྒྱས་པའི་ལས་འགྲུབ། དག་བྱ་ངག་གི་རང་བཞིན་ཕྲ་བའི་རླུང་ལ་ཞུ་བདེ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་འདྲེས་པས་ཕྲ་བ་རླུང་དང་རགས་པ་ངག་གི་སྒྲིབ་པ་སྦྱངས། གསུང་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག །མཆོག་དགའི་ཡེ་ཤེས་ལ་བརྟེན་ནས་མ་ཆགས་པདྨ་ཅན་གྱིས་ནོན། ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ཏེ། རྒྱུད་ལས། གསང་བ་བྱང་སེམས་རྡོ་རྗེ་དང༌། །རྡོ་རྗེ་གསུང་ནི་རྣམ་པར་དག །ཅེས་སོ། །དབང་གསུམ་པ་ནི། ཡུམ་གྱི་མཁའ་གསང་དུ་ཐབས་ཤེས་གཉིས་


JLAZ009_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་བསྐུར་བ་སྟེ། རྡོ་རྗེ་ཁྲོས་པའི་དབང་ལེ་ལས། གསང་བའི་དབང་རྣམས་བསྐུར་བའི་ཕྱིར། །དབང་གི་སྟེགས་བུ་རབ་བརྩེགས་ལ། །ཤ་རྩི་དཀར་ལ་ལྕང་ལོའི་སྐྲ། །པདྨའི་མཆུ་ལ་སོ་ཚགས་དམ། །སྨིན་མཚམས་བར་ཡང་མ་ཆད་པ། །ཚེས་བརྒྱད་ཟླ་བའི་མིག་འདྲ་བ། །ཞེས་དང༌། བཤད་རྒྱུད་ལས། ཤེས་རབ་བཅུ་དྲུག་ལོན་པ་ཡི། །བུ་མོ་མཚན་དང་ལྡན་པ་ལ། །ཞེས་པ་ལྟར་རམ། རིགས་དང་ལོ་གྲངས་མ་ངེས་པའང་རྡོ་རྗེ་བཀོད་པ་ལས། སྨེ་ཤ་ཅན་ལ་སོགས་པ་ཡི། །བཅུ་གཉིས་དང་ནི་བཅོ་བརྒྱད་དང༌། །ཡང་ནི་ཉི་ཤུ་རྩ་གཅིག་ལ། །ཕྱག་རྒྱའི་དཀྱིལ་འཁོར་གསལ་བཀོད་དེ། །རྣམ་གསུམ་ཚུལ་དུ་ནན་ཏན་བྱ། །ཧ་ཅང་སྦོམ་མིན་ཕྲ་བ་མིན། །སྨིན་མཚམས་རིང་ཞིང་ཤ་མདོག་དཀར། །སྨེ་བའི་ག་ཤལ་ཡོད་པ་དང༌། །ཞེས་སོ། །དེ་ལྟ་བུའི་དབང་རྟེན་གྱི་ལུས་བྱིན་གྱིས་སློབ་པའི་ཚུལ་ཡང༌། སྤྱི་བོར་ཨཱོཾ་ལ་སྙིང་གར་ཧཱུྃ། །མཚན་མར་ཨཱཿསྟེ་རྣམ་གསུམ་དགོད། །ཅེས་དང༌། དུས་གསུམ་གྱི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་བདེ་བ་ཆེན་པོའི་མཆོད་པ་ལེན་པའི་ཕྱིར་དུ་དབང་རྟེན་གྱི་ལུས་ལ་བསྐྱེད་པ་ཡང༌། སློབ་དཔོན་སྣང་བའི་ཐུགས་རྗེ་བསྐྱེད། །


JLAZ009_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་དུས་གསུམ་བདེ་གཤེགས་བསྐྱེད། །ཅེས་པ་ལྟར་རོ། །དེ་ལྟ་བུའི་བསྐྱེད་རིམ་ལ་མོས་པ་བརྟན་པའི་རིག་མ་དབང་གི་རྒྱུད་སྨིན་ཞིང་སྲིད་པའི་འདོད་པ་དག་པའི་དགའ་བཞིའི་སྒྱུ་སྩལ་ལ་གོམས་པ་དེ་ཉིད། དབང་གསུམ་པ་བསྐུར་བའི་ཡུམ་གྱི་གསང་གནས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་ནོར་བུའི་རྩེ་མོ་ཨཱོཾ་གྱིས་མཚན་པར་འདུ་ཤེས་པ་དང༌། ཡུམ་གྱི་མཁའ་གསང་ཨཱཿལས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཧྲཱིཿཡིག་གིས་མཚན་པ་ཡི་གེར་འདུ་ཤེས་པ་དང༌། ཐབས་ཀྱི་ནང་ནས་ཐབས་སུ་གྱུར་པ་ལ་བརྟེན་ནས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་དང་ལྡན་པའི་སློབ་མའི་ལག་ཏུ་བྱིན་ལ་རྟོགས་པ་བསྐྱེད་པ་ནི། ཧཱུྃ། བདེ་བ་ཐུགས་ཀྱི་སེམས་དཔའ་ཆེ། །ཡབ་ཡུམ་གཉིས་མེད་མུ་ཏིག་གི། །ཁུ་འཕང་བྱང་སེམས་ཕབ་པ་ཡིས། །དུས་གསུམ་བླ་མ་སངས་རྒྱས་དང༌། །མཁའ་འགྲོའི་ཚོགས་ལ་བདེ་ཆེན་གྱི། །བྱང་ཆུབ་སེམས་ཀྱི་མཆོད་པ་ཕུལ། །རྡོ་རྗེ་བདེ་ཆེན་ཐིག་ལེའི་དབྱིངས། །ཟག་མེད་དབྱིངས་སུ་མི་རྟོག་སྐྱེ། །དེ་བས་བློ་མཆོག་ལོངས་སྤྱོད་ཅིག །ཅེས་བརྗོད་པ་ན་དབང་རྟེན་དེས་སློབ་བུའི་རྒྱུད་ལ་ཐིག་ལེ་བཅུ་དྲུག་དང་དགའ་བ་བཅུ་དྲུག་པ་བརྟེན་ནས་དེ་


JLAZ009_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྣམ་པ་བཅུ་དྲུག་གི་ཡེ་ཤེས་བསྐྱེད་པའི་ཕྱིར་ལུས་གཅེར་བུར་བྱས་ནས་གསང་བའི་དཀྱིལ་འཁོར་ངོམ་བཞིན་པར། ཧཱུཾ། ཡབ་ཆེན་ཆོས་ཀྱི་དབྱིངས་མཐོང་བའི། །པདྨ་དག་ལ་འོ་བྱེད་དམ། །དེ་ལས་བྱང་ཆུབ་སེམས་འཁྱིལ་བའི། །ཟག་མེད་བདེ་བ་ལོངས་སྤྱོད་དམ། །ཞེས་དྲིས་པ་ན། སློབ་མ་བློ་ཆེན་སྐལ་བ་དང་ལྡན་པ་སྔགས་ཀྱི་ཀུན་ཏུ་སྤྱོད་པ་དང་མྱུར་ལམ་གྱི་དམ་ཚིག་ལ་ཤིན་ཏུ་གུས་པས་ཕྱག་འཚལ་ཞིང་མེ་ཏོག་འཐོར་བ་དང་བཅས། ཨེ་མ་ཧོཿ ཤེས་རབ་ལྷ་མོ་ཡུམ་ཆེན་མོ། །ཆོས་ཀྱི་དབྱིངས་ལ་འོ་ བྱེད་དོ། །བྱང་ཆུབ་སེམས་མཐོང་ཐིག་ལེ་ལས། །རྟག་ཏུ་གུས་ཤིང་བདེ་བ་སྦྱོར། །ཞེས་བརྗོད་པས་སློབ་མ་ལ་ཐ་མལ་གྱི་ཀུན་རྟོག་མེད་པར་མཐོང་ནས་ཤིན་ཏུ་དགྱེས་ཏེ་གསང་ཆེན་རྡོ་རྗེ་ཐེག་པའི་ཐབས་མཆོག་ཏུ་གྱུར་པའི་ལམ་འདི་ལ་མ་བརྟེན་པར་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བ་དག་ཐབས་གཞན་གྱིས་འདག་པར་མི་ནུས་པས། མཆོག་གི་དངོས་གྲུབ་རང་རིག་བདེ་ཆེན་ཡེ་ཤེས་ཆེན་པོའི་འབྱུང་གནས་ཡིན་པར་རྟོགས་པ་བསྐྱེད་པ་ནི། གར་དང་ལྡན་པས་ཡང་དག་བསྐྱོད། །བདེ་ཆེན་སྒྱུ་མའི་བརྡའ་མཚོན་ཏེ། །གཉིས་ཤོར་གཉིས་མཉམ་དབུས་དག་ཏུ། །དབྱིངས་ཀྱི་བདེ་ཆེན་བྱུང་བ་དེ། །རང་རིག་ཡེ་ཤེས་དེ་ལ་ཡོད། །ཅེས་བརྗོད་ནས་རྟོག་པ་


JLAZ009_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་སློབ་མའི་པང་དུ་བྱོན། ཛ་ཧཱུྃ་བཾ་ཧོཿ ཞེས་བརྗོད་པས་ལྕགས་ཀྱུའི་རྒྱས་ཕྲག་པ་ཕན་ཚུན་སྦྲེལ། ཞགས་པའི་རྒྱས་སྟོད་སྨད་ཟུང་དུ་འཇུག །ལྕགས་སྒྲོག་གི་རྒྱས་དབང་པོའི་རེག་པ་འཕྲོད། དྲིལ་བུའི་རྒྱས་ཐབས་ཤེས་སྙོམས་པར་ཞུགས་པ་ལ་ཡབ་ཀྱིས། ས་མ་ཡ་ཧོཿ ཞེས་རང་གི་དམ་ཚིག་གང་ཡིན་དང་དུ་བླང་བར་བརྡའ་སྦྱར་བས། ཡུམ་གྱིས། ས་མ་ཡ་སྟྭཾ། ཞེས་དམ་ཚིག་དེ་ཉིད་དང་དུ་བླངས། ཡབ་ཀྱིས་ཨ་ནུ་རཱ་ག་ཡ་ཧོཿཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་དུ་ང་རྒྱལ་བཟུང་བས། ཡུམ་གྱིས་ཀྱང༌། ཨ་ནུ་རཱ་ག་ཡ་མི། ཞེས་རྗེས་སུ་ཆགས་པའི་ང་རྒྱལ་ཉམས་བརྟས་པར་མཛད། ཧཱུྃ་ཧཱུྃ་ཧཱུྃ་དང་ཨ་ཨ་ཨ། ཞེས་པས་དབུ་མའི་མར་སྣར་བདེ་བའི་རྒྱུན་ལམ་གྱི་རྩ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཙལ་ཞིང་ཡང་དག་པར་བསྐུར་བས་རྗེས་ཆགས་ཀྱི་རླུང་གཡོས། དེས་ཙཎྜ་ལི་རབ་ཏུ་འབར་ནས་སྤྱི་བོའི་ཧཾ་ཡིག་ལས་ཞུ་བདེའི་ཡེ་ཤེས་བསྐྱེད་པའི་ཚུལ་གནས་ཀྱི་སྒོ་ནས་ངོས་བཟུང་ན་མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་གནས་བཞི་ཡིན་ཏེ། ཕྲིན་ལས་ཀྱི་རྒྱུད་ལས། སྲུབ་དང་སྲུབ་པའི་ཐབས་དག་ལས། །མི་རྟོག་པ་


JLAZ009_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རབ་ཏུ་སྐྱེ། །དགའ་དང་མཆོག་ཏུ་དགའ་བ་དང༌། །མངོན་དགའ་རང་བཞིན་དགའ་བ་སྟེ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །བགྲོད་བྱེད་མན་ངག་དག་གིས་སོ། །དང་པོ་དགའ་བའི་དུས་སུ་ནི། །དབུགས་ནི་རྒྱུ་བ་བཅུ་དྲུག་ལ། །ཆུ་ཚོད་ལྔ་བར་སྦྱར་བྱས་ཏེ། །བཟུང་དང་བཟློག་པ་བདེ་བཞིན་བྱ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ནི། །ཆུ་ཚོད་སུམ་ཅུ་གཉིས་ལྡན་བྱ། །དབྱུ་གུ་དྲུག་ཅུ་རྩ་བཞི་ཡིན། །བ་རུ་འབྲིང་པོ་ཞོ་གང་། ལྗིད་དེས་གཞལ་བའི་ཟངས་སྲང་བཅུ་གཉིས་ལ་སྣོད་རྒྱར་སོར་མོ་བཅུ་གཉིས་འཕང་སོར་བརྒྱད་པའི་དབུས་གསེར་འོལ་མ་སེ་སུམ་ཅུ་ལ་སོར་དྲུག་པའི་ཐུར་མ་ཕྲ་སྦོམ་སྙོམས་པ་བུག་པ། དེ་ཆུ་དྭངས་པའི་སྟེང་དུ་བཞག་ནས་ཁེངས་པའི་བར་དབྱུ་གུ་གཅིག་གོ །དེའི་རིང་ལ་གང་ཟག་ནད་མེད་སྙོམས་པ་གཅིག་གི་དབུགས་སུམ་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་རྒྱུ། དེ་ཙམ་རེ་རེ་ལྟེ་བའི་རྩ་འདབ་རེ་རེ་ནས་རྒྱུ་བའི་དེ་ལྟ་བུ་དྲུག་ཅུ་རྩ་བཞི་རེ་ཉིན་ཞག་ཕྲུགས་གཅིག་ལ་རྒྱུའོ། །དེ་ལྟ་བུ་གཉིས་ལ་ཆུ་ཚོད་གཅིག་དེའི་བར་ལ་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔ་རྒྱུ། དེ་ལྟ་བུ་སུམ་ཅུ་སོ་གཉིས་ཏེ་སྤྱི་བོའི་རྩ་འདབ་སོ་གཉིས་ལས་དེ་ཙམ་རེ་རྒྱུའོ། །དེ་ལྟ་བུ་གཉིས་ལ་འཕོ་བ་གཅིག་བྱ་སྟེ་སྟོང་སུམ་བརྒྱ་ལྔ་བཅུའོ། །དེ་ལྟ་བུ་བཅུ་དྲུག་ལོངས་སྤྱོད་འཁོར་ལོའི་རྩ་འདབ་བཅུ་དྲུག་ལ་འཕོ་ཞིང་


JLAZ009_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའོ། །དེ་ཙམ་པ་གཉིས་ལ་ཐུན་ཕྱེད་པ་གཅིག་སྟེ་ཉིས་སྟོང་བདུན་བརྒྱའོ། །དེ་སྙིང་གའི་རྩ་འདབ་བརྒྱད་ལ་འཕོ་ཞིང་རྒྱུའོ། །ཐུན་ཚོད་གཉིས་ལས་ཐུན་ཚོད་གཅིག་སྟེ་ལྔ་སྟོང་བཞི་བརྒྱའོ། །དེ་བཞི་ལ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ་ཉིན་ཞག་ཕྲུགས་གཅིག་གི་རླུང་ཡིན་ནོ། །ཕྲ་མོའི་ཐུན་ནི་དྲུག་ཅུ་བཞི། །ཆེན་པོ་ཐུན་བཞི་ཐུན་བརྒྱད་ཡིན། །དགའ་བའི་གནས་སུ་དབུགས་དང་ནི། །ཐུན་ཚོད་ཆུ་ཚོད་རྩིས་བྱས་ཏེ། །དེ་བཞིན་མཆོག་དགའི་དུས་སུ་ནི། །ཐུན་ཚོད་ཆུ་ཚོད་དེ་བཞིན་བསླབ། །བདེ་བ་གང་སྐྱེས་གནས་དེར་ནི། །མན་ངག་དག་ཀྱང་དེར་བསྟན་བྱ། །དེ་དོན་མན་ངག་བཅས་པ་ནི། །ཤེས་རབ་ཡེ་ཤེས་དབང་དུ་བཤད། །ཅེས་རྡོ་རྗེའི་ལུས་ཀྱིས་བཟུང་བའི་ནང་གི་ཡུལ་ཉི་ཤུ་རྩ་བཞི་ལ་རླུང་སེམས་འཇུག་པའི་ཆ་རྣམས་སྲོག་རྩོལ་གྱི་མཐུས་བཅིངས་པས་འཁོར་ལོ་གསུམ་ལས་གྱེས་པའི་རྩ་ཕྲན་བདུན་ཁྲི་ཉིས་སྟོང་དུ་རླུང་དང་དྭངས་མ་ཟིན་པས་བདེ་བའི་ཡེ་ཤེས་གསར་དུ་འཁྲུངས། ཁུ་རྡུལ་རླུང་གསུམ་དག་པའི་ཆ་ནས་ལམ་གྱི་ཡོན་ཏན་མ་ལུས་པ་རྫོགས། དེའང་ངེས་པའི་དོན་དུ་དགའ་བ་བཞིའི་ཡེ་ཤེས་དང་སྦྱར་ན་དབང་དང་པོ་གསུམ་དང་མཐུན་པ་ནི་རྟོག་བཅས་ཀྱི་དགའ་བ་ཡིན་ལ་དབང་བཞི་པ་དང་མཐུན་པ་ནི་རང་བཞིན་གྱིས་རྟོག་མེད་དགའ་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་ལ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་དབྱིངས་སུ་ནུབ་པས་སྣང་བ་སྟོང་པ་མཆེད་པ་ལས་སྣང་བ་གཡོ་བྱེད་ཀྱི་རླུང་དང་བཅས་པས་སྟོང་པས་ཤིན་ཏུ་སྟོང་པ་ཉེར་ཐོབ་ལ་མཆེད་པ་རླུང་དང་བཅས་པས་ཀྱང་སྟོང་


JLAZ009_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་སྟོང་པ་ཆེན་པོ་སྟེ། རགས་པའི་རླུང་སེམས་ཀྱིས་བསླད་པའི་ཆ་ཐམས་ཅད་ལས་འདས་པའི་ཆོས་ཉིད་མ་འཁྲུལ་བ་གང་ཡིན་པ་དེ་གསང་སྔགས་ལམ་གྱི་ཐབས་ཟབ་མོ་ལ་བརྟེན་ཏེ་སྙིང་གའི་རྩ་མདུད་ གྲོལ་བ་ལས་བྱུང་བ་ཡིན་ཏེ་རྡོ་རྗེ་འབར་བ་བསྐལ་པ་དུམ་བུའི་རྒྱུད་ལས། སེམས་ནི་མིང་བཞིའི་ཕུང་པོ་སྟེ། །ཕུང་པོའི་རྟེན་ནི་འབྱུང་བ་ལྔ། །འབྱུང་བའི་རྟེན་ནི་རྩ་རྣམས་སོ། །རྩ་རྣམས་བརྟེན་པ་སྲོག་གི་རླུང༌། །སྲོག་རླུང་བརྟེན་པ་བྱང་ཆུབ་སེམས། །དེ་རྣམས་གྱེན་དུ་ཡར་ལྡོག་པས། །སེམས་ནི་རླུང་རྟེན་རླུང་ནི་རྩ། །རྩ་རྣམས་འབྱུང་བ་ལྔར་གནས་པ། །ཡབ་ཡུམ་བཅུ་རུ་ཡེ་ནས་གནས། །ཞེས་དང༌། རྒྱལ་བའི་དཀྱིལ་འཁོར་མ་ལུས་ནི། །སྐུ་གསུང་ཐུགས་ཡོན་ལྔ་ལ་འདུས། །རིགས་ལྔར་སྣང་བ་ཡེ་ཤེས་དངོས། །དེ་ཡི་བྱིན་རླབས་སྤྲུལ་པ་ནི། །ཇི་ལྟར་འདོད་པའི་ཡིད་བཞིན་ཚུལ། །ཁྲོ་བོ་ཁྲོ་མོའི་རྣམ་སྤྲུལ་ཡང༌། །གུད་ན་མེད་དེ་དེ་ལས་སྤྲུལ། །སྤྲུལ་པ་རྣམས་ཀྱི་རྒྱུ་ལས་སྤྲུལ། །རྒྱུ་ནི་རིག་པ་བྱང་ཆུབ་སེམས། །སེམས་ཉིད་ཡི་གེ་ཨར་སྣང་བ། །ཨ་མཐོང་ཆོས་ཀྱི་དབྱིངས་ཀྱང་མཐོང༌། །མ་གཡོས་ལྟ་བའི་རྒྱས་བཏབ་ན། །དཀྱིལ་འཁོར་ཐམས་ཅད་བསྒོམ་པ་ཡིན། །ཞེས་པས་དབང་གསུམ་པའི་ཉམས་མྱོང་ལ་བརྟེན་ནས་བཞི་པའི་


JLAZ009_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་དོན་ཤེས་པ་ཡིན་པའི་ཚུལ་འོག་ཏུ་སྟོན་ལ་རྡོ་རྗེ་ཁྲོས་པའི་རྒྱུད་ལས་ཀྱང༌། དེ་ཡི་ཤེས་རབ་ཡེ་ཤེས་ཀྱི། །དབང་གིས་རྡོ་རྗེ་ཐུགས་ཉིད་དག །རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །སེམས་ཉིད་མཁའ་དང་མཚུངས་པར་མཐོང༌། །ཞེས་སོ། །དེ་ལྟར་དབང་གསུམ་པའི་རིམ་པ་དེ་དག་ཀྱང་སྒོམ་དོན་ལ་དེ་ལྟར་ཤེས་པར་བྱ་བ་ལས་རེ་ཞིག་ཚངས་པར་སྤྱོད་པའི་གེགས་སུ་འགྱུར་བ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་སྟོབས་སུ་མི་འགྱུར་ཞིང༌། གནང་བཀག་མི་ཤེས་པ་ཐམས་ཅད་ལས་དང་པོ་པ་ཁོ་ན་ཡིན་པས་ན་ཚོད་དང༌། རིགས་གཟུགས་དང༌། ཆོ་འབྲང་ལ་སོགས་ལ་དཔག་ཏུ་མི་རུང་བས་མཚོན་པ་བརྡའི་དབང་རིག་ཙཀ་དང༌། དྲིལ་བུ་དང༌། ཁ་ཊྭཱཾ་ཀ་ལ་སོགས་པ་ལ་བརྟེན་ནས་བསྐུར་བ་ཉིད་ལག་ལེན་ལ་གནས་པའོ། །དེའི་ཕྱིར་ཐུན་མོང་ཙམ་དུ་དག་པ་བརྗོད་པ་ནི། དེ་ལྟར་དབང་གསུམ་པ་བསྐུར་བས། དངོས་སམ་ཡིད་ཀྱི་སྣ་ཚོགས་གཟུགས་ཅན་སྒོམ་པ་ལ་དབང༌། དབང་གི་ལས་འགྲུབ། དགའ་བ་བཞིའི་མས་བརྟན་གྱི་དཔེའི་ཡེ་ཤེས་ལ་བརྟེན་ནས་རགས་པ་ཐིག་ལེའི་སྒྲིབ་པ་དང༌། ཕྲ་བ་ཡིད་ཀྱི་སྒྲིབ་པ་སྦྱངས། དེ་ཉིད་རྣམ་པ་བཅུ་དྲུག་གི་དོན་མངོན་དུ་བྱས་ནས་ཆོས་ཀྱི་སྐུ་འགྲུབ་པའི་


JLAZ009_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །དབང་བཞི་པ་ནི་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དུ་བསྐུར་བ་ཡིན་ཏེ། བཤད་རྒྱུད་ལས། ཆོས་སྐུ་མངོན་སུམ་མཐོང་བའི་ཚེ། །མཆོག་གི་དབང་དུ་དེ་ཉིད་ངེས། །ཞེས་དང༌། བཞི་པ་མཆོག་གི་དབང་ཆེན་ཡིན། །ཞེས་པས་བསྐུར་མ་ཐག་པའི་ཤེར་དབང་གི་དགའ་བའི་ཡེ་ཤེས་བཞི་པ་དགའ་བྲལ་ཆེན་པོའམ། རང་བཞིན་ལྷན་ཅིག་སྐྱེས་པའི་དཔེའི་ཡེ་ཤེས་ཆེན་པོའི་རྟོགས་པར་བྱ་བ་སྟེ། ཕྲིན་ལས་ཀྱི་རྒྱུད་ལས། བཞི་པའི་དབང་ནི་བསྐུར་བྱ་སྟེ། །རླུང་གི་རང་བཞིན་ངེས་ཤེས་ཤིང༌། །བོ་ལ་ཀ་ཀོ་ལ་སྦྱར་ལ། །རང་བཞིན་བདེ་སྐོར་ཕན་ཚུན་འབྱུང༌། །གཟུང་དུ་མེད་དེ་བརྗོད་དུ་མེད། །རྟོག་པ་ཀུན་དང་བྲལ་བ་ཡི། །རང་བཞིན་འོད་གསལ་དེར་གནས་པ། །ཚིག་ཚོགས་དབང་གི་རང་བཞིན་བྱིན། །རྟོག་པའི་བག་ཆགས་འཇོམས་པར་བྱེད། །དབང་གསུམ་འབྲས་བུ་དེ་བཞིན་ནོ། །ཞེས་པས་འདི་ནི་ཚིག་གིས་མཚོན་ལ་དད་པ་དང་བྱིན་རླབས་ཀྱི་ཐོབ་པའི་དབང་ཡིན་ཏེ། དེ་བས་ན་བླ་མ་དང་དཀྱིལ་འཁོར་གྱི་ལྷ་གཉིས་སུ་མེད་པར་བལྟས་ལ་མོས་གུས་ཀྱི་གདུང་བ་དྲག་པོ་དང་ལྡན་པས་རྗེས་ཐོག་ཏུ་གསུམ་པའི་ཉམས་མྱོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་ཉིད་ཀྱིས་སྟོང་པས་བདག་ཏུ་ལྟ་བ་དང༌། འཁོར་འདས་ཀྱི་ཆོས་སུ་འཛིན་པ་དང༌།


JLAZ009_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རིག་བྱ་རིག་བྱེད་ལས་འདས་པའི་ཆོས་ཉིད་ཡེ་གནས་ཆེན་པོ་ལ་ཕྱི་གཟུང་བའི་ཡུལ་མེད། ནང་འཛིན་པའི་སེམས་མེད། ཤེས་པས་མཐོང་བའི་ཆོས་ཉིད་མེད་པས་མ་མཐོང་བའི་མཐོང་བ་ཆེན་པོ་ནི་དབང་བཞི་པའི་ངོ་བོ་ཉིད་ཡིན་པ་དྲན་པར་བྱ་སྟེ། རྡོ་རྗེ་འབར་བ་ལས། ངོ་བོ་ཉིད་ཀྱི་སྟོང་པ་ལས། །བདག་དང་ཆོས་དང་རྣམ་རིག་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྟོང་ཉིད་ཡེ་ནས་གནས་པ་ལ། །ཤེས་པས་མཐོང་བའི་ཡུལ་མིན་ཏེ། །གང་གིས་ཡེ་ཤེས་བསྐྱེད་གྱུར་པ། །དེ་ཡིས་ཡེ་ཤེས་རྣམ་དག་མཐོང༌། །ཞེས་སོ། །དེ་ལྟར་དབང་བཞི་པ་བསྐུར་བས་རྣམ་རྟོག་འཇོམས་བྱེད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕུར་པ་སྒོམ་པ་ལ་དབང༌། དྲག་པོའི་ལས་འགྲུབ། ཀུན་གཞི་ལུང་མ་བསྟན་དང་ཤེས་བྱའི་སྒྲིབ་པ་སྦྱངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང༌། སློབ་མའི་སྒོ་གསུམ་རྡུལ་དང་བྲལ་བའི་དྭངས་མ་གསུམ་ལྡན་གཅིག་ཏུ་འདྲེས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བརྟེན་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན། ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ཏེ་ཕྲིན་ལས་ཀྱི་རྒྱུད་ལས། ཉོན་མོངས་ཐམས་ཅད་དག་


JLAZ009_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །རྣམ་པར་རྟོག་པ་ཀུན་འཇོམས་པ། །དབང་གི་ལས་ཀྱིས་བྱེད་པ་ཡིན། །ཞེས་སོ། །དེ་ལྟར་དབང་བཞི་པོ་ཉན་ཐོས་ཐེག་པ་དང་བསྟུན་ན་བདེན་པ་བཞིའི་རང་བཞིན་དུ་གནས་པའང༌། ཕུར་པ་རྡོ་རྗེ་ཕྲེང་བ་ལས། དང་པོ་རྒྱུད་རྣམས་ཉན་པའི་དབང༌། །བུམ་པའི་དབང་དུ་ཡང་དག་བླངས། །གཉིས་པ་དམ་རྫས་བརྟེན་པའི་དབང༌། །གསང་བའི་དབང་དུ་ཡང་དག་བླངས། །གསུམ་པ་ཉམས་སུ་མྱོང་བའི་དབང༌། །ཤེས་ རབ་ཡེ་ཤེས་དབང་དུ་ཡང་དག་བླངས། །བཞི་པ་དེ་རྣམས་སྨིན་པའི་དབང༌། །བདེན་པ་བཞི་ཡི་བྱེ་བྲག་གི། །ཆོས་དང་ཡེ་ཤེས་ལྡན་པའོ། །ཞེས་དང༌། དེ་དག་གི་དམ་ཚིག་གི་རིམ་པ་འདའ་བར་བྱ་བ་མ་ཡིན་པ་ནི། སངས་རྒྱས་མདུད་པ་ལས། བུམ་པའི་དམ་ཚིག་གང་ཡིན་པ། །བསྐྱེད་པའི་རིམ་པ་བརྟག་པ་དང༌། །རྨོངས་པ་རྣམས་ལ་མི་བྱ་སྟེ། །སྣོད་ཀྱི་ལོ་ཀ་གཞལ་ཡས་ཁང༌། །བཅུད་ཀྱི་འཇིག་རྟེན་ལྷ་ཡི་མཆོག །དེ་ནི་བུམ་པའི་དམ་ཚིག་ཡིན། །གང་ཞིག་གསང་བ་སྟོན་པ་ལ། །གསང་བའི་དམ་ཚིག་འདི་ཡིན་ཏེ། །བུད་མེད་ཤེས་རབ་རང་བཞིན་ཏེ། །ཙཎྜ་ལི་ལ་རྟག་ཏུ་བསྒོམ། །ཟས་ལྔ་རྟག་ཏུ་བཟའ་བར་བྱ། །སྤྱད་པར་བྱ་བའི་མཆོག་ཡིན་ནོ། །ཡེ་ཤེས་ཆེན་པོའི་


JLAZ009_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ནི། །ཤེས་རབ་ཀུན་ལ་སྤྱད་པ་དང༌། །དགའ་བ་རྟག་ཏུ་བསྟེན་པར་བྱ། །སེམས་ཀྱང་དྷཱུ་ཏིར་བལྟ་བར་བྱ། །ཡེ་ཤེས་སྙིང་པོའི་དམ་ཚིག་གོ །དེ་ལྟ་བུ་དང་མི་ལྡན་པའི། །དབང་དང་དམ་ཚིག་ཀུན་ལས་འདས། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་སྟེ། །སྔགས་པ་བྱ་བ་གང་ཡང་མེད། །སྔགས་པ་སྔགས་པ་ཞེས་བྱ་བ། །རྩ་བ་དང་ནི་ཡན་ལག་དང༌། །ཁྱད་པར་དམ་ཚིག་གང་ཡིན་དང༌། །ཤིན་ཏུ་དབང་གི་དམ་ཚིག་དང༌། །རྩ་དང་རླུང་གི་དམ་ཚིག་དང༌། །བྱང་ཆུབ་སེམས་ཀྱི་གཞག་ས་རྣམས། །གང་ཞིག་གཞག་པ་སྔགས་པ་ཡིན། །དེ་ལ་མཆོག་གི་དངོས་གྲུབ་བབས། །མྱུར་དུ་བླ་ན་མེད་པ་འཐོབ། །ཅེས་དང༌། བཤད་རྒྱུད་ལས། དམ་ཚིག་ཉམས་པར་གྱུར་པ་ན། །བླ་མ་མཉེས་པར་བྱས་པས་སྐོང༌། །གོང་བཞིན་དམ་ཚིག་བསྲུང་བ་ནི། །དམ་ཚིག་དང་པོ་ཡིན་པར་བརྗོད། །བདུད་རྩི་ལྔ་ལ་ལོངས་སྤྱོད་ཅིང༌། །དེ་བཞིན་བྷ་གའི་སྙིང་པོ་གཞིབས། །དམ་ཚིག་གཉིས་པ་ཡིན་པར་ངེས། །ཤེས་རབ་རང་བཞིན་བུད་མེད་ལ། །རིགས་ལྔའི་མཁའ་འགྲོ་ཉིད་དུ་བརྟག །མདོག་དང་བསྐྱོད་པ་རི་མོ་དང༌། །དྲི་དང་པདྨ་ཡོངས་བརྟགས་ལ། །གུས་པས་བསྟེན་ཅིང་བརྩེ་བར་བྱ། །དམ་ཚིག་གསུམ་


JLAZ009_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པར་ངེས། །ཏིང་འཛིན་གསུམ་ལ་ངེས་པ་ཡི། །སེམས་ཅན་སངས་རྒྱས་དབྱེར་མེད་ཀྱང༌། །ནམ་མཁའི་མཐའ་དང་མཉམ་པར་དམིགས། །ནམ་ཡང་འབྲལ་བར་མི་བྱེད་པ། །དམ་ཚིག་བཞི་པ་ཡིན་པར་བཤད། །ཅེས་སོ། །གལ་ཏེ་དམ་ཚིག་དང་མི་ལྡན་པ་དག་ལ་ནི་དབང་མི་སྦྱིན་ཏེ། ཕྲིན་ལས་ཀྱི་རྒྱུད་ལས། དམ་ཚིག་མེད་པ་ཕལ་རྣམས་ལ། །དབང་དང་སྦྱིན་པར་མི་བྱའོ། །སློབ་དཔོན་སློབ་མ་ཤི་མ་ཐག །མནར་མེད་གནས་སུ་ལྟུང་བར་འགྱུར། །ཞེས་བཤད་པས་སོ། །གཉིས་པ་མཐའ་རྟེན་ནམ་ལེ་ལག་ཕྲིན་ལས་རབ་འབྱམས་ཀྱི་དབང་དང་འབྲེལ་བར་སྨད་ལས་དྲག་པོ་སྒྲོལ་དབང་ནི། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། དུར་ཁྲོད་དབང་དང་དམ་རྫས་དབང༌། །རིམ་པ་བཞིན་དུ་བསྐུར་བར་བྱ། །ཕུར་པའི་དབང་དང་འདེབས་པའི་དབང༌། །དྲག་པོའི་ལས་སུ་གྱུར་པ་ཡིས། །ཀུན་ཀྱང་མ་ལུས་དབང་དུ་བསྐུར། །ཞེས་དང༌། རྣལ་འབྱོར་ཆེན་པོ་ལས། རྒྱན་དང་གོ་ཆ་དེ་བཞིན་གདུགས། །དྲག་པོའི་རྫས་དབང་གདུག་པ་སྒྲོལ། །བཟའ་བཅའ་བགོ་བཏུང་འདོད་ཡོན་འཕེལ། །ཞེས་པའི་དོན་བཤད་པའི་རྒྱུད་དྲི་མེད་འོད་ལྡན་གྱི་ལེའུ་སོ་བཞི་པ་ལས་བསྟན་པ་འཁྲུགས་སྡེབས་ཀྱིས་གཏན་ལ་ཕབ་པ་ནི། དབང་རྫས་སོ་སོ་ལག་ཏུ་བྱིན་


JLAZ009_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཧཱུྃ། ཕུར་པ། འཁོར་བས་བྱང་ཆུབ་འཐོབ་བྱའི་ཕྱིར། །འོད་གསལ་སྟོབས་སུ་གྱུར་པ་ཡིས། །བདེ་བར་གཤེགས་པའི་མཚོན་ཆ་འདིས། །འཁོར་བའི་དུག་འཇོམས་དབང་ཐོབ་ཤོག །ཧཱུྃ། ཕྱགས་ཤིང་། རྟོག་པའི་ཁྱད་པར་མཚོན་བྱེད་པའི། །གབ་པའི་རྨོངས་པ་སེལ་བྱེད་པ། །ལས་ཤན་འབྱེད་པའི་ཕྱོགས་ཤིང་འདིས། །རྟོགས་ཤིང་ཤེས་པའི་དབང་ཐོབ་ཤོག །ཧཱུྃ། རྡོར་དྲིལ། ཐབས་དང་ཤེས་རབ་གཉིས་མེད་པའི། །རིན་ཆེན་གསེར་བས་ལྷག་པས་ན། །ཡབ་ཡུམ་གཉིས་སུ་མེད་པ་སྟེ། །གཉིས་མེད་སྒྲ་དབྱངས་དབང་ཐོབ་ཤོག །ཧཱུྃ། ཡེ་སེམས། ཆོས་རྣམས་ཐུགས་སུ་ཆུད་པ་དང༌། །ཐམས་ཅད་རྡོ་རྗེ་སེམས་དཔའ་སྟེ། །འགྲོ་བ་ཀུན་ལ་ཁྱབ་པར་གནས། །བདེ་གཤེགས་སྙིང་པོའི་དབང་ཐོབ་ཤོག །ཧཱུྃ། བུམ་པ། ཆོས་སྐུ་ལྷུན་གྲུབ་ཐམས་ཅད་ཐོབ། །འཁོར་བའི་བག་ཆགས་སྦྱོང་མཛད་པ། །བུམ་པ་རྒྱན་ལྡན་འཁོར་བ་སེལ། །ཆོས་རྣམས་ལྷུན་གྲུབ་དབང་ཐོབ་ཤོག །ཧཱུྃ། རིགས་ལྔ། རིགས་ལྔ་ཉོན་མོངས་དུག་ལྔ་འཇོམས། །ཡེ་ཤེས་ལྔ་རུ་མཉམ་སྦྱར་ནས། །མཚོན་པས་རང་བཞིན་དབུ་ལ་བཞུགས། །ཡེ་ཤེས་ལྔ་ཡི་དབང་ཐོབ་ཤོག །ཧཱུཾ། ཅོད་པན་ཆོས་རྣམས་མཚོན་པ་སྟེ། །སྣང་སྲིད་ཆོས་ཀྱི་དར་པོ་ཆེ། །བདེར་གཤེགས་ཀུན་དང་


JLAZ009_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་སྦྱོར་བ། །ཅོད་པན་དམ་པའི་དབང་ཐོབ་ཤོག །ཧཱུཾ། ཕྱག་མཚན་ལྔ། རིགས་ལྔ་རྒྱལ་བས་དོན་མཛད་པའི། །རིགས་ལྔ་མཚོན་བྱེད་དམ་པ་དང༌། །གང་འདུལ་བསྟན་པ་རྒྱས་མཛད་པའི། །རིགས་ཀྱི་མཚན་མའི་དབང་ཐོབ་ཤོག །ཧཱུྃ། ཡི་གེ་འབྲུ་ལྔ་ཡེ་ཤེས་ལྔ། །མཚོན་བྱེད་དོན་གྱི་སྙིང་པོ་སྟེ། །སྙིང་པོ་དམ་པ་ལྷ་ཡི་སྐུ། །འབྲུ་ལྔ་སྙིང་པོའི་དབང་ཐོབ་ཤོག །ཧཱུཾ། གདུག་པ་འཇོམས་ཤིང་ཡེ་ཤེས་གསལ། །སྐུ་ལྔ་མཚོན་བྱེད་ཕྱག་མཚན་ལྔ། །རྒྱལ་བ་འབྱུང་བའི་རང་རྟགས་ཏེ། །ཕྱག་མཚན་ལྔ་ཡི་དབང་ཐོབ་ཤོག །ཧཱུཾ། རྡོ་རྗེའི་གོ་ཆ། དུག་ལྔའི་མཚོན་གྱིས་མི་ཚུགས་པའི། །གསེར་གྱི་རྡོ་རྗེས་རབ་ཏུ་མཚོན། །དཔའ་བརྟུལ་སྟག་གི་རྒྱན་ཆས་ཅན། །འཇོམས་བྱེད་གོ་ཆའི་དབང་ཐོབ་ཤོག །ཧཱུཾ། མེ་ཏོག་ཕྲེང་བ། དུས་གསུམ་འཕགས་པ་མཆོད་མཛད་པའི། །རིན་ཆེན་མཛེས་སུ་སྡུག་པ་ཡིས། །དད་པའི་སྟོབས་ཀྱིས་མཆོད་པ་ཡི། །མེ་ཏོག་དམ་པའི་དབང་ཐོབ་ཤོག །ཧཱུཾ། གདུགས། དུས་གསུམ་རྒྱལ་བའི་སྐུ་ཡི་རྒྱན། །འཁོར་རྣམས་རབ་ཏུ་མཉེས་མཛད་པ། །ཉེས་པས་མ་གོས་དབུ་ལ་བསྐོར། །རྒྱལ་བ་གདུགས་ཀྱི་དབང་ཐོབ་ཤོག །རོ་མཆོག་ལྔ་ལྡན་ཞལ་ཟས་ལ། །དབུལ་ཞིང་ཕོངས་པ་སེལ་མཛད་པ། །འབྲུ་


JLAZ009_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་རྒྱན་དང་ལྡན་པ་འདི། །ཞལ་ཟས་མོད་ལ་དབང་ཐོབ་ཤོག །ཅེས་སོ། །དེ་ནས་སྨད་ཀྱི་ལས་ལ་གཟེར་བརྒྱད་གཅེས་པའི་དྲག་པོའི་སྒྲོལ་དབང་ལ་གཉིས། རྟོགས་པས་བདག་ཉིད་བསྒྲལ་བ་དང༌། །ཐུགས་རྗེས་ལོག་འདྲེན་བསྒྲལ་བའོ། །དང་པོ་ནི། རྡོ་རྗེ་བཀོད་པ་ལས། དེ་ལ་ཕུར་པའི་དམ་ཚིག་ནི། །ལྟ་བས་མཉམ་པར་རྟོགས་པ་དང༌། །སྤྱོད་པས་ཅིར་ཡང་མི་སྙོམས་ཤིང༌། །ཐབས་ཀྱིས་འགྲོ་ལ་ཕན་བྱེད་པ། །དེ་ནི་དམ་ཚིག་མཆོག་ཏུ་གསུངས། །དེ་ལས་འདས་ན་ལྟུང་བར་གྱུར། །ཞེས་པས། ལྟ་བའི་སྒོ་ནས་ཡུལ་དང་དངོས་པོར་འཛིན་པ་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་དབྱིངས་ནམ་མཁའ་ལྟ་བུ་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་རྟོགས་པ་དང༌། སྤྱོད་པའི་རང་བཞིན་སྣང་སྲིད་འཁོར་འདས་ལྷ་དང་གཞལ་ཡས་ཁང་དུ་མཉམ་པར་བལྟས་ནས་སྙིང་པོ་བཟླས་བརྗོད་རྒྱུན་མི་གཅད་ཅིང་ཐབས་སྙིང་རྗེ་ཆེན་པོས་གཞན་དབང་དུ་གྱུར་པའི་བྱང་ཆུབ་སེམས་ཀྱི་ཕུར་པས་ལོག་པར་འདྲེན་པའི་ཚོགས་ལ་དྲག་པོ་མངོན་སྤྱོད་ཀྱིས་གདབ་པའི་ལས་རྣམ་པ་ཐམས་ཅད་པ་བྱས། དེ་དག་གི་རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་ཡང་དག་པར་སྦྱར་ནས་གཞན་ལ་ཕན་གདགས་པ་ནི་སྒྲོལ་བའི་གྲུབ་མཐའ་ཡིན་ཏེ། དེ་ལྟར་མ་རྟོགས་


JLAZ009_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒྲོལ་བ་རང་རྒྱུད་ཅན་ནི་ངན་སོང་གི་རྒྱུ་ལས་གཞན་ཅིར་ཡང་ཅི་འགྱུར་ཏེ་སྔགས་ཀྱི་ཐེག་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྟོགས་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་དོན་བྱེད་པའི་སེམས་རྒྱ་ཆེན་པོ་བསྐྱེད་ལ། བརྟུལ་ཞུགས་ཆེན་པོའི་དབང་དྲག་ཤུལ་གྱི་ཆོ་གའི་ཕྲིན་ལས་གང་ཡིན་པ་ཐོགས་མེད་དུ་འགྲུབ་པའི་མོས་པ་མཛོད། ཧཱུཾ། སྲས་ཕུར། ཁམས་གསུམ་དབང་དུ་སྡུད་མཛད་སྒྲོལ་བྱེད་སྐུ། །ཉོན་མོངས་ཐང་གཅིག་ཡུད་ལ་སྒྲོལ་མཛད་པ། །རྡོ་རྗེ་ཕུར་པ་ཞིང་བཅུ་སྒྲོལ་བའི་ལྷ། །ཁམས་གསུམ་དབྱིངས་སུ་སྒྲོལ་བའི་དབང་ཐོབ་ཤོག །ཧཱུཾ། ལས་ཕུར། རྡོ་རྗེ་ཕུར་པ་རབ་ཏུ་ཀཱི་ལ་ཡ། །ཞིང་བཅུ་སྒྲོལ་མཛད་བཛྲ་ཀཱི་ལ་ཡ། །རཱུ་ཏྲ་གནས་སུ་སྒྲོལ་མཛད་བཛྲ་ཀཱི་ལ་ཡ། །ཉོན་མོངས་དབྱིངས་སུ་སྒྲོལ་བའི་དབང་ཐོབ་ཤོག །ཧཱུཾ། ཆོས་འབྱུང༌། དུར་ཁྲོད་ཆེན་པོའི་གཞལ་ཡས་ལྷུན་གྱིས་གྲུབ། །རང་བཞིན་ཡེ་ཤེས་ལྷ་རྣམས་བཞུགས་པའི་རྟེན། །མཐིང་ནག་གྲུ་གསུམ་ཕོ་བྲང་དབུས་གསལ་བའི། །ཕོ་བྲང་ཆེན་པོའི་དབང་རྣམས་ཐོབ་པར་ཤོག །ཧཱུཾ། ཤ་ཁྲག་རུས་གསུམ། གཏི་མུག་ཤ་ཡི་མཆོད་པ་རི་རབ་ཙམ། །འདོད་ཆགས་ཁྲག་གི་རྒྱ་མཚོ་ཆི་ལི་ལི། །ཞེ་སྡང་རུས་པའི་མཆོད་པ་ཁྲ་ལ་ལ། །


JLAZ009_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གསུམ་ཞལ་དུ་གསོལ་བའི་དབང་ཐོབ་ཤོག །ཧཱུཾ། ཕུར་པ། གདུག་པ་ཐབས་ཀྱིས་སྒྲོལ་བ་འཇིགས་པའི་སྐུ། །ཉོན་མོངས་སྒྲོལ་བྱེད་བཛྲ་ཀཱི་ལ་ཡ། །ཞེན་པའི་དངོས་པོ་རབ་ཏུ་གཅོད་བྱེད་པའི། །སྒྲོལ་བ་ཆེན་པོའི་དབང་རྣམས་ཐོབ་པར་ཤོག །གཙོ་ཕུར་གྱི་དབང་། ཧཱུཾ། གདུག་པ་ཆེན་པོ་ཐབས་ཀྱིས་འདུལ་ མཛད་པ། །མཐིང་ནག་དྲག་པོས་ཐམས་ཅད་འཇོམས་པའི་སྐུ། །ཞལ་གསུམ་ཕྱག་དྲུག་ཟུར་གསུམ་དཔལ་དང་ལྡན། །སྒྲུབ་པ་དྲག་པོའི་དབང་རྣམས་ཐོབ་པར་ཤོག །བྱུག་པའི་རྫས་དུག་ཁྲག །ཧཱུྃ། ཉོན་མོངས་དུག་ལྔ་དུག་གིས་འཐིབ་པར་བྱེད། །རུལ་ཅིང་མྱགས་པས་འཁོར་བ་གཏིང་ནས་སྐེམས། །གཉེན་པོའི་དབང་དུ་ཐབས་ལ་དེ་ལྟར་སྣང༌། །ཉོན་མོངས་ཞེན་པ་སྒྲོལ་བའི་དབང་ཐོབ་ཤོག །བདུག་པའི་རྫས་གུ་གུལ། ཧཱུཾ། གུ་གུལ་སྦྱར་མ་རྫས་ཀྱི་དམ་པ་སྟེ། །ཡེ་ཤེས་མངའ་བརྙེས་ཉེས་བྱེད་རྟེན་དང་འབྲལ། །རབ་ཏུ་སྒྲུབ་པས་འོད་དང་དུ་བར་སྣང༌། །དྲག་པོ་རྫས་ཀྱི་དབང་རྣམས་ཐོབ་པར་ཤོག །བྲབ་པའི་རྫས་ཡུངས་ཀར། ཧཱུཾ། ཡུངས་ཀར་རྒྱལ་པོ་སྒྲོལ་བའི་དབང༌། །ཁྲོ་བོའི་རྒྱལ་པོ་འབུམ་ཕྲག་བསམ་ལས་འདས། །སྟོང་གསུམ་ཁྲོ་བོས་དུས་གཅིག་ཁེངས་མཛད་པ། །


JLAZ009_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར་རྒྱལ་པོ་སྒྲོལ་བའི་དབང་ཐོབ་ཤོག །འགུགས་འབྱེད་ལྕགས་ཀྱུའི་དབང་། ཧཱུཾ། ཁམས་གསུམ་ཉོན་མོངས་གནས་སུ་དྲང་བའི་ཕྱིར། །རབ་ཏུ་འགུགས་བྱེད་བཛྲ་ཀཱི་ལ་ཡ། །ཉོན་མོངས་ཞིང་བཅུ་གནས་ནས་འདྲེན་མཛད་པ། །ཉོན་མོངས་འགུགས་པའི་དབང་རྣམས་ཐོབ་པར་ཤོག །འཆིང་བྱེད་ཞགས་པའི་དབང་། ཧཱུཾ། ཉོན་མོངས་ རང་གར་མི་བཏང་བཅིང་བའི་ཕྱིར། །རབ་ཏུ་འཆིང་བྱེད་བཛྲ་ཀཱི་ལ་ཡ། །ཞིང་བཅུ་འཆིང་བྱེད་བཛྲ་ཀཱི་ལ་ཡ། །ཉོན་མོངས་འཆིང་བའི་དབང་རྣམས་ཐོབ་པར་ཤོག །སྡོམ་བྱེད་ལྕགས་སྒྲོག་དབང༌། ཧཱུཾ། ཁམས་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར། །འབྲེལ་བའི་ལྷ་མཆོག་བཛྲ་ཀཱི་ལ་ཡ། །གང་ཡིན་སྡོམ་བྱེད་མཐུ་འཕྲོག་བཛྲ་ཀཱི་ལ་ཡ། །གདུག་བྱེད་སྟོབས་དང་བྲལ་བའི་དབང་ཐོབ་ཤོག །མྱོས་བྱེད་དྲིལ་བུའི་དབང་། ཧཱུཾ། གདུག་པ་ཅན་རྣམས་རབ་ཏུ་འདུལ་བའི་ཕྱིར། །སྨྱོ་བྱེད་ཆེན་པོ་བཛྲ་ཀཱི་ལ་ཡ། །ཉོན་མོངས་འཇོམས་ཕྱིར་བཛྲ་ཀཱི་ལ་ཡ། །སྨྱོ་བྱེད་ཆེན་པོའི་དབང་རྣམས་ཐོབ་པར་ཤོག །དབྱེ་བའི་སྒྲོ་གཉིས་ཀྱི་དབང་། ཧཱུཾ། གཟས་པ་བསྒྲལ་བའི་ཞིང་བཅུར་གྱུར་པ་ལ། །རྟེན་དང་དབྲལ་བའི་ཕྲ་མར་རབ་ཏུ་བསྔགས། །རང་གི་རྫས་ལ་དབྱེ་བའི་དབང་དང་ལྡན། །


JLAZ009_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བཅུ་དབྱེ་བའི་དབང་རྣམས་ཐོབ་པར་ཤོག །རྟོགས་པས་བདག་བསྒྲལ་བ་ཆོས་ཉིད་དམ་པའི་དབང་། ཧཱུཾ། ལིངྒ་ཕུར་ཆས། ཕྱེ་ནས་རབ་ཏུ་བསྒྲལ་བའི་དོན་མཛད་པ། །ང་རྒྱལ་རང་གར་འཛིན་པ་སྒྲོལ་མཛད་པ། །ཞེ་སྡང་རང་རྒྱུད་ངན་སོང་གནས་སུ་ལྟུང༌། །སྟོང་པ་ཆེན་པོར་སྒྲོལ་བའི་དབང་ཐོབ་ཤོག །ཚེ་ཁྲུས་གནས་གསུམ་གྱི་དགོངས་པས་སྒྲོལ་བ་ཐ་མལ་གྱི་ཞེན་པ་གཅོད་པའི་དབང་། ཧཱུཾ། རྡོ་རྗེ། ཁྱད་པར་ཆེན་པོ་འབར་བས་ཞེན་པ་གཅོད། །སྣ་ལྔ་མཚོན་ལས་ནད་ལྔས་འཁོར་བ་གཉེན། །དེ་ཉིད་རྒྱལ་བས་བྱིན་བརླབ་རབ་ཏུ་གསུངས། །ཞེན་པ་གཅོད་པའི་དབང་རྣམས་ཐོབ་པར་ཤོག །སྒྲོལ་བྱེད་མཚོན་ཆའི་དབང་། ཧཱུཾ། སྒྲོལ་ཆས། འཁོར་བ་རང་རྒྱུད་ངན་སོང་དབྱིངས་སུ་འཁྱམས། །འཛིན་པ་སྒྲོལ་ཕྱིར་མཚོན་གྱི་རྒྱལ་པོ་དང༌། །མཁའ་འགྲོ་གདུག་བྱེད་ཕྱག་ཆས་དབྱིངས་སུ་སྒྲོལ། །འཇོམས་བྱེད་མཚོན་གྱི་དབང་མཆོག་ཐོབ་པར་ཤོག །རྡུང་བྱེད་ཐོ་བའི་དབང་། ཧཱུཾ། གཏུན་ཁུང་གྲུ་གསུམ་ཡུམ་གྱི་མཁའ་དབྱིངས་སུ། །རིག་པའི་ཡེ་ཤེས་ཡབ་ཀྱི་རྡོ་རྗེ་འདི། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྟགས། །རྡོ་རྗེ་ཐོ་བའི་དབང་རྣམས་ཐོབ་པར་ཤོག །ཞལ་དུ་སྟོབ་པའི་དབང༌། ཧཱུཾ། རྡོས་


JLAZ009_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་པོ་བརླག་པར་བྱ་བའི་ཕྱིར། །སྟོབ་བྱེད་ཆེན་པོ་བཛྲ་ཀཱི་ལ་ཡ། །གདངས་པའི་ཞལ་དུ་ཉོན་མོངས་སྟོབ་བྱེད་པ། །སྟོབ་བྱེད་ཆེན་པོའི་དབང་རྣམས་ཐོབ་པར་ཤོག །དེ་ལྟར་དྲག་པོ་མངོན་སྤྱོད་ཀྱི་མཇུག་སྡུད་ཆ་གསུམ་དུ་ངེས་པ་ལས་ཀླུ་བདུད་ལ་གཏད་པ་མནན་པའི་དབང་། ཧཱུཾ། ཞེ་སྡང་ཆེན་པོ་རབ་ཏུ་གནོན་མཛད་པ། །རྡོ་རྗེ་རྒྱ་གྲམ་ཕྲིན་ལས་མཐར་ཕྱིན་པས། །གང་ལ་བྱ་བའི་ལས་ཉིད་གདོན་མི་ཟ། །གནོན་བྱེད་རྒྱ་གྲམ་དབང་རྣམས་ཐོབ་པར་ཤོག །བྱིན་ཟ་ལ་སྟོབ་པ་སྲེག་པའི་དབང༌། ཧཱུཾ། འཁོར་བ་ཉོན་མོངས་མ་ལུས་བསྲེག་པ་སྟེ། །མེ་ཡི་རྒྱལ་པོ་དྲང་སྲོང་རབ་ཏུ་འབར། །ཐམས་ཅད་སྲེག་པར་བྱེད་པ་མེ་ཡི་དབང༌། །ཉོན་མོངས་རབས་རྒྱུད་སྲེག་པའི་དབང་ཐོབ་ཤོག །ཧཱུྃ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས། །དྲག་པོ་ཧོམ་ལ་རབ་ཏུ་མཆོད་པར་བྱེད། །སྲེག་བྱེད་དྲང་སྲོང་མཉེས་པའི་མཆོད་པ་འབུལ། །མཆོད་འབུལ་དགང་བླུགས་དབང་རྣམས་ཐོབ་པར་ཤོག །རླུང་ལྷ་ལ་བསྐུར་བ་ཟོར་གྱི་དབང་ནི། ཧཱུྃ། དྲག་པོ་མཚོན་གྱི་རྒྱལ་པོ་གཏོར་མ་ལ། །ངར་འཛིན་རབ་ཏུ་བརྟས་པ་གཅོད་པར་བྱེད། །ཐབས་དང་ཤེས་རབ་ལྡན་པའི་ཟངས་དང་ལྕགས། །གཅོད་བྱེད་རལ་གྲིའི་དབང་རྣམས་ཐོབ་པར་ཤོག །དེ་ལྟར་


JLAZ009_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་བྱེད་དྲག་ཤུལ་སྤྱོད་པའི་ཕྲིན་ལས་ཀྱི་དབང་བསྐུར་བས་དགྲ་བགེགས་གདུག་པ་ཅན་ཚར་གཅོད་པའི་མཐུ་རྩལ་དང་ནུས་པའི་དབང་ཐོབ་ནས་གཞན་དོན་བྱེད་ནུས་པ་ཡིན་ཏེ། རྣལ་འབྱོར་ཆེན་པོ་ལས། དྲག་པོའི་རྫས་དབང་གདུག་པ་སྒྲོལ། །ཞེས་དང༌། བཤད་རྒྱུད་ལས། དྲག་པོ་འདུལ་བའི་དབང་ཐོབ་ན། །ཕྱིན་ཆད་འགྲོ་བའི་དོན་རྣམས་ནུས། །ཞེས་སོ། །དེ་ལྟར་རང་དོན་མངོན་དུ་བྱས་ནས། གཉིས་པ་ཐུགས་རྗེས་གཞན་སྒྲོལ་བའི་དབང་ནི། རྣལ་འབྱོར་ཆེན་པོ་ལས། གབ་པའི་སྡོམ་པ་གཟུང་བ་དང༌། །གཟིར་མནན་དྲག་པོའི་བསྡུ་བ་དང༌། །སྙིང་པོ་དྲག་ཏུ་བཟླས་པ་དང༌། །དམ་ཅན་གནང་ལ་དབབ་པ་དང༌། །རྩ་བ་ཁམས་གསུམ་བསྒྲལ་བ་དང༌། །བསྒྲལ་ནས་མཆོད་པ་བསྟན་པ་དང༌། །བཀྲག་མདངས་འཕྲོག་ནས་ཚེ་ལུང་བསྟན། །འདི་ནི་བསྒྲལ་བའི་ལས་མཆོག་སྟེ། །ཐམས་ཅད་མ་ལུས་འདུས་པར་བཤད། །གཉིས་མེད་ཕུར་པ་ཤེས་པ་དང༌། །ཡོན་ཏན་ལྡན་པའི་སྔགས་པ་ཡིས། །འདིས་ནི་གཞན་བསྒྲལ་བྱང་ཆུབ་ཐོབ། །རྟོགས་པས་བདག་ཉིད་བསྒྲལ་བ་དང༌། །ཐུགས་རྗེས་གཞན་བསྒྲལ་ཤེས་པར་བྱ། །ཞེས་པས་རྣམ་ཐར་གསུམ་ལྡན་མཚོན་པའི་ལྕགས་ཀྱི་བྲུབ་ཁུང་དུ་ཉ་བོ་མགོ་རང་ལ་བསྟན་ཏེ་བཞག་པ་ལ།


JLAZ009_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་བྲན། ལས་ཕུར་ཐོགས་ལ། རྩ་དུམ་ལས། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང༌། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༌། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང༌། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཨོཾ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནན། མོ་ཧ་ཡ། བྷ་ག་ཝཱ་ན་ཤྲི་ཀྲི་བྱི་ཀྲི། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། བཛྲ་ཀཱི་ལི་ཀཱི་ལ་ཡ། ཛཿཧཱུཾ་བཾ་ཧོཿ སརྦ་བིག་ནན། བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཨཱ། དངོས་གྲུབ་བར་ཆོད་བྱེད་པའི་གེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་


JLAZ009_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་བྱོས། །ང་ཡི་དབང་དུ་གྱུར་ནས་ཀྱང༌། །བསྒོ་བའི་བཀའ་རྣམས་ཉན་པར་བྱོས། །ཧཱུཾ་པ་ར་བིད་ཏན་ཧཱུཾ་ཕཊ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། གྷྲྀ་ན་གྷྲྀ་ན་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བྷན་དྷ་བྷན་དྷ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཧ་ས་ཡ་ར་ཧ་ཧ་ན་ཧཱུཾ་ཕཊ། ཤི་ཀྲིན་ཨ་ན་ཡ་ཧཱུཾ་ཕཊ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུཾ་ཕཊ། བིན་དྷ་ཡ་བིན་དྷ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང༌། དེའི་ཚེ་དེ་ཁོ་ན་ཉིད་ལས་མི་གཡོ་བའི་རྟོགས་པས་བདག་བསྒྲལ་ནས། རྗེས་ལ་ཐོབ་པའི་སྙིང་རྗེ་ཞེ་སྡང་རོལ་པའི་མངོན་སྤྱོད་ལ་ཞུགས། ཕྱག་གཉིས་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་ན་གནས་པའི་མཚན་མ་རྫས་ཀྱི་ཕུར་བུ་མགར་གྱི་སོ་མལ་ནས་ཕྱུང་མ་ཐག་པ་ལྟ་བུ་དེ་ཉིད་ཡི་དམ་གྱི་ལྷར་གསལ་བ་མི་རྡུགས་པའི་གནད། ཕྱི་གཟུང་ཡུལ་དུ་མངོན་པའི་སྣང་བ་དངོས་ཞེན་ཐམས་ཅད་ཉམས་པ་བདུན་དང་ལྡན་པའི་བསྒྲལ་ཡུལ་དུ་གསལ་བ་ནི་མི་འབྱམས་པའི་གནད། ནང་འཛིན་བྱེད་ཀྱི་རྣམ་པར་རིག་པ་ཐམས་ཅད་ལྷའི་ཕྱག་རྒྱར་གསལ་བ་ནི་མི་ལྡོག་པའི་གནད། གསལ་བ་གསུམ་ལྡན་གྱི་


JLAZ009_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ནས་ཤར་བའི་ཚད་མེད་སྙིང་རྗེའི་ཕུར་པས་ཕྱི་དགྲ་གཟུང་འཛིན་གྱི་ཉ་བོ་སྤྲུལ་སྐུའི་དབྱིངས་སུ་བསད། ཉམས་པ་བདུན་པོ་གནས་ངན་ལས་བསྒྲལ་འདོད་བྱང་ཆུབ་སེམས་ཀྱི་ཕུར་བུས་ནང་དགྲ་དུག་གསུམ་གྱི་ངོ་བོ་ལོངས་སྐུའི་དབྱིངས་སུ་བསད། བསྒྲལ་བྱ་སྒྲོལ་བྱེད་ཀྱི་ཀུན་ཏུ་རྟོག་པ་ལས་གྲོལ་བའི་རིག་པ་ཡེ་ཤེས་ཀྱི་ཕུར་བུས་གསང་དགྲ་བདག་འཛིན་གྱི་ངོ་བོ་ཆོས་སྐུའི་དབྱིངས་སུ་བསད་པ་སྟེ། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ཕུར་བུ་ནི། །རྣམ་པར་རྟོག་པ་ཀུན་འཇོམས་བྱེད། །ཕུར་བུའི་རྒྱུ་ཚད་དབྱིབས་དང་ནི། །སྐུར་གསལ་བྱིན་བརླབས་བྱས་པ་ཡིས། །རྣམ་རྟོག་སྒྲོལ་བར་རབ་ཏུ་བཤད། །ཅེས་སོ། །དེའི་ཚེ་སྐྱེ་མཆེད་དུར་ཁྲོད་དུ་བསྒྲལ་བས་ཕུང་པོའི་བདུད་བཅོམ། ཆགས་རྟོག་ཡུམ་མཁའ་ལ་བསྒྲལ་བས་ཉོན་མོངས་པའི་བདུད་བཅོམ། མིང་བཞིའི་ཕུང་པོ་དག་པས་ལྷའི་བུའི་བདུད་བཅོམ། རྣམ་ཤེས་འོག་མིན་དུ་བསྒྲལ་བས་འཆི་བདག་གི་བདུད་བཅོམ། ལྟ་བ་ལ་སྤྲོས་པ་མེད་པ་རྟག་ཆད་ཀྱི་འཕྲང་ལས་གྲོལ། བསྒོམ་པ་ལ་བསལ་བཞག་མེད་པས་བྱིངས་རྒོད་ཀྱི་འཕྲང་ལས་གྲོལ། སྤྱོད་པ་ལ་དངོས་འཛིན་མེད་པས་ཚུལ་འཆོས་ཀྱི་འཕྲང་ལས་གྲོལ་བ་སྟེ། ཡུལ་གསུམ་གསལ་དང་དགྲ་གསུམ་གསད། །བདུད་བཞི་བསྒྲལ་དང་


JLAZ009_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲང་གསུམ་བསལ། །བླ་ཚེའི་ལྷག་མ་བདག་ལ་འདྲེས། །ཡེ་ཤེས་ཆུ་ཡིས་སྡིག་སྒྲིབ་བཀྲུས། །རྣམ་ཤེས་རྒྱལ་བའི་ཞིང་དུ་འཕང༌། །དེ་ནི་སྒྲོལ་དབང་ངོ་བོ་ཡིན། །དེ་སྐད་དུ། མྱང་འདས་ཀྱི་རྒྱུད་ལས། རྣམ་ཤེས་སྙིང་གི་དཀྱིལ་འཁོར་དུ། །བྱང་ཆུབ་སེམས་ཀྱི་རྩེ་གཏད་དེ། །དཀར་ནག་མཚམས་ཀྱི་སྙིང་ལ་ནི། །དགེ་སྡིག་ལས་ཀྱི་ཤན་ཕྱེ་སྟེ། །རྣམ་པར་རྟོག་པའི་སྡིག་སྦྱངས་ནས། །རྣམ་བཞི་ལས་ཀྱི་འདུལ་སྦྱངས་ཀྱིས། །ཉོན་མོངས་དུག་གསུམ་བཅོམ་ནས་ཀྱང༌། །རྣམ་ཤེས་གསེར་ཞུན་ལྟ་བུ་དེ། །ཡཾ་གྱིས་བཏེག་ལ་ཕཊ་ཀྱིས་འཕང༌། །ཧཱུཾ་གིས་བསྡུས་ནས་མཁའ་ལ་བསྟིམ། །རིགས་ལྔའི་སྲས་སུ་ངེས་པར་བྱ། །ཨོཾ་ཨཱཿཧཱུཾ་གིས་བྱིན་བརླབས་ཏེ། །སྐུ་གསུང་ཐུགས་སུ་གསལ་བྱས་ནས། །ངན་སོང་སྒོ་གསུམ་ཤིན་ཏུ་བཅད། །རྣམ་རྟོག་བསྒྲལ་བའི་ཞིང་བཅུར་བརླབ། །དེ་ཡི་རྣམ་ཤེས་ཆོས་ཀྱི་སྐུ། །རྣམ་དག་དབྱིངས་ཀྱི་ངང་དུ་བསྒོམ། །དོན་དུ་རང་སེམས་མྱ་ངན་འདའ། །ཞེས་དང༌། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས་ཀྱང༌། གདབ་པ་ཀུན་གྱི་གོང་དུ་ནི། །མཐུ་དང་རྫུ་འཕྲུལ་འཕྲོག་ཕྱིར་གདབ། །ཉོན་མོངས་མནར་བའི་སེམས་ཅན་དག །འཁོར་བའི་གནས་ནས་དྲང་བའི་ཕྱིར། །རྡོ་རྗེ་ཕུར་བུས་རབ་ཏུ་གདབ། །


JLAZ009_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་རྒྱུ་ནི་དེས་ཚར་བཅད། །རྒྱ་མདུད་གཉིས་དང་ལོགས་བརྒྱད་དང༌། །དབལ་དང་བཅས་པའི་འོད་ཟེར་གྱིས། །ངན་སོང་གསུམ་གྱི་དེར་སྦྱོང་བྱེད། །ཕུར་བུའི་འོད་ཟེར་ཆེན་པོ་དེས། །བདག་དང་གཞན་གྱི་དོན་བསྒྲུབ་བྱ། །སྔགས་ཀྱི་འོད་ཟེར་དྲག་པོ་སྟེ། །སྤྲོས་པས་གཞན་གྱི་སྡིག་པ་འཇོམས། །བསྡུས་པས་བདག་གི་སྡིག་པ་འཇོམས། །ཕུར་པའི་འོད་ཟེར་དེ་བསྒོམས་ཤིང༌། །རྣམ་རྟོག་ཐམས་ཅད་དེས་སྒྲོལ་བྱེད། །དྲག་པོའི་ལས་ནི་ཐམས་ཅད་ཀྱང༌། །སྙིང་རྗེས་ཟིན་པའི་ཞེ་སྡང་གིས། །ཉོན་མོངས་གནས་སུ་དག་བྱས་བསྒྲལ། །ཞེས་རྟོགས་པ་བསྐྱེད་ནས་སློབ་བུའི་ལག་ཏུ་སྲས་མཆོག་གི་ཕུར་པ་གཏད་པ་ཏིང་ངེ་འཛིན་དང་ལྡན་པའི་ཆུ་སྲིན་རྣམ་རོལ་གྱི་ཕྱག་རྒྱས་བཟུང་བའི་ཚུལ། མྱང་འདས་ལས། གཡས་གཡོན་ཉི་ཟླའི་དཀྱིལ་འཁོར་ལས། །ཧཱུཾ་དང་ཨཱ་ནི་ཤིན་ཏུ་གསལ། །གུང་བུ་མཐེ་བོང་མཛུབ་སྲིན་དང༌། །མཐེའུ་ཆུང་ལ་སོགས་གཡས་གཡོན་ལ། །ཨཱོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨ་ལ་སོགས། །རིམ་པ་བཞིན་དུ་གསལ་བཀོད་ལ། །སུ་ར་ཏ་སྟྭཾ། ཞེས་བརྗོད་པས། ཐལ་མོ་མཉམ་པར་སྦྱར་བར་བྱའོ། །ཨཱོཾ་བཛྲ་ཨཾ་དྷེ་ལི་ཧཱུཾ། སོར་མོ་ཅུང་ཟད་བསྣོལ་བར་བྱའོ། །ཨོཾ་བཛྲ་བན་དྷ་ཧཱུཾ། སོར་མོ་རྒྱབ་ཏུ་བསྣོལ་ཏེ་བསྡམས། ས་མ་ཡ་སྟྭཾ། ཕུར་བུ་བླངས་ཏེ་ཆང་བར་གཞུག །ལག་པའི་རྟིང་པ་ཁ་ཕྱེ་ལ། །མཐེ་བོང་གཉིས་


JLAZ009_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྲིན་ལག་དང༌། །མཐེའུ་ཆུང་བར་དུ་ཕུར་པ་གཞུག །མཐེ་བོང་བསྒུལ་ལ་ཕུར་པ་བསྒྲིལ། །ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། ཞེས་པའི་དོན་གྱིས་ཕུར་སྐོར་བྱེད་དུ་གཞུག་ཅིང༌། རྡོ་རྗེ་ཁྲོས་པའི་བཤད་རྒྱུད་ལས། ཧཱུཾ། ཡབ་ཡུམ་བདེ་ཀློང་ཐིག་ལེ་ལས། །མི་ཤིགས་བྱང་ཆུབ་སེམས་ཀྱི་ཧཱུཾ། །འཇོམས་བྱེད་དཔའ་བེའུ་ཕུར་བུའི་དབྱིབས། །ཐིག་ལེ་ཡིག་འབྲུ་རྣམ་པ་ཀུན། །ཕུར་པའི་ལོགས་ལ་ལྷ་བཀོད་ནས། །འགྱུར་མེད་དབྱིངས་ཀྱི་ངང་ཉིད་ལས། །ཁྲག་འཐུང་འདུས་པ་ཕུར་པའི་ལྷ། །སྲས་ཀྱི་མཆོག་གྱུར་ཕུར་པའི་ཚུལ། །ཞལ་གསུམ་ཕྱག་དྲུག་འཇིགས་ བྱེད་སྐུ། །ཨུཏྤལ་སྔོན་པོའི་མདོག་འདྲ་ཞིང༌། །ཁྲོ་དང་བཞད་དང་གཤེ་བའི་ཚུལ། །ཕྱག་དྲུག་རྒྱུད་དྲུག་རྩད་ནས་གཅོད། །ཕྱག་མཚན་མཚོན་ཆས་འགྲོ་དྲུག་སྒྲོལ། །སྐུ་སྨད་ཆུ་སྲིན་ཕུར་པའི་དབལ། །རྒྱ་མདུད་ནང་ནས་སྔགས་ཀྱི་སྒྲ། །འབྲུག་སྟོང་ལྟ་བུར་ལྡིར་ཞིང་གྲགས། །ཆུ་སྲིན་ཁ་ནས་མེ་ལྕེ་འོད། །གློག་ལྟར་འཁྱུག་ཅིང་སྟོང་གསུམ་གསལ། །གདུག་པ་ཆུ་སྲིན་ཁ་ནས་ནི། །སྡིག་སྦྲུལ་སྦལ་ལྕོང་ཆོ་འཕྲུལ་འགྱེད། །སྟོང་གསུམ་གང་ཞིང་ཀླུ་རྣམས་འདུལ། །ཐུགས་ཀ་དཔལ་བེའུའི་དཀྱིལ་འཁོར་ནས། །བཞི་བཅུ་རྩ་བདུན་ལྷ་རུ་རྫོགས། །དབུ་


JLAZ009_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རིགས་ལྔ་ཁྲག་འཐུང་རྫོགས། །ཡེ་ཤེས་ལྔ་ ལྡན་དུག་ལྔ་འཇོམས། །སྲས་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །བདེ་ཆེན་ཡབ་ཡུམ་དབྱིངས་སུ་བཞུགས། །ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང༌། །ཁྲོ་མོའི་སྤྲུལ་པས་ས་གཞི་གང༌། །ཕྲ་མེན་སྤྲུལ་པས་བར་སྣང་གང༌། །སྒོ་བའི་སྤྲུལ་པས་ཕྱོགས་བཞིར་འགྱེད། །ཁྲོ་བོ་ཕྲ་མེན་སྒོ་བའི་ཚོགས། །ཐམས་ཅད་འདུས་པ་སྲས་ཀྱི་མཆོག །མ་བཏབ་ཙམ་ན་ལྷུན་གྱིས་གྲུབ། །བཏབ་ན་ལྷ་ཡང་ བརླག་པར་འགྱུར། །དགྲ་བགེགས་ཐིག་ལེའི་དཀྱིལ་དུ་ཀཱི་ལ་ཡ། །དུག་གསུམ་རྩད་ནས་ཆོད་ཅིག་ཀཱི་ལ་ཡ། །རྒྱུ་དྲུག་གནས་སུ་སྒྲོལ་ཅིག་ཀཱི་ལ་ཡ། །སེམས་ཀྱི་བག་ཆགས་སྦྱོངས་ཤིག་ཀཱི་ལ་ཡ། །སེམས་ཉིད་དབྱིངས་སུ་སྟིམས་ཤིག་ཀཱི་ལ་ཡ། །དབྱིངས་ལས་བདེ་ཆེན་རྒྱས་གྱུར་ཀཱི་ལ་ཡ། །སྤྲུལ་སྐུའི་འགྲོ་དོན་མཛོད་ཅིག་ཀཱི་ལ་ཡ། །ཞེས་བརྗོད་ཅིང་གདབ། དེ་ནས་ཕོ་ཉ་བསྐུལ་ཞིང་བསྒྲལ་བ་ནི། ཧཱུཾ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། ཀ་


JLAZ009_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཏང་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་མར་ས་ནི་པྲ་མར་ཏ་ན་ཡེ་ཧཱུཾ་ཕཊ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཧཱུཾ་མཱ་མ་པ་ཤི་ཀུ་རུ། མ་ཏཾ་ཉ་ཀ་ར་ཨི་ནན་དྷ་ཏི་མ་མ་ཀརྨ་ཤི་ཀྲང་ཀ་ར་ཡེ་ཧཱུཾ་ཕཊ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་བྱོས། །སརྦ་ཨ་པ་ན་ཡ་ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་ཧཱུཾ་ཕཊ། ཅེས་བསྒྲལ། གཏུན་ཁུང་དུ་རྡོ་རྗེ་བསྡམ་པའི་ཕྱག་རྒྱས་བཟུང་བའི་ཐོ་བས་བརྡུང་ཞིང༌། སྦྱོར་སྒྲོལ་ཟུང་འཇུག་འཕོ་མེད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དྲན་པར་བྱས་ནས། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་ལྷོགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །ཁ་ཐཾ་ཁ་ཐཾ། ཞེས་ཉི་ཤུ་རྩ་གཅིག་དང་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ།


JLAZ009_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད། དེ་ནས་ལིང་རོའི་ཡན་ལག་རྣམས་ཧོམ་ལ་བསྲེག་ཅིང་ནང་ཁྲོལ་ཞལ་དུ་བསྟབ་པའི་ཕྱིར་སྦྱིན་བསྲེག་གི་ལས་བྱ་བ་ནི། ཆོས་འབྱུང་གི་སྟེང་དུ་དྲག་པོའི་ཤིང་ལ་ཧོམ་བརྩིག །ཛྭ་ལ་རཾ་གྱིས་མེ་སྦར་ནས་དམ་ཚིག་ཡེ་ཤེས་གཉིས་མེད་དཀྲོང་བསྐྱེད་བྱ། དེ་ནས། ཧཱུཾ། བཤད་རྒྱུད་ཚིག་སྣ་བསྟུང་བ། སྟེང་འོག་ཕྱོགས་མཚམས་སྐྱོང་བའི་ལྷ། །སྐུ་མདོག་སྣ་ཚོགས་འོད་དང་ལྡན། །གཡས་པ་རང་རྟགས་གཡོན་མེ་དཔུང༌། །མཐུ་དང་རྫུ་འཕྲུལ་མྱུར་བའི་ལྷ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་སྲེག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྷ་ཧ་ན་ཡེ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ། ཅེས་པས་མེ་ལྷ་ལ་སློབ་མར་འབུལ་དུ་བཅུག །མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དཀྱིལ་འཁོར་བ་རྣམས་གསལ་བར་གྱུར། ཞེས་སྐད་ཅིག་དཀྲོང་བསྐྱེད་བྱས་ལ། རྩ་སྔགས་ཀྱི་ཤམ་དུ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ། ཅེས་འབུལ་ཚུལ་སྔར་དང་འདྲ། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། ཕྲིན་ལས་ཀྱི་རྒྱུད་ལས། ཧཱུཾ། ཞེ་སྡང་རྡོ་རྗེ་འཁོར་དང་བཅས། །འཇིག་རྟེན་ཁམས་ནི་རབ་འབྱམས་


JLAZ009_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །ཁྲོས་པས་ཡུད་ཀྱིས་བརླག་པར་མཛོད། །བརླག་པར་མ་གྱུར་གང་ཡང་མེད། །བརླག་མཛད་ལྷ་ལ་ཕྱག་འཚལ་བསྟོད། །དྲག་པོའི་ཕྲིན་ལས་གྲུབ་པ་ཡི། །དངོས་གྲུབ་བདག་ལ་སྩལ་དུ་གསོལ། །བཛྲ་མུཿས་ཡེ་ཤེས་པ་གཤེགས། དེ་ནས་ཟོར་གཏོར་སློབ་མའི་ལག་ཏུ་བྱིན་ལ། བཤད་པའི་རྒྱུད་ལས། ཧཱུཾ། མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡང༌། །གཡས་ན་ཁྲག་ཟོར་མདའ་ལྟར་འཕེན། །གཡོན་པ་ཉུངས་ཟོར་རྦབ་ལྟར་འདྲིལ། །ཁྲག་ཟོར་དམར་པོ་མཚོ་ལྟར་རློག །མདའ་ཟོར་དྲག་པོ་སྐར་ལྟར་འཁྲུག །དྲག་པོ་ཉུངས་ཟོར་རྦབ་ལྟར་འདྲིལ། །མཚེ་ཟེར་རྣོན་པོ་མདུང་ལྟར་འདེབས། །དྲག་པོའི་ཕུར་ཟོར་སྙིང་ལ་འདེབས། །དོ་ནུབ་ཟོར་གྱི་ལས་མཛོད་ཅིག །ཧཱུཾ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །གཡས་པ་ཁྲག་ཟོར་མདའ་ལྟར་དྲག །གཡོན་པ་ཉུངས་ཟོར་རྦབ་ལྟར་འདྲིལ། །ཧཱུཾ། དབུས་དང་ཕྱོགས་འདུལ་སྲས་མཆོག་ནི། །སྟོད་ནི་ཞལ་གསུམ་ཕྱག་དྲུག་ལ། །སྐུ་སྨད་ལྕགས་ཕུར་དབལ་དང་ལྡན། །གཡས་པ་འདྲལ་བྱེད་གྲི་གུག་བསྣམས། །གཡོན་པ་ཁྲག་ཟོར་མདའ་ལྟར་འཕེན། །ཧཱུཾ། སྟེང་འོག་ཕྱོགས་མཚམས་འདུལ་བའི་ལྷ། །ཁྲོ་བོ་ཁྲོ་མོ་ཡབ་ཡུམ་


JLAZ009_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ། །ཕྱོགས་བཅུའི་གདོན་ཚོགས་འདུལ་བའི་ལྷ། །གཡས་པ་འདྲལ་བྱེད་གྲི་གུག་བསྣམས། །གཡོན་པ་ཁྲག་ཟོར་མདའ་ལྟར་འཕེན། །ཧཱུཾ། ཤྭ་ན་མ་བཞི་བདག་ཉིད་བཞི། །བསེ་མོ་བཞི་དང་མིང་པོ་གསུམ། །ལས་སུ་ཤ་ཟ་ཁྲག་འཐུང་མ། །གཡས་པས་ཕུར་ཟོར་མདའ་ལྟར་འཕེན། །གཡོན་པས་ཁྲག་ཟོར་མཚོ་ལྟར་རློག །ཉིད་ཀྱི་དམ་ཚིག་ཁྲག་མདའ་འདི། ། ད་ནི་འཕེན་པའི་དུས་ལ་བབ། །ཁྲག་མདའ་ཁྲག་སྦུར་ཆི་ལི་ལི། །ཁྲག་མདའ་བུ་ཡུག་ཆར་ལྟར་ཕོབ། །དགྲ་བོའི་ཁོང་དུ་དུག་མདའ་རྒྱོབ། །ལས་ཀྱི་མཁའ་འགྲོ་རྣམ་གསུམ་ཡང༌། །ཁྲག་ཟོར་དམར་པོའི་སྣ་དྲོངས་ལ། །ཁྲག་ཟོར་མེ་ལྟར་མཆེད་ནས་ཀྱང༌། །དམ་ཉམས་དགྲ་བོ་ཚིག་པར་བྱེད། །ཁྲག་ཟོར་ཆུ་ལྟར་བྲུབ་ནས་ཀྱང༌། །དམ་ཉམས་དགྲ་བོ་འཁྱེར་བར་བྱེད། །ཁྲག་ཟོར་གཉེན་པོའི་སྣ་དྲོངས་ཤིག །ཟོར་འཕང་སླར་ལ་མ་ལོག་ཅིག །གཉེན་བྱས་དགྲ་རུ་མ་ལྡང་ཞིག །ཟས་སྦྱོར་དུག་ཏུ་མ་གཡོ་ཞིག །དམ་ཉམས་གང་ཡིན་ཡུལ་མཁར་བསྒྱེལ། །མི་ནད་མེ་ལྟར་མཆེད་ནས་ཀྱང༌། །གང་ཡིན་ཉམས་པ་ཕུང་བར་བྱེད། །དམག་སྣ་དྲོངས་ཤིག་དྲག་པོ་ཟོར་གྱི་ལྷ། །བྷྱོ་བྷྱོ་དྲག་པོ་ཟོར་གྱི་ཐུན་ཕོབ་ཅིག །ཅེས་འཕང་ངོ༌། །ལས་མཇུག་བྲོས་བསྡུ་བ་ནི། མནན་


JLAZ009_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་ཡིན་པས་མགོ་བོ་གཏོར་གཞོང་རི་རིབ་ཏུ་བསམ་པའི་འོག་ཏུ་མནན་ལ། བཤད་པའི་རྒྱུད་ལས། ཧཱུཾ། མཐིང་ནག་འབར་བའི་འཁོར་ཚོགས་ནས། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡང༌། །ཁྲོ་རྔམས་རབ་ཏུ་གདུག་པའི་བྲོ། །ཐུགས་རྗེ་ཆེན་པོས་བྲོ་ལ་གཤེགས། །དགྲ་ནི་ཐལ་བར་བརླག་པའི་བྲོ། །བདུད་ནི་ཕྱེ་མར་འཐག་པའི་བྲོ། །རྔམ་པ་ཆེན་པོ་བྲོ་ལ་གཤེགས། །ཧཱུཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །ཚངས་པ་འདུལ་བ་གདུག་པའི་ལྷ། །ཧཱུཾ་མཛད་ཡབ་ཡུམ་བྲོ་ལ་གཤེགས། །ཁྲོ་བོ་མཐིང་ག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུག །བདུད་དང་སྲིན་པོ་འདུལ་བའི་བྲོ། །དགྲ་ནི་ཐལ་བར་བརླག་པའི་བྲོ། །ངན་སོང་འཁོར་བ་འཇོམས་པའི་བྲོ། །བླ་མེད་བྱང་ཆུབ་ཐོབ་པའི་བྲོ། །ཕུང་པོ་རྡུལ་དུ་བཤིག་པའི་བྲོ༑ །རྣམ་ཤེས་དབྱིངས་སུ་འདྲེན་པའི་བྲོ། །ཏ་ཀྲྀཏ་ཆེན་པོ་བྲོ་ལ་གཤེགས། །ཧཱུཾ། གདུག་པ་ཕག་དང་རྨིག་བུའི་མགོ །ཚངས་པ་ཕོ་མོ་འཁོར་བཅས་འདུལ། །ལ་ལ་ལྡིང་ཞིང་ལ་ལ་འདྲལ། །གཤོག་པ་ཅན་གྱིས་མཐའ་ནས་སྡུད། །མཆེ་བ་ཅན་གྱིས་གསོད་པར་བྱེད། །ཚམ་རྔམས་དྲག་པོས་བདུད་དཔུང་འཇོམས། །དཔལ་བརྟུལ་དྲག་པོའི་ཚངས་རིགས་


JLAZ009_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ། །འཇིགས་པའི་ཁྲོ་བདག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུག །བདུད་དང་སྲིན་པོ་འདུལ་བའི་བྲོ། །ཧཱུཾ། ཁྲོ་བོས་གདུག་པ་གྲོགས་དང་འབྲལ། །ཐུགས་ལས་སྤྲུལ་ཅིང་ལས་རྣམས་བྱེད། །སྲས་མཆོག་མཐིང་ག་སྤྲིན་ལྟར་གཏིབས། །ཁྲོ་ཆུང་ཚོན་གང་སྐར་ལྟར་འཁྲུག །བདུད་དང་སྲིན་པོ་འདུལ་བའི་བྲོ། །ཧཱུཾ། མཁའ་འགྲོ་མ་ཆེན་གདུག་པའི་བྲོ། །མ་མོའི་རྟ་བྲོ་སི་ལི་ལི། །སྔོན་དམར་བྱད་ཐག་རྒྱང་སེ་རྒྱང༌། །ཤ་ཁྲག་དམར་པོ་མཁའ་འགྲོའི་ཟས། །ཤ་ལ་རོལ་ཅིག་མཁའ་འགྲོའི་ཚོགས། །ཁྲག་ལ་འཐུངས་ཤིག་མཁའ་འགྲོའི་ཚོགས། །རུས་ལ་འཆོ་ཞིག་མཁའ་འགྲོའི་ཚོགས། །མཁའ་འགྲོ་རྔམ་བྱེད་རོ་ལ་རྔམ། །གཡས་སུ་བལྟས་ནས་གཡོན་དུ་འཁྱུད། །རྔམ་པའི་ཚེམས་གཅིག་མདུན་དུ་བལྟ། །ཉམས་པ་གང་ཡིན་སྤྱན་གྱིས་གཟིགས། །སོ་བརྡར་མཆེ་གཙིགས་ཧ་སྒྲ་ཅན། །སྟོང་གསུམ་རོ་ཟ་ཁྲག་འཐུང་ཡང༌། །མ་འགྲངས་མ་ངོམ་སོ་བརྡར་འཁྲིག །མཁའ་འགྲོ་མ་ཆེན་སྤྲིན་ལྟར་གཏིབས། །ཕོ་ཉ་ཕྱག་བརྙན་སྐར་ལྟར་འཁྲུག །བདུད་དང་སྲིན་པོ་འདུལ་བའི་བྲོ། །ཧཱུཾ། སྙིང་གི་དཀྱིལ་དུ་བྲོ་བརྡུངས་པས། །ཡེ་ཤེས་ལྔ་པོ་མཉེས་པར་བྱེད། །དྲན་པ་གནས་སུ་དག་པའི་བྲོ། །


JLAZ009_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་སྟེང་དུ་བྲོ་བརྡུངས་པས། །གཟུགས་ཀྱི་ལྷ་མོ་མཉེས་པའི་བྲོ། །རྣ་བའི་སྟེང་དུ་བྲོ་བརྡུངས་པས། །སྒྲ་ཡི་ལྷ་མོ་མཉེས་པའི་བྲོ། །སྣ་ཡི་སྟེང་དུ་བྲོ་བརྡུངས་པས། །དྲི་ཡི་ལྷ་མོ་མཉེས་པའི་བྲོ། །ལྕེ་ཡི་སྟེང་དུ་བྲོ་བརྡུངས་པས། །རོ་ཡི་ལྷ་མོ་མཉེས་པའི་བྲོ། །ལུས་ཀྱི་སྟེང་དུ་བྲོ་བརྡུངས་པས། །རེག་བྱའི་ལྷ་མོ་མཉེས་པའི་བྲོ། །སྙིང་གི་དཀྱིལ་དུ་བྲོ་བརྡུངས་པས། །ཆོས་ཀྱི་ལྷ་མོ་མཉེས་པའི་བྲོ། །མཛེས་བྱེད་ལྷ་མོ་སྤྲིན་ལྟར་གཏིབས། །ཕྱི་ནང་ལྷ་མོ་སྐར་ལྟར་འཁྲུགས། །བདུད་དང་སྲིན་པོ་འདུལ་བའི་བྲོ། །སུམྦྷ་ནི་བརྗོད། དེ་ནས་སྨད་ལས་དྲག་པོ་སྒྲོལ་དབང་གི་དངོས་གྲུབ་བླང་བ་ནི། ཧཱུཾ། དངོས་གྲུབ་དམ་པ་ལྷ་ཡི་ལྷ། །དུར་ཁྲོད་ཆེན་པོའི་གཞལ་ཡས་དམ་པ་འདིར། །དུར་ཁྲོད་རྫས་ལ་བརྟེན་ཏེ་བསྒྲུབས་ལགས་ན། །སྣང་སྲིད་བྱམས་པའི་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་ལྷ་ནི་ནམ་མཁའི་རང་བཞིན་ལ། །དངོས་གྲུབ་སྩལ་དང་སྩོལ་བར་མི་དམིགས་ཀྱང༌། །གདུག་པ་ཆེན་པོ་ཐབས་ཀྱིས་འདུལ་བའི་ཕྱིར། །དྲག་པོས་འདྲེན་པའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ། ཆོས་ཉིད་ཀུན་ཏུ་བཟང་མོའི་བྱིན་རླབས་ལས། །དྲེགས་པ་འདུལ་ཕྱིར་ཐུགས་རྗེའི་བྱིན་རླབས་འབྱུང༌། །བདུད་ཀྱི་རྒྱལ་པོ་རཱུ་


JLAZ009_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲ་འདུལ་བ་ལྟར། །བདུད་རྒྱལ་དྲེགས་པ་འདུལ་བའི་དངོས་གྲུབ་སྩོལ། །ཧཱུཾ། བདུད་དཔུང་ཆོམ་ནས་ཆོས་ཉིད་མངོན་མཐོང་བས། །བདུད་རྒྱལ་རཱུ་ཏྲས་ཆོས་ཉིད་དོན་རྟོགས་ནས། །ཐུགས་རྗེའི་བྱིན་རླབས་བདུད་ལ་སྣང་བ་ལྟར། །ཉོན་མོངས་དབྱིངས་སུ་བསྒྲལ་བའི་དངོས་གྲུབ་སྩོལ། །ཧཱུཾ། འཁོར་གྱི་གདུག་པ་མ་ལུས་བསྒྲལ་བའི་ཕྱིར། །སྟེང་ཕྱོགས་ཁྲོ་རྒྱལ་ཡབ་ཡུམ་འཁོར་དང་བཅས། །ཚངས་པ་འཁོར་བཅས་རབ་ཏུ་བཏུལ་བ་ལྟར། །འཇིག་རྟེན་དྲེགས་པ་བཏུལ་བའི་དངོས་གྲུབ་སྩོལ། །ཧཱུཾ། རོལ་པ་ཆེན་པོ་སྟེང་གི་སྲས་མཆོག་ཡང༌། །ཞིང་བཅུ་སྟོབས་དང་རབ་ཏུ་འདྲལ་མཛད་པ། །བདུད་རྒྱལ་རཱུ་ཏྲ་གྲོགས་དང་བྲལ་བ་བཞིན། །ཞིང་བཅུ་སྟོབས་དང་བྲལ་བའི་དངོས་གྲུབ་སྩོལ། །སྤྲུལ་པས་སྟོང་ཁམས་རབ་ཏུ་བཀང་ནས་ཀྱང༌། །གདུལ་བའི་དབང་གིས་གང་ལ་ཅི་འདུལ་སྟོན། །རྒྱལ་བས་སྟོང་གསུམ་སྤྲུལ་པས་བཀང་བ་ལྟར། །སྤྲུལ་པ་ཁམས་གསུམ་འགེངས་པའི་དངོས་གྲུབ་སྩོལ། །ཧཱུཾ། དཔལ་གྱི་བཀའ་ཉན་ལས་ལ་བརྩོན་པ་མོ། །འཇིག་རྟེན་དྲེགས་པ་མ་ལུས་འདུལ་མཛད་པ། །འཇིག་རྟེན་དབང་དུ་བསྡུད་པའི་ལས་བྱས་ལྟར། །དམ་ལས་མི་འདའ་བཀའ་ཉན་དངོས་གྲུབ་སྩོལ། །ཧཱུྃ། འཇིག་རྟེན་ཁམས་ལ་དབང་སྒྱུར་མཐུ་མོ་ཆེ། །


JLAZ009_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ངན་ཞིང་བཅུ་མ་ལུས་སྒྲོལ་མཛད་པ། །བཅོལ་ཞིང་རྦད་ན་ལས་སུ་ཕོ་ཉ་མཛད་པ་ལྟར། །གང་དུ་མངགས་པའི་ལས་རྣམས་འགྲུབ་པའི་དངོས་གྲུབ་སྩོལ། །ཧཱུཾ། དྲེགས་པ་སྡེ་བཞི་རབ་ཏུ་འདུལ་མཛད་པ། །ནད་ཀྱི་བདག་མོ་བཀའ་ཉན་གསུང་སྡོད་མ། །བྲན་དང་ཕོ་ཉ་ལས་རྣམས་འགྲུབ་བྱེད་ལྟར། །གང་ལ་བྱ་བའི་ལས་རྣམས་མྱུར་འགྲུབ་དངོས་གྲུབ་སྩོལ། །ཧཱུཾ། རོལ་པ་ཆེན་པོའི་བྱིན་རླབས་ཅིར་ཡང་སྣང༌། །འདུལ་ཐབས་དྲག་པོ་བདུད་ཀྱི་ཆས་འདྲ་ཡང༌། །སྙིང་རྗེ་བྱང་ཆུབ་སེམས་ལས་ཉམས་པ་མེད། །བྲག་པོ་བྱམས་པའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུཾ། ཐུགས་རྗེ་བྱམས་པས་འགྲོ་ལ་སྙིང་བརྩེའི་ཕྱིར། །ལ་ལར་ཞི་དང་ལ་ལར་ཁྲོ་བོར་སྣང༌། །འདུལ་ཐབས་དྲག་པོས་འགྲོ་བ་འདུལ་ལགས་ན། །ཉོན་མོངས་གནས་སུ་འདྲེན་པའི་དངོས་གྲུབ་སྩོལ། །བདུད་དང་སྲིན་པོ་འདུལ་བའི་དངོས་གྲུབ་སྩོལ། །དོན་དམ་ཆོས་ཉིད་རྟོགས་པའི་དངོས་གྲུབ་སྩོལ། །སངས་རྒྱས་ས་ལ་འགྲོ་བའི་དངོས་གྲུབ་སྩོལ། །འཁོར་བ་ངན་སོང་སྦྱོང་བའི་དངོས་གྲུབ་སྩོལ། །ཞེས་པས་བཀྲ་ཤིས་པར་བྱའོ། །གསུམ་པ་དབང་གི་སྲོག་ཤིང་དུ་གྱུར་པ་དམ་ཚིག་ཡིན་པར་བསྟན་པ་ནི། རྡོ་རྗེ་ཁྲོས་པ་ལས།


JLAZ009_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་རབས་འདས་པའི་སངས་རྒྱས་ཀྱང༌། །དམ་ཚིག་འདི་ལ་བརྟེན་ནས་གྲུབ། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང༌། །དམ་ཚིག་འདི་ལ་བརྟེན་པ་ཡིན། །སླད་ནས་འབྱོན་པའི་སངས་རྒྱས་ཀྱང༌། །དམ་ཚིག་འདི་ལ་བརྟེན་ནས་གྲུབ། །དེ་ཕྱིར་དམ་ཚིག་ཐེག་ཆེན་འདི། །ཕྱི་རབས་སྔགས་འཆང་རྣམས་ཀྱིས་བསྲུངས། །དམ་ཚིག་འདི་ནི་ས་གཞི་འདྲ། །ས་ལས་སྐྱེ་འཁྲུངས་ཀུན་བསྐྱེད་ལྟར། །དམ་ཚིག་གཞི་ཡི་ས་གཞི་ནི། །ཀུན་ལ་ཡེ་ཤེས་བསྐྱེད་པར་བྱེད། །རྩ་བའི་དམ་ཚིག་གསུམ་པོ་དང༌། །ཡན་ལག་དམ་ཚིག་ལྔ་རྣམས་ལས། །མ་འདས་བསྲུངས་ན་སངས་རྒྱས་ཡིན། །དེ་ལས་འདས་ན་སེམས་ཅན་ཡིན། །དམ་ཚིག་གཞུང་བཞིན་བསྲུང་བ་ལ། །དམ་ཅན་རྣམས་ཀྱི་བསྒོ་བ་ཉན། །གལ་ཏེ་བསྒོ་བ་མ་ཉན་ན། །དམ་ཅན་ཉིད་ཀྱང་བརླག་པར་འགྱུར། །ལྷ་ཡང་འདས་ནས་མྱོས་འགྱུར་ན། །རྣལ་འབྱོར་འདས་ན་སྨོས་ཅི་དགོས། །དམ་ཚིག་འདི་ནི་གཙོ་ཡིན་ཞེས། །དཔའ་བོ་ཆེན་པོ་ཡང་དག་བཤད། །དམ་ཚིག་ཉམས་པའི་སྔ་ལྟས་ནི། །བྱ་རུ་མི་རུང་སྣ་ཚོགས་བྱེད། །སློབ་དཔོན་བཀའ་བསླུ་སྨོད་པ་དང༌། །ལུ་གུ་རྒྱུད་ལ་དབྱེན་འདོགས་དང༌། །སྔགས་དང་ཕྱག་རྒྱ་རྒྱུན་བཅད་ནས། །གཞན་ནས་དངོས་གྲུབ་ཐོབ་འདོད་པ། །འདི་ཡང་


JLAZ009_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པའི་སྔ་ལྟས་ཡིན། །རྫས་དང་ལག་ཆ་མངོན་བསྟན་ནས། །ཕ་རོལ་གཞན་ལ་བསྡིགས་བྱེད་ཅིང༌། །མན་ངག་གཏིང་ནས་མ་ཐོབ་པར། །ཨ་གར་ཁ་ཡིས་ངོམས་པ་དང༌། །རིག་པའི་རྩལ་དང་མི་ལྡན་པར། །ཁ་ནས་ལྷ་སྲིན་གཉན་འབོད་པ། །འདི་ཡང་ཉམས་པའི་སྔ་ལྟས་ཡིན། །མཚན་དང་ལྡན་པའི་རིག་མ་ལ། །ཕྲད་ནས་སྦྱོར་བ་མ་བྱས་དང༌། །ལས་ངན་སྐྱོན་ཅན་མཚན་རྫོགས་པ། །བསྒྲལ་བའི་ཞིང་བཅུ་མ་བསྒྲལ་ན། །འདི་ཡང་ཉམས་པའི་སྔ་ལྟས་ཡིན། །དམ་ཚིག་ཉམས་པའི་ལྔ་ལྟས་ནི། །རྩ་བ་གསུམ་པོ་ཉམས་གྱུར་ན། །རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར། །འདིར་ཡང་ཉེས་པ་སྣ་བཅུ་ཡོང༌། །ཕྱི་མ་ན་རག་དམྱལ་ཁམས་སྐྱེ། །འདིར་ཡང་ནད་དང་སྡུག་བསྔལ་ཆེ། །མཛེ་དང་ནད་དང་སྡུག་བསྔལ་སྣ་ཚོགས་འོང༌། །མ་ཚོགས་སྟོང་གིས་སྙིང་ནས་འདྲེན། །ཤ་ཟན་སྟོང་གིས་ཤ་རུས་འདྲལ། །འཇིག་རྟེན་མ་མོ་མཁའ་འགྲོ་ཡང༌། །དམ་ཚིག་ཉམས་པའི་བདུད་དུ་འབབ། །མ་མོ་ཀུན་ཀྱང་གཤེད་དུ་འོང༌། །ཚེ་དང་སྲོག་ལ་བར་ཆད་བྱེད། །དམ་ཚིག་འདི་ལ་མི་གནས་ན། །བརྩམས་པ་མི་འགྲུབ་མྱ་ངན་ནོན། །དམ་ཚིག་བསྲུང་བའི་ཡོན་ཏན་ནི། །ཅི་བསམ་ལས་རྣམས་འགྲུབ་པར་འགྱུར། །ཡི་དམ་ལྷ་ཡི་དངོས་


JLAZ009_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ། །མཁའ་འགྲོ་མང་པོ་འཁོར་ཞིང་འདུ། །དངོས་གྲུབ་རྣམ་གསུམ་རིམ་བཞིན་ཐོབ། །ཚེ་དང་བསོད་ནམས་དབང་ཐང་འཕེལ། །ལྷ་སྲིན་ཀུན་ཀྱང་དེ་བཞིན་བཀུར། །དགྲ་བགེགས་ཀུན་ཀྱང་གཞོམ་ཞིང་འདུལ། །བསྟན་པ་ཀུན་ཀྱང་དར་ཞིང་བསྲུངས། །དམ་ཚིག་འདི་དང་གཙོར་ལེན་ན། །འགྲུབ་པར་འགྱུར་བ་གདོན་མི་ཟ། །དམ་ཚིག་བསྲུང་བའི་རིམ་པ་ནི། །རྡོ་རྗེ་སློབ་དཔོན་ཕ་ལྟར་འཁུར། །ཡུམ་གྱི་དབང་མོ་མ་ལྟར་འཁུར། །མཆེད་དང་ལྕམ་དྲལ་སྤུན་ལྟར་བརྩེ། །ཉིན་དང་མཚན་དུ་དུས་མེད་པར། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །མ་ཡེངས་གསལ་བའི་དོན་བརྩོན་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །མཉན་བསམ་ཐོས་པ་རྒྱ་བསྐྱེད་ནས། །འདུ་འཛིའི་དབང་དུ་མི་གཏོང་བར། །རྟག་ཏུ་བསྒྲུབ་ལ་བརྩོན་ བྱེད་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །ཕ་རོལ་དམ་ཉམས་དགྲ་བོ་ལ། །དམོད་བཙུགས་ཁ་ཚོ་མི་ཟེར་བར། །གསང་ཞིང་བསྟུན་ནས་ལས་བྱེད་པ། །འདི་ཡང་བསྲུང་བའི་རིམ་པ་ཡིན། །ཞེས་སོ། །མདོར་ན་དམ་ཚིག་ས་མ་ཡ་འབུམ་སྡེར་གནས་ཀྱང༌། བསྡུ་ན་སྤྱིའི་དམ་ཚིག་ཉི་ཤུ། ཁྱད་པར་གྱི་དམ་ཚིག་ཉི་ཤུ། ལྷག་པའི་དམ་ཚིག་བཞི་སྟེ་རྣམ་གྲངས་ཉི་ཤུ་རྩ་བཞིར་དངོས་བསྟན་དང༌། བརྡ་ཚིག་གིས་བཤད་པ་ནི། ཕུར་པ་མྱ་ངན་ལས་འདས་པ་


JLAZ009_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་རྒྱུད་ལས། སྦྱོར་སྒྲོལ་མ་བྱིན་ལེན་དང་ཚིག་བརླང་རྫུན། །ཉོན་མོངས་རང་གར་སྤྱད་པས་ངན་སོང་རྒྱུ། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་ལ། །མ་རིག་ལོག་པར་མཐོང་ནས་སྤང་བར་བྱ། །མི་སྤང་དམ་ཚིག་ཉམས་པ་དེ་བཞིན་ནོ། །དྲི་ཆེན་དྲི་ཆུ་དམར་ཆེན་མཱཾ་ས་སེམས། །སོ་སོའི་རྣམ་རྟོག་དབྱིངས་སུ་མ་འབྱོངས་ཏེ། །ཉོན་མོངས་ལས་ལ་ཆགས་པའི་ངོ་བོར་བཤད། །གཉིས་མེད་དོན་དང་འགལ་བས་དེ་བཞིན་ནོ། །ཕུང་པོ་འབྱུང་བ་ཁ་དོག་དབང་པོའི་ཡུལ། གཉིས་མེད་ལྟ་བ་ངན་པས་སོ་སོར་བརྟགས། །ཡེ་ཤེས་ལྔ་ཡི་དོན་དང་མ་འགལ་བྱ། །གཉིས་མེད་དོན་དང་འགལ་བས་དེ་བཞིན་ནོ། །དེ་བཞིན་རྡོ་རྗེའི་རིགས་དང་པདྨ་ལས། །རིགས་ཀྱི་ཁྱད་པར་ཡེ་ཤེས་ལྔ་སྣང་ན། །ཡེ་ཤེས་དམིགས་མེད་དོན་དེ་མ་རྟོགས་པས། །གྲུབ་པས་འབྲས་བུ་མེད་པས་དམྱལ་བར་བཤད། །སྤྱི་ཡི་དམ་ཚིག་དེ་དག་གཞུང་བསྲོངས་ན། །ས་གཞི་ཆེན་པོ་འདྲ་སྟེ་ཀུན་གྱི་རྟེན། །ཡིད་བཞིན་ནོར་བུ་འདྲ་སྟེ་འདོད་པ་སྐོང༌། །གཅན་གཟན་སེང་གེ་བཞིན་དུ་ཟིལ་གྱིས་གནོན། །དོན་གྱི་རྩ་བ་དོན་གྱི་མཁར་བཞིན་བསྲུང༌། །འབྲས་བུ་ཡང་དག་ངེས་པ་གདོན་མི་ཟའོ། །གཞན་ཡང་ཁྱད་པར་དམ་ཚིག་རྣམ་མང་ཡང༌། །མདོ་དང་དོན་དུ་ཉི་ཤུའི་དོན་


JLAZ009_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟུན། །གཅན་གཟན་རྒྱལ་པོ་བླ་མ་ལ་མི་བརྙས། སེང་གེ་གསད་མི་བྱ། །ཟ་མ་ཏོག་ཏུ་ངན་པའི་བསམ་ངན་སྤང༌། དུག་མི་སྤྱོ། །རིན་པོ་ཆེ་ཡི་སེམས་བསྐྱེད་མི་སྤང༌། ལྕུག་མ་རྩར་མི་གཅད། །གངས་ཀྱི་ཞུན་ཆུ་ཁོལ་མ་གསང་དབང་གི་ཡུམ་ལ་མི་སྤྱད། ཡོངས་མི་བཏུང༌། །པདྨ་རྒྱས་པའི་ཟེའུ་འབྲུ་མཆེད་མོ་ལ་མི་སྤྱོད། ཁ་མ་དཔྱ། །བུག་རྡོལ་ཅན་གྱི་སྣོད་དུ་བཅུད་མི་བླུག་མ་སྨིན་པ་དང་ལོག་ལྟ་ཅན་ལ་ཆོས་མི་སྟོན། །མ་བརྟགས་པ་ཡི་ནོར་དང་བྱིན་གྱིས་མ་བརླབས་པའི་ཟས་མི་ཟ། རྫས་མི་བསྲེལ། །ཤེལ་སྒོང་དཀར་པོ་རྫབ་དམ་ཚིག་མ་ཉམས་པར་བྱེད། ཏུ་བསྣུབ་མི་བྱ། །སྣོད་ངན་ནང་དུ་སེང་གེའི་ཞོ་མི་བཞོ། སྣོད་མེད་ལ་གདམས་པ་གསང༌། །ཡིད་བཞིན་ནོར་བུ་ཐབ་ཏུ་སྣོད་ལྡན་ལ་མི་གསང་། མི་བསྲེག་བྱ། །བྱ་ཡི་རྒྱལ་པོ་ཁྱུང་གི་གཤོག་མི་ཐབས་ཤེས་མི་འབྲལ། བཅག །གནམ་ལྕགས་སྡེར་མོ་ས་ལ་བརྡབ་གང་རུང་ལ་མི་བྱ། མི་བྱ། །སྟག་གཟིག་རོལ་པའི་ཟས་ཀྱི་ལྷག་ཚོགས་ཕུད་མ་ཉམས་པར། མི་ཟ། །རྡོ་རྗེ་གཏམས་པའི་བྲག་རྣམས་ཡོངས་དམ་ཚིག་མི་གཏང༌། མི་བཤིག །རྡོ་རྗེ་ར་བས་བསྐོར་བའི་གོ་མཚམས་མ་རལ་བ་བྱ། མི་ཧྲལ། །མུན་པ་སེལ་བའི་སྒྲོན་མེ་ཡོངས་མི་གསོད། །ཏིང་འཛིན་མ་ཉམས་པར་བྱ། རྡོ་རྗེ་ཆུ་བོའི་འོལ་ཁ་གཅད་མི་བྱ། སྙིང་པོ་རྒྱུན་མི་གཅད། །རྒྱལ་པོ་རྟགས་ཀྱི་ཕྱག་རྒྱ་


JLAZ009_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་མི་བྱ།སྣོད་མེད་ལ་དབང་མི་བསྐུར། །རྡོ་རྗེ་མཁར་རྫོང་དམ་ཚིག་ལ་གཙོར་འདོན་བྱ། གཏམས་པའི་རྨངས་མི་བཟློག །རྒྱལ་མཚན་རྩེར་བླ་མ་སྤྱི་བོར་སྒོམ་པ་དང་མི་འབྲལ། བཏགས་ནོར་བུ་རིན་པོ་ཆེ། །འདོད་པར་གྱུར་པའི་མཚན་མས་དཔོག་མི་བྱ། །གཉིས་མེད་དོན་གྱི་མྱ་ངན་འདས་མོད་ཀྱང༌། །ལོག་པར་བརྟགས་པའི་དབང་གི་སོ་སོར་སྣང༌། །ཁྱད་པར་བསྟན་པའི་དམ་ཚིག་དོན་རྣམས་ཏེ། །དངོས་སུ་ཉམས་ན་ལྗོན་ཤིང་མེས་ཚིག་འདྲ། །ཟུར་གྱིས་ཉམས་ཀྱང་བསྒྲུབ་པའི་འབྲས་བུ་རིང༌། །ཀུན་ཏུ་ཉམས་ན་བརྗོད་པའི་མཐའ་ལས་འདས། །གཞུང་དུ་བསྲུངས་ན་རང་སྣང་འབྲས་བུ་འཆང༌། །རྒྱུན་དུ་བསྲིངས་ན་དོན་དང་མན་ངག་འགྲུབ། །ལྷག་པའི་དམ་ཚིག་དོན་གྱི་བཞི་རུ་སྦྱར། །སྤྱོད་པ་རྒྱུན་དང་རང་བཞིན་ལྟ་བ་གཉིས། །གལ་མདོ་ངེས་པ་ལྟ་བ་ཉམས་དྲོད་བཞི། །སྤྱོད་པ་རྒྱུན་ལ་དམིགས་པ་བཞི་སྣང་ངོ༌། །གཉིད་ཀྱི་སྒྲ་དང་མྱོས་འགྱུར་བ་ཡང་གཞོམ། །གསང་བའི་བརྡའ་བསྲུང་ལེ་ལོའི་དགྲ་སྤང་ངོ༌། །རང་བཞིན་ལྟ་བའི་དམ་ཚིག་བཞིར་ སྣང་ངོ༌། །སྲིད་གསུམ་ཡོངས་བསྒྲལ་ཁམས་གསུམ་ཞིང་དུ་བལྟ། །དུག་གསུམ་རྩེར་འགྱུར་འཁོར་བ་གནས་འགྱུར་བལྟ། །གལ་མདོ་ངེས་པའི་དམ་ཚིག་གསུམ་དུ་སྣང༌། །མ་ཁྲེལ་ཚུལ་དང་མ་


JLAZ009_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་ཡི་མདོ། །མཐར་ཕྱིན་རྟགས་དང་རྣམ་པ་གསུམ་དུ་བསྟན། །མ་ཉམས་པ་ཡི་མདོ་ལ་བཞི་རུ་སྣང༌། །རྩ་བ་ཡན་ལག་ཞར་གྱིས་ཉམས་བཞིའོ། །མཐར་ཕྱིན་རྟགས་ཀྱང་དེ་དག་བཞི་རུ་སྣང༌། །དམ་ཅན་འདུ་ཞིང་མཐུ་རྩལ་ཆེ་བ་དང༌། །བྱིན་རླབས་ཆེ་ཞིང་རིག་པ་ཆགས་པ་གཉིས། །ཡིད་འོང་འབྱུང་ཞིང་འདོད་པ་འགྲུབ་པ་དང༌། །མང་པོས་བཀུར་ཞིང་གྲགས་ཐོབ་པ་བཞིའོ། །ལྟ་བ་ཉམས་དྲོད་དམ་ཚིག་རྣམ་པ་བཞི། །བརྡལ་བ་ཆོས་ཉིད་ཀྱི་ལྟ་བ་ཡེ་འབྱམས་ལྟ་བུའོ། །རིག་པ་ཡེ་ཤེས་ཀྱི་ལྟ་བ་ཡེ་གསལ་དུའོ། །སྤྲུལ་པ་ཕྱག་རྒྱའི་ལྟ་བ་ཡེ་གནས་སུའོ། །ཁྱབ་པ་སྙིང་རྗེའི་ལྟ་བ་ཀུན་ཁྱབ་པའོ། །ལྷག་པའི་དམ་ཚིག་དོན་ལ་མ་གནས་ན། །ཇི་ལྟར་བསྙེན་ཅིང་བསྒྲུབས་ཀྱང་ཚི་ཆད་པས། །གཉིས་མེད་དོན་གྱི་ངོ་བོ་རྟོགས་པར་བྱའོ། །དོན་དམ་བསྒྲུབ་པའི་དོན་དུ་མ་ཡེངས་བསྲུངས། །དམ་ཚིག་མ་ཡེངས་གཞུང་ཡོད་ན། །འདི་དག་འགྲུབ་པར་འགྱུར་བ་ནི། །དཔལ་ཆེན་ཁྲོ་བོའི་རྒྱལ་པོས་བཤད། །ཉམས་པར་འགྱུར་བས་མི་འགྲུབ་སྟེ། །སླར་ཡང་ངན་སེམས་བརླག་པར་བྱའོ། །ཞེས་སོ། །དེ་དག་ཀྱང༌། ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་དགོངས་པ་ལུང་སྟོན་ལྟར་རིགས་ལྔའི་དམ་ཚིག་ཏུ་བསྡུས་ནས་བསྟན་པའི་ཚུལ། ཐེག་ཆེན་


JLAZ009_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྨོད་པ་ལ་སོགས་པ། །ཅི་ནས་གསང་བར་ངེས་པ་ཡིན། །ཕ་དང་རིགས་ཀྱི་སྐྱེས་པ་རྣམས། །གསད་པས་སངས་རྒྱས་རིགས་སུ་ངེས། །སློབ་དཔོན་སློབ་མ་གསད་ངེས་ན། །རྡོ་རྗེའི་རིགས་སུ་ངེས་པ་ཡིན། །ཞང་པོ་དམག་པ་གསད་ངེས་ན། །རིན་ཆེན་རིགས་སུ་ངེས་པ་ཡིན། །མ་སྲིང་བུ་མོ་མོ་ཆགས་ལ། །ཆགས་པར་བྱས་པ་པདྨ་ཅན། །ཐམས་ཅད་གསོད་ཅིང་ལས་བྱེད་པ། །ལས་ཀྱི་རིགས་སུ་ངེས་པ་སྟེ། །དེ་ལྟར་དགོངས་པའི་རྟོག་པ་ཡིན། །རྒྱལ་པོ་ཡུལ་འཁོར་གཞོམ་པར་བྱ། །བྲམ་ཟེ་བཙོན་བཟུང་རྗེའུ་རིགས་གསད། །དམངས་རིགས་ལས་བཀོལ་དུག་ལ་སྤྱད། །མི་དགེ་དང་བླང་སྦྱོར་སྒྲོལ་བྱ། །འདི་ནི་སངས་རྒྱས་སྤྱོད་པ་སྟེ། །དུག་ལྔ་ལས་ནི་ཐམས་ཅད་འགྲུབ། །ཅེས་ལས་ཀྱི་རླུང་དང་དེ་ལ་ཞོན་བྱེད་རྣམ་པར་རྟོག་པའི་ཚོགས་དབུ་མའི་གྲོང་ཁྱེར་དུ་གསད་པ་དང༌། དེ་བཞིན་དུ་བཅོམ་བྱ་མ་ཡིན་པ་རྒྱལ་པོ་དང་ཡུལ་འཁོར་གཞོམ་པ་ནི་ཀུན་གཞི་དང་སྲེད་ལེན་སོགས་ལ་བརྡར་བཏགས་པའི་དོན་རིག་པར་བྱས་ནས་ནང་གི་ཉོན་མོངས་པ་དང་མི་དགེ་བའི་ཚོགས་མཉམ་པ་ཆེན་པོའི་ལྟ་བ་དང་བརྟུལ་ཞུགས་ཀྱིས་ཚར་ཆོད་པའི་ཚེ་བྱང་ཆུབ་སེམས་དཔའ་ལ་གཞན་དོན་དུ་གནང་བའི་ལུས་ངག་གི་མི་དགེ་བ་བདུན་རྗེས་ཐོབ་ཀྱི་


JLAZ009_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་པ་ཚད་མེད་པའི་སྙིང་རྗེ་ཆེན་པོ་ལ་སོགས་པའི་གསང་སྔགས་ཀྱི་ཐབས་ཆེན་ཟབ་མོ་དང་དུ་བླངས་པ་ནི་ཁྱད་པར་གྱི་དམ་ཚིག་དང་ལྟ་སྤྱོད་ཏིང་འཛིན་ཡིན་པའི་ཚུལ། འཇིག་རྟེན་སྣང་བྱེད་ལས། ཁྱད་པར་དམ་ཚིག་བསྟན་པ་ནི། །སློབ་དཔོན་སྨད་པར་མི་བྱ་སྟེ། །ངན་སོང་གསུམ་ལས་ཐར་མི་འགྱུར། །ཁྱད་པར་ལྟ་བ་བསྟན་པ་ནི། །ཅི་ཡང་མེད་པའི་སེམས་ཉིད་ལ། །བཅོས་སུ་ཡོད་པར་ངས་མ་བསྟན། །ཁྱད་པར་སྤྱོད་པ་བསྟན་པ་ནི། །རིག་མ་དག་ལ་སྤྱོད་པ་སྟེ། །བཟའ་བའི་ཟས་ལ་སྔགས་བཟླས་ལ། །དམ་ཚིག་ཅན་རྣམས་སྤྱན་དྲངས་ཏེ། །གདུག་པ་རྣམ་གཉིས་ཚོགས་ལ་བསྟིམ། །ཁྱད་པར་ཏིང་འཛིན་བསྟན་པ་ནི། །སྤྱི་བོར་ཧཾ་ལ་མགྲིན་པར་ཧྲཱིཿསྙིང་གར་ཧཱུཾ་ལ་ལྟེ་བར་ཨཱོཾ། །ཡི་གེ་གང་ཡིན་ཡན་ལག་ལ། །ཐབས་ཀྱི་སྦྱོར་བས་འོད་དུ་ཞུ། །དེ་ཉིད་ཡོངས་སུ་ཁྱབ་པ་ལས། །ཉལ་བ་རྒྱུན་གྱི་ཏིང་འཛིན་ནི། །དྲུག་པོ་བཀག་ནས་ཉལ་བའི་ཚེ། །འོད་གསལ་མཐོང་བ་ང་ཡིས་བཤད། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །ཡན་ལག་ཉི་ཤུ་རྩ་བརྒྱད་ཉིད། །དམ་ཚིག་ཀུན་གྱི་གཞི་དང་རྩ། །སྤྱོད་པ་གཏམ་ཅོལ་ཅི་སྤྱད་ཀྱང༌། །ལྟ་བ་མ་ཉམས་དམ་ཚིག་ཡིན། །མོ་རྣམས་ཀུན་ལ་སྨད་མི་བྱ། །གདོལ་པ་མོ་ཡང་དང་དུ་བླང༌། །ཁྱད་པར་རིགས་ཅན་གཅེས་པར་བཟུང༌། །


JLAZ009_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་དམ་ཚིག་རྩ་བ་ཡིན། །སྔགས་དང་ཕྱག་རྒྱ་རྒྱུན་མི་གཅད། །དེ་ཡང་དམ་ཚིག་རྩ་བ་ཡིན། །ཏན་གན་སྤྱོད་པ་རྒྱུན་དུ་སྤྱོད། །དེ་ཡང་དམ་ཚིག་རྩ་བ་ཡིན། །ཞེས་སོ། །མདོར་བསྡུ་ན་དམ་ཚིག་གི་རིམ་པ་དེ་དག་ཀྱང་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་འདུ་བའི་ཚུལ། ཕུར་པ་མྱང་འདས་ཆེན་པོ་ལས། དོན་དམ་དམ་ཚིག་གཉིས་མེད་སྟོན་པའི་སྒྲོན་མ་ལ། །ལྟ་ལོག་ངན་སེམས་རྐུ་འཕྲོག་བརྡེག་ལ་སོགས། །ངན་དུ་སྨྲ་ཞིང་གནོད་པ་དངོས་མི་བགྱིད། །དེ་དག་དངོས་སུ་བྱས་ན་དམྱལ་བར་སྐྱེ། །བཟླས་བརྗོད་སྔགས་དང་སྙིང་པོ་བར་མི་གཅད། །གསུང་གི་དམ་ཚིག་ཉམས་ན་དམྱལ་བར་སྐྱེ། །དོན་དམ་གཉིས་མེད་གཞན་ལ་སྤེལ་མི་བྱ། །རང་གསང་ཐབས་ཀྱིས་ཆོད་ནས་མི་རྟོག་པས། །ཐུགས་ཀྱི་དམ་ཚིག་ཉམས་པ་དེ་བཞིན་ནོ། །ཞེས་སྟོན་པ་རྡོ་རྗེ་སློབ་དཔོན་བཀུར་ཞིང་དེ་ལ་ངན་སེམས་དང་དཔྱ་སེམས་མ་ཤོར་བ་དང༌། བཟླས་བརྗོད་རྒྱུན་མི་བཅད་པ་དང༌། གསང་བ་ཟབ་མོ་གཞན་ལ་མི་སྒྲོགས་པ་གསུམ་དང་དུ་བླང་བར་བྱ་ཞིང་གལ་ཏེ་དེ་ལྟར་མི་བྱེད་ན་ཉམས་པ་ཆེན་པོ་ཡིན་པས་ལྟུང་བར་འགྱུར་བའི་ཚུལ། བཤད་པའི་རྒྱུད་ལས། ལྷ་སྤངས་ཉམས་པ་ཆེན་པོ་དང༌། །སྔགས་དང་ཕྱག་རྒྱ་ཉམས་པ་དང༌། །དྲན་རྟོག་ལྷ་རུ་མ་རྟོགས་ཉམས་པ་དང༌། །གསལ་ལ་


JLAZ009_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་མེད་མ་བསྒོམས་ཉམས་པ་དང༌། །གཉན་པའི་རིམ་པ་མ་ཁུར་ཉམས་པ་དང༌། །བརྩེ་བའི་རིམ་པ་རྒྱུན་བཅད་ཉམས་པ་དང༌། །གཟུངས་མ་མཚན་ལྡན་སྤངས་པ་དང༌། །འདི་རྣམས་ཉམས་པའི་རང་བཞིན་ཡིན། །རྩ་བའི་དམ་ཚིག་ཉམས་པ་ན། །རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར། །འདིར་ཡང་ཉེས་པ་སྣ་བཅུ་འོང༌། །བྱས་པ་མི་འགྲུབ་མྱ་ངན་ནོན། །ཞེས་དང༌། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། དེ་ལྟར་དམ་ལ་མི་གནས་ན། །ས་བོན་མེ་ཡིས་ཚིགས་པ་ཡིན། །ཏཱ་ལའི་ཤིང་ནི་མགོ་བཅད་བཞིན། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་སོ། །གལ་ཏེ་ཉམས་པའི་གནས་ལ་ཉེས་བྱས་དང་མི་འགྲོགས་པར་འབུམ་ལྔའི་བཤགས་པས་དག་པར་བྱ་བའི་ཚུལ་ཡང༌། ཕུར་པ་གསང་རྒྱུད་ལས། སྐུ་ཡི་དམ་ཚིག་ཉམས་ན་སཙྪ་འབུམ། །གསུང་གི་དམ་ཉམས་བཤགས་པ་གསུང་རབ་འབུམ། །ཐུགས་ཀྱི་དམ་ཉམས་བཤགས་པ་སྲོག་འདོན་འབུམ། །ཁྱད་པར་དམ་ཚིག་བཤགས་པ་ཚོགས་མཆོད་འབུམ། །ལྷག་པའི་དམ་ཉམས་པ་ལ་བཤགས་པ་འབུམ། །འབུམ་ལྔའི་བཤགས་པས་མཚམས་མེད་བྱས་པའང་འབྱངས། །ཞེས་སོ། །བསྲུང་བའི་ཕན་ཡོན་ནི། བཤད་རྒྱུད་ལས། དམ་ཚིག་བསྲུང་བའི་ལས་རྣམས་ཀྱི། །ཅི་བསམ་ལས་རྣམས་འགྲུབ་པར་འགྱུར། །ཡི་དམ་ལྷ་ཡི་དངོས་གྲུབ་མྱུར། །འཇིག་རྟེན་དབང་ཆེན་བྲན་བཞིན་ཉན། །འཇིག་


JLAZ009_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མཁའ་འགྲོ་བསྒོ་བ་ཉན། །འཇིག་རྟེན་ལོངས་སྤྱོད་འཕེལ་བར་འགྱུར། །རྒྱལ་པོ་མཛོད་ལྡན་ཟད་མེད་འགྱུར། །ཞེས་གསང་སྔགས་ཀྱི་ཡོན་ཏན་ནི་དམ་ཚིག་གཅིག་པུ་ལ་བརྟེན་ནས་འབྱུང་བས་ན། ཉམས་པའི་ཉེས་དམིགས་ལ་འཇིགས་པ་དང༌། བསྲུང་བའི་ཡོན་ཏན་ལ་བྲོད་པ་བསྐྱེད་ནས་རྟག་ཏུ་དམ་ཚིག་ཆེན་པོའི་རིམ་པ་ལས་མི་འདའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་བརྗོད་དེ་ནས་སྐུ་དྲིན་གཏང་རག་གི་ཡོན་ལ་དངོས་འབྱོར་གྱི་འབུལ་བས་དམིགས་རྟེན་བྱས་ནས་ཞིང་ཁམས་འབུལ། དེ་ཡང༌། མྱང་འདས་ཆེན་པོའི་རྒྱུད་ལས། དེ་ལྟར་བླ་མ་ལུང་ལྡན་ལ། །གསེར་ལ་སོགས་པའི་ཡོ་བྱད་དང༌། །རང་གི་ལུས་དང་ནོར་གྱི་དབྱིག །མ་སྲིང་མོ་རྣམས་བརྒྱན་པ་དང༌། །གྲོང་དང་གྲོང་ཁྱེར་བཅས་པ་རྣམས། །དམིགས་པ་མེད་པའི་སེམས་ཀྱིས་ནི། །དེ་དང་མཉམ་པ་ཁོ་ནར་འབུལ། །ཞེས་དང༌། རིགས་སོ་སོ་དང་མཐུན་པའི་ཡོན་ནི། གསང་དགོངས་ལས། བདག་ལུས་སྲོག་དང་ནོར་ལ་སོགས། །བུ་དང་ཆུང་མར་བཅས་པ་རྣམས། །ཞུམ་པ་མེད་པའི་སེམས་ཀྱིས་འབུལ། །རྡོ་རྗེ་རིགས་ཀྱིས་ཡོན་ཡིན་ནོ། །བྲན་དང་བཅས་པའི་འདོན་ཡོན་ལྔ། །འཁོར་ལོ་ཅན་གྱི་ཡོན་ཡིན་ནོ། །རིན་ཆེན་སྣ་ལྔ་ལ་


JLAZ009_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དང༌། །གླང་པོ་རྟ་དང་མ་ཧེར་བཅས། །རིན་ཆེན་རིགས་ཀྱི་ཡོན་ཡིན་ནོ། །མ་དང་སྲིང་མོ་ཆུང་མ་དང༌། །རབ་ཏུ་བརྒྱན་པ་དགོད་པ་དང༌། །རྒོད་མ་ལ་སོགས་མོ་ཆགས་རྣམས། །པདྨ་རིགས་ཀྱི་ཡོན་དུ་དབུལ། །རྟ་དང་གླང་ཆེན་མ་ཧེ་དང༌། །རྫས་ཀྱི་རྣམ་པ་མང་པོ་བཀལ་བ་ནི། །ལས་ཀྱི་རིགས་ཀྱི་ཡོན་དུ་དབུལ། །སློབ་དཔོན་མཎྜལ་ཁྲི་ལ་བཞུགས། །གསེར་ལ་སོགས་པའི་རིན་པོ་ཆེ། །དར་གྱི་ཐུམ་པོར་བཅུག་ནས་ནི། །གཞན་ཡང་རྫས་རྣམས་ཅི་འབུལ་བ། །སློབ་དཔོན་ཉིད་ལ་གཏོར་ཏེ་དབུལ། །ཞེས་སོ། །དེ་ནས་རྗེས་བསྔོ་སྨོན་གྱིས་རྒྱས་གདབ་པ་དང༌། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་དང༌། རྡོ་རྗེའི་གླུ་གར་དང༌། སྦྱིན་བསྲེག་དང༌། གཏོར་མ་གཏོང་བ་དང༌། ནོངས་པ་བཤགས་པ་དང༌། དངོས་གྲུབ་བླང་བ་དང༌། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་བཛྲ་མུས་གཤེགས་སུ་གསོལ་བ་དང༌། ཤིས་པ་བརྗོད་པ་སོགས་ཆོ་གའི་རྗེས་ཆོག་སྤྱི་ལྟར་བྱ། གཟུགས་བརྙན་རྡུལ་ཚོན་གྱི་དཀྱིལ་འཁོར་བཤིག་པའི་ཉེས་པ་འགེགས་ཕྱིར་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་དྲན་པའི་ངང་ནས་ཨ་ཀཱ་རོའི་གསང་སྔགས་བཟླ་ཞིང་རྡོ་རྗེ་དང་བཅས་པའི་ལག་གིས་ཐོག་མར་ལྷ་མཚན་རྣམས་ནས་ཅུང་ཟད་རེ་མགོ་བོར་བཀུས་ལ་དབང་ལྡན་ནས་བརྩམས་ཏེ་ལྟེ་བའི་བར་བསུབས་ལ་རཏྣའི་བུམ་


JLAZ009_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྩལ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། རྡུལ་ཚོན་གྱི་ཚེ་ཆ་གསུམ་དུ་བགོས་ནས་གཏེར་དུ་སྦ་བ་དང༌། རླུང་ལ་གཡེང་བ་དང༌། ཆུ་ཀླུང་ལ་འདོར་བ་གསུམ་དུ་བྱེད་པའམ། ཐམས་ཅད་སྤོས་རོལ་སྤྱན་གཟིགས་ལ་སོགས་པས་སྣ་དྲངས་ཏེ་ཆུ་ཀླུང་ཆེན་པོ་དང༌། རྒྱུན་འབབ་དང༌། ཆུ་མིག་ལ་སོགས་པའི་ཀླུ་ལ་རྒྱས་པར་ཆོ་གའི་བྱ་བ་དང་བཅས་པའམ། རང་བཞིན་དུ་གཏད་པའི་ཚུལ་གྱིས་གཤེགས་ཤིང༌། རྡུལ་ཚོན་གྱི་སྣོད་ཆུས་བཀང་བ་དངོས་གྲུབ་ཀྱི་ཚུལ་དུ་ཁྱེར་ནས་དཀྱིལ་འཁོར་གྱི་ཁང་པ་ལ་གཏོར་བ་དང༌། ཤིས་པ་དང་ཞི་བའི་ལས་བྱ། སྒོ་བྱང་དང་རྒྱལ་ཆེན་ལ་སྔོན་འགྲོའི་སྐབས་བཞིན་གཏང་རག་ཕུལ་ལ་གཟུགས་བརྙན་གྱི་རྟེན་ལ་བརྟན་བཞུགས་དང༌། ཐོ་ལ་གཤེགས་གསོལ་བྱ་ཞིང་ལས་ཀྱི་རྗེས་རྣམས་མི་མངོན་པར་བསྡུ། རྒྱུན་གྱི་སྤྱོད་ལམ་སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་རྣལ་འབྱོར་དང་བསྲེ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །གནས་ལ་བྱིན་ཆེ་དཔལ་གྱི་མཆིམས་ཕུ་རུ། །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ལ། །རྒྱལ་དབང་པདྨའི་དངོས་སློབ་རླངས་ཆེན་དེས། །ཡེ་ཤེས་སྒྱུ་མའི་སྐུ་མཆོག་དངོས་བསྟན་


JLAZ009_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རྣམ་དག་རྡོ་རྗེ་རིམ་པ་དབང་གི་རྒྱུན། །གཏོར་བླུགས་མཛད་པས་གནས་སྦྱིན་ལྷན་སྐྱེས་དོན། །མཐོང་བའི་དོན་གྱི་བྱི་ཏོ་ཏ་མ་ལའི། །རྒྱུད་སྡེ་རྒྱ་མཚོའི་དྭངས་བཅུད་བསྡུས་པ་ཡིན། །དེ་སྐད་དུ། སློབ་དཔོན་ཀངྐ་ནས། སློབ་མ་དབང་བསྐུར་ཆོ་ག་ནི། །གང་ནའང་གཅིག་གིས་རྫོགས་པ་མེད། །དེ་ཕྱིར་མཁས་པས་ཆོ་ག་ནི། །རྒྱུད་ཀུན་ལས་ནི་བཏུ་བར་བྱ། །དགེ་བ་དེ་ཡིས་ལྷ་སྲས་ཁྲི་སྲོང་གིས། །ལོ་པཎ་སྤྱན་དྲངས་འབད་པ་དོན་ལྡན་དུ། །སོན་པ་རྒྱུད་ཀྱི་རིང་ལུགས་དར་གྱུར་ནས། །འགྲོ་ཀུན་ཆོས་ཉིད་ཕུར་བུར་སངས་རྒྱས་ཤོག །ཅེས་པའང་དཔལ་ལྡན་ས་སྐྱའི་ཕུར་ཁང་ཆེན་མོར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ཆོ་རིགས་བརྒྱུད་མར་ལྷག་པའི་ལྷ་མཆོག་འདི་ཉིད་མེ་ཏོག་ཕོག་པའི་ལྷ་སྐལ་དུ་ཆེ་བ་བདག་ཆེན་རིན་པོ་ཆེ་ཨིནྡྲ་སཉྫ་གརྦྷ་མཆེད་ལ་རབ་གནས་དང་འབྲེལ་བར་དབང་གི་སྒོ་འཕར་དང་པོར་ཕྱེ་བའི་ཚེ་རྫོགས་ཆེན་པ་མཁྱེན་བརྩེའི་འོད་ཟེར་གྱིས་སོ། །དགེའོ། །དགེའོ། །དགེའོ། །


previousབཅོམ་ལྡན་འདས་རྡོ་རྗེ་ཕུར་པ་རྒྱུད་ལུགས་ལས་དབང་ཆོག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས།next