Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པ་རྒྱུད་ལུགས་ལས། ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་དམ་ཅན་བླ་ཆགས།
   
   
   
   
   
   
   
   
   


 
previousཕུར་པ་རྒྱུད་ལུགས་ལས། ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་དམ་ཅན་བླ་ཆགས།next

ཕུར་པ་རྒྱུད་ལུགས་ལས། ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་དམ་ཅན་བླ་ཆགས།


JLAZ009_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པ་རྒྱུད་ལུགས་ལས། ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་དམ་ཅན་བླ་ཆགས་ཞེས་བྱ་བ་བཞུགས། །


JLAZ009_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་བཛྲ་ཀུ་མཱ་ར་ལ་ན་མ། ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་ལ་གསུམ། སྐྱེ་རྒྱུད་བཤད་པ་དང༌། སྲོག་སྔགས་ཀྱི་རྣམ་དབྱེ་དང༌། བསྒྲུབ་པའི་ཚུལ་ལོ། །དང་པོ་ནི། རྣལ་འབྱོར་ཆེན་པོ་ལས། འཇིག་རྟེན་གྱི་ཁམས་འདི་ན་དྲེགས་པ་ཅན་གནས་པ་ནི་འདི་ལྟ་སྟེ། བདུད་ནག་པོ་ཡབ་ཡུམ་རོལ་པའི་སྲས། ལྷ་མོ་ནག་མོ་རེ་མ་ཏི་མཆེད་བཞི་དང༌། དེའི་མིང་པོ་མ་ཧཱ་ཀཱ་ལ་སྟེ། དེ་དག་རི་རབ་ཀྱི་བྱང་ཤར་ན་མཚོ་མུ་ལེ་ཏིང་གི་ནང་ནས་ལྕགས་མཁར་ནག་པོའི་ནང་དུ་དུག་ལྔའི་རྟེན་ཅན་ཤིན་ཏུ་དྲེགས་པར་གནས་སོ། །གནོད་སྦྱིན་ཟངས་མདོག་རྒྱལ་པོ་ཡབ་ཡུམ་རོལ་པའི་སྲས་བསྭེ་མོ་བཞི་དང༌། མིང་པོ་བསྭེའི་སྐྱེས་བུ་གདུག་


JLAZ009_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་བཞི་ནི་རི་རབ་ཀྱི་ལྷོ་ནུབ་མཚོ་ན་བསེ་མཚོ་མེར་བའི་དབུས་ན་བསེ་མཁར་སྨུག་པོའི་དུག་ལྔའི་རྟེན་ཅན་ན་ཡོད་དོ། །སྲིད་པའི་ཕྱྭ་ཧེ་ལེ་ཡབ་ཡུམ། བཤོས་པའི་སྲས་ཤྭ་ན་མུ་ཁ་མཆེད་བཞི། མིང་པོ་ཤེལ་གིང་དཀར་པོ་སྟེ་རི་རབ་ན་དུག་མཚོ་མེར་བ་དང༌། དུང་མཁར་དཀར་པོའི་ནང་ན་དུག་ལྔའི་རྟེན་ཅན་ཡོད་པ་དེ་ན་དྲེགས་པ་ཡང་དག་པར་གནས་སོ། །གཞན་ཡང་འཇིག་རྟེན་གྱི་མ་བདུན་དང༌། སྲིང་མོ་བཞི་དང༌། དྲེགས་པ་ཅན་ཆེན་པོ་དྲུག་དང༌། འཇིག་རྟེན་པ་མང་པོ་གཞན་གྱི་སྲོག་འཕྲོག་ཅིང༌། དྲེགས་པའི་དོན་དང་ལྡན་པར་གནས་སོ། །ཞེས་དང༌། དོན་དེ་ལྟ་བུ་གཟིགས་ནས་བཅོམ་ལྡན་འདས་ཀྱིས་དམ་ཅན་གནད་ལ་འབེབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་


JLAZ009_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་པར་བཞུགས་ནས། ཉོན་ཅིག་ཀརྨཱ་ཧེ་རུ་ཀ །དྲེགས་པ་ཚོ་གསུམ་མིང་སྲིང་འདི། །རབ་ཏུ་ཐུགས་རྗེས་གདུལ་བར་བྱ། །མ་བཏུལ་དྲེགས་པ་དམྱལ་བར་འགྲོ། །བཏུལ་ན་སངས་རྒྱས་བསྟན་པ་ནི། །རབ་ཏུ་བསྲུང་བྱ་ལས་བྱེད་གཞུག །ཅེས་གསུངས་ཏེ་ཉིད་ཀྱི་ཐུགས་ཀ་ནས་སྲས་མཆོག་ཞལ་གཅིག་ཕྱག་གཉིས་པ་ཕྱག་ན་མཚོན་ཆ་སྣ་ཚོགས་པ་ཐོགས་པ་མང་པོ་སྤྲོས་ཏེ། དེས་དྲེགས་པ་ཅན་མང་པོ་རང་དབང་མེད་པར་བཀུག་སྟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་པ་དང༌། ཐམས་ཅད་ཞབས་འོག་ཏུ་བཅུག །སྔགས་ཀྱིས་གཟིར་བས་ཤིན་ཏུ་ཉམ་ཐག་པའི་སྒྲ་ཕྱུང་སྟེ། ཨེ་མ་དཔའ་བོ་ཐུགས་རྗེ་ཅན། །ཐུགས་རྗེ་ཆུང་བས་བདག་ཅག་གཟིགས། །རང་རང་ཟས་སྐལ་སྲོག་གཅོད་ལགས། །དེ་རིང་ཕན་ཆད་ཁྱེད་ཉིད་ཀྱིས། །འབངས་མཆི་བདག་ཅག་རྣམས་ལ་ནི། །དབའ་བོས་འབངས་རྣམས་ཡང་དག་སྩོལ། །ཞེས་ཞུས་པས། དམ་ཚིག་གི་ཕྱག་རྒྱ་དང༌། ཟིལ་གྱིས་གནོན་པའི་ཕྱག་རྒྱ་བསྟན། བདུད་རྩི་ལྕེ་ལ་བྱིན། རྡོ་རྗེ་ཕུར་བུ་ལག་ཏུ་གཏད། མིང་སོ་སོར་བཏགས་ཏེ་གསང་བའི་དབང་བསྐུར། ངན་སོང་གི་ཆོས་ལས་ལྡོག་པའི་དོན་བསྟན། ཆོས་ཉིད་ཡང་དག་པའི་ཡེ་ཤེས་བསྟན་ཏེ། དེ་རྣམས་ཀྱིས་རིག་པའི་མེ་ཏོག་ཏུ་སྲོག་སྙིང་ཕུལ་བ་ནི་འདི་ལྟ་སྟེ། ནག་མོས། མ་ཐ་མ་ཐ་བཛྲ།


JLAZ009_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲཀ་རཀྴ་རེ་མ་ཏི་ཧེ་དུན་བྷྱོ། མ་ཧཱ་ཡཀྴ་ནག་མོ་ཧེ་དུན་བྷྱོ། ཞེས་དང༌། གཞན་ཡང་རང་རང་གི་སྔགས་མང་པོ་ཕུལ་ལོ། །བསྭེ་མོས། ཀ་ཏཾ་ཀ་ཏེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏི་ཨ་པ་ར་ཙིཏྟ་སུ་ཀི་བྷ་ཡ་བྷ་ར་ཙིཏྟ་ཏྲཾ་ཡོ་གཱི་ཤྭ་རི་ཡ་མ་ཙིཏྟ་ཧཱུྃ་ཕཊ། ཅེས་དང༌། གཞན་ཡང་མང་པོ་ཕུལ་ལོ། །ཤྭ་ན་མས། ཛྭ་ལ་ཛྭ་ལ་བཛྲ། མ་མ་མུཀྟ་ལ་ཡེ། ཛ་ཡ་དུ་མན་དྷཱི་ཤྭ་རི་ནཱི་ལ་སུ་ཙི་ཧཱུྃ་བྷྱོ་ཧཱུྃ་བྷྱོ། ཞེས་དང༌། གཞན་ཡང་མང་པོ་ཕུལ་ལོ། །མགོན་པོས་ཕུལ་བ། ཀཱ་ལ་མ་ཏྲཾ། མ་ཧཱ་ཀཱ་ལ་ར་ཏྲི་ཡེ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ། ཅེས་དང༌། གཞན་ཡང་མང་པོ་ཕུལ་ལོ། །བསྭེའི་སྐྱེས་བུས། མ་ར་ས་ནི། ར་ཤ་ནི་ར་ཤ་བྷེ་ཀུ་ལན་ཤུ་ལན་ཧཱུྃ་ཕཊ། ཅེས་དང༌། གཞན་ཡང་མང་པོ་ཕུལ་ལོ། །རྒྱལ་པོས། ཀཱ་ར་མ་ཀཱ་ར་ཡ། ཏྲི་ཙ་པ་ལ་ཏྲི་ལ་ཐུན། ཞེས་དང༌། གཞན་ཡང་མང་པོ་ཕུལ་ལོ། །མ་བདུན་སྲིང་བཞིས། ཧཱུྃ་མ་མ་པ་ཤི་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ནན། ཞེས་དང༌། འཇིག་རྟེན་པ་དྲུག་ལ་སོགས་པ་མང་པོས། དྷ་ཏི་མ་མ་ཤི་ཀྲཾ་ཀརྨ་ཀ་ཏྱེ་ཡ། པྲ་མརྟ་ནི་ཧཱུཾ་ཕཊ། ཅེས་སོ། །ཡང་བདུད་རྩི་དམར་པོའི་རྒྱུད་ལས་དེ་དག་སྒོང་སྐྱེས་སུ་བཤད་ནས། ཤྭ་ན་མས་སུ་རུ་སུ་རུ་བཛྲ། བདག་ཉིད་མས་མུ་རུ། ཡ་བྱིན་གྱིས་ཀ་ཏང༌། དེ་བྱིན་གྱིས་ཛ་ཡེ།


JLAZ009_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་བྱིན་གྱིས་ཨ་པ་ར། བསྭེ་བྱིན་གྱིས་ཨ་ཛི་ཏེ། མ་བདུན་གྱིས་མ་མ་པ་ཤི་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ནན། སྲིང་བཞིས་མ་ར་སེ་ན་པྲ་མརྟ་ན་ཡེ་ཧཱུྃ་ཕཊ་དང༌། སྲུང་མ་ཐམས་ཅད་ཀྱིས་དྷ་ཏི་མ་མ་ཤི་ཀྲཾ་ཀ་རེ་ཡ། ཞེས་ཕུལ་ལོ། །གསང་རྒྱུད་ལས་ནི། བདག་ཉིད་ཆེན་མོས་མ་མ་པ་ཤི། ས་བདག་ཆེན་མོས་ཨ་ཙིཏྟ་ཨ་པ་ར་སོགས། ཤྭ་ན་མས་ཛྭ་ལ་དང༌། སུ་རུ་དང༌། མུ་རུ་དང༌། མ་ཐ་སྦྱར་བ་དང༌། སྒོས་བསྒྲུབ་ཤྭ་ན་དཀར་ནག་གི་རྒྱུད་ལས། སྲི་ལ་དང༌། ཤྭ་ན་དང༌། སིངྷ་དང༌། ཀྲི་ཏ་བཞི་ལ་མུ་ཁའི་མཐའ་རྟེན་རྦད་སྔགས་དང་བཅས་པ་དང༌། བསྭེ་སྒྲོམ་དམར་པོ་ལས། ད་རེའི་མཐའ་ཅན་གྱི་ཀངྐ་དང༌། ཀུ་མ་དང༌། ཙ་མུན་དང༌། ཤུ་ལ་བཞི་ཕུལ་ལོ། །གཉིས་པ་སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པ་ནི། རྣལ་འབྱོར་ཆེན་པོ་ལེའུ་བཅོ་ལྔ་པ་ལས་དམ་ཅན་སྡེ་གསུམ་མིང་པོ་དང་བཅས་པའི་དྲིལ་བསྒྲུབ་ལས་སྤྱིའི་སྲོག་སྙིང་ཡི་གེ་ལྔ་བཅུ་ང་གསུམ། བསྭེའི་དགུ་བཅུ་གོ་དྲུག །བདག་ཉིད་མའི་བརྒྱད་ཅུ་གྱ་དྲུག །ཤྭ་ན་མའི་ལྔ་བཅུ་རྩ་དྲུག །ཤེལ་གིང་གི་བདུན་ཅུ་དོན་བརྒྱད། མགོན་པོའི་དགུ་བཅུ་གོ་ལྔ། ས་བདག་མའི་བདུན་ཅུ་རྩ་བདུན། དེ་དག་གི་མནན་བསྲེག་འཕང་བའི་སྔགས་དང་བཅས་བསྟན་ཅིང༌། ཁྱད་པར་སྲོག་སྙིང་རྣམས་ལ་ནི། །ཡང་


JLAZ009_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྤྱི་རུ་ཤེས་པར་བྱ། །ཞེས་པས་ངེས་དོན་ལ་ཡེ་ཤེས་ཀྱི་ལྷའི་རྩལ་སྣང་གཅིག་ལས་མི་འདའ་བའི་ཕྱིར། འདི་ནི་རང་ལ་དྲིལ་བ་སྟེ། །རྩ་བ་གང་ལ་བྱིན་མེད་ན། །འདི་ནི་སྤོགས་པའི་ཁ་བསྐངས་ཡིན། །ཞེས་པ་ལ་སོགས་སྒོས་སྔགས་སྤྱི་ལ་འགྲོ་བ་དང༌། སྤྱི་སྔགས་སྒོས་ལ་འཇུག་པ་རྡོ་རྗེ་ཕུར་པའི་རང་ལུགས་ཡིན་ན་རྣལ་འབྱོར་ཆེན་པོའི་ལེའུ་དགུ་པ་ལས། བཟླས་པ་དཔའ་བོ་གཅིག་པའི་སྔགས། །དང་པོ་བཅོམ་ལྡན་ཕུར་པའི་རྫས། །ཐམས་ཅད་འདུས་དང་རི་རབ་དང༌། །མནན་པ་ཁྲོ་བོ་འདུས་པ་དང༌། །གོང་བཞིན་དམ་ཅན་འདུས་པ་དང༌། །ཐབས་དང་ཤེས་རབ་གིང་མཆོག་དང༌། །རྟོག་པ་ལས་ཀྱི་སྔགས་བཅས་པ། །རྣམ་བཞི་ཚང་བ་བཞི་སྙིང་སྟེ། །དཔའ་བོ་གཅིག་ལ་ངལ་བ་མེད་པར་བཟླས། །ཞེས་པ་ལས། ཐམས་ཅད་འདུས་པའམ་རི་རབ་ནི་སྨད་ལས་ཀྱི་ངོ་བོ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་སྒྲོལ་བ་ཡིན་པས་དེའི་བྱེད་ལས་ནི་ཁྲུས་ལུང་དང༌། ཟིལ་གནོན་གྱི་བདག་ཉིད་ཅན་དུ་སྔགས་དོན་གྱི་གཏན་ལ་དབབ་པའི་ཚུལ་ལེའུ་སུམ་ཅུ་པ་ལས། ཨོཾ་ལཾ་ཧཱུྃ་ལཾ་ཡབ་དང་ཡུམ། །ཀཱི་ལི་གོང་དང་ཧཱུཾ་ཀཱ་ར། །གདུག་པ་འཁོར་བཅས་སྔགས་སུ་བཤད། །ཀཱི་ལི་འོག་མ་བིག་དང་བཅས། །གདུག་བྱེད་སྲས་མཆོག་སྔགས་སུ་བཤད། །སྟྭམ་བྷ་ཐབས་དང་ཤེས་


JLAZ009_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རབ་སྔགས། །གཉིས་མེད་སྦྱོར་བས་ཉོན་མོངས་སྦྱོངས། །དྲག་པོ་ཡབ་ཡུམ་སྒྲོལ་བར་བཤད། །མོ་ཧ་མིང་ལ་གྷ་ཡ་རུས། །རྟེན་ལ་དབབ་པའི་ལས་སུ་བཤད། །ཛཿཧཱུྃ་བཾ་ཧོཿའི་ཕྱག་རྒྱ་བཞིས། །རྟེན་དང་གཉིས་སུ་མེད་པར་བཤད། །ཨོཾ་དང་ཧཱུྃ་གིས་བསྡུས་པའི་སྔགས། །ཉོན་མོངས་རང་དབང་མེད་པར་བཤད། །བྷ་ག་ཝན་ནི་བཅོམ་ལྡན་འདས། །སྒྲོལ་བའི་གཙོ་བོ་ཡིན་པར་བཤད། །ཤི་ཀྲི་ཡབ་དང་བི་ཀྲི་ཡུམ། །གཉིས་མེད་ཡབ་ཡུམ་བྱང་དུ་བཤད། །བཛྲ་ཧཱུྃ་དང་ཨར་བཅས་པ། །ཡང་དག་དོན་གྱི་འབྲས་བུ་སྟེ། །སྟོང་པ་ཆེན་པོས་སྒྲོལ་བར་བཤད། །རང་རང་འཛིན་པ་ཀུན་བཅོམ་ནས། །དངོས་མེད་ནམ་མཁའི་རང་བཞིན་གནས། །ཞེས་པ་ལ་རྟོགས་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་བའི་མངོན་སྤྱོད་ཀྱི་ལུས་ཡོངས་སུ་རྫོགས་ཤིང་སྔགས་ཀྱི་དེ་ཁོ་ན་ཉིད་ཚང་བས་ཐམས་ཅད་འདུས་པ་དང༌། སྲིད་པ་སྤྱི་ནས་གནོན་པས་རི་རབ་ཀྱི་སྒྲ་ཞུགས་པ་སྟེ། སྟོང་པ་ཉིད་ཀྱི་ཡི་གེ་སྟེ། །འཛིན་པ་སྟོང་པར་སྒྲོལ་བར་བཤད། །དེ་ཡིས་ཡང་དག་དོན་རྟོགས་འགྱུར། །དངོས་པོར་འཛིན་པ་རང་རང་སྔགས། །སྟོང་པར་སྒྲོལ་བ་དེ་ཉིད་དོ། །ཞེས་སོ། །མནན་པ་ཁྲོ་བོ་འདུས་པའི་དོན་ནི་ཐ་མལ་གྱི་སྣང་ཞེན་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་སུ་བྱས་ནས་རང་གི་ལུས་ངག་ཡིད་གསུམ་རྡོ་རྗེ་


JLAZ009_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རང་བཞིན་དུ་ཚགས་སུ་འཛུད་པ་སྟོད་ལས་བྱང་ཆུབ་ལ་དམིགས་པས་འཁོར་བ་ཆོས་ཉིད་དུ་གནོན་པ་ལྟར་འདིར་ཡང་དེས་མནན་པ་ནི། གོང་གནོན་བསྙེན་པ་དང༌། ཁྲོ་འདུས་ནི་མཇུག་སྡུད་བསྒྲུབ་སྔགས་ཏེ། སྤྱི་དཔལ་ཆེན་པོའི་སྙིང་པོ་ནི། །བསྙེན་པ་ཡིན་པར་ང་ཡིས་བསྟན། །དེ་ལ་ཁྲོ་བོ་འདུས་པ་ནི། །སྒྲུབ་པ་ཡིན་པར་ང་ཡིས་བསྟན། །ཅེས་པའི་དོན་ཏོ། །དེ་ལ་དམ་ཅན་འདུས་པས་ཁོང་ཁྲར་བཏང་བས་བཞི་སྙིང་གཅིག་ཏུ་དྲིལ་བ་ཞེས་བྱ་སྟེ། དང་པོ་གཙོ་བོའི་གསང་སྔགས་དང༌། །ཕྱག་རྒྱ་བཞི་དང་མིང་རུས་དང༌། །མ་མོ་འདུས་དང་ཐམས་ཅད་འདུས། །བཞི་སྙིང་དྲིལ་བ་དྲག་ཏུ་བཟླས། །ཞེས་པའི་དོན་སྔོན་ཆད་ངོས་ཟིན་པ་ཉུང་ངོ༌། །དེ་ལྟར་བཞི་སྙིང་གཅིག་ཏུ་དྲིལ་བས་ཕུར་པ་བསྒྲུབ་དཀའ་བ་ལ་ངང་ཐུན་ཅན་བསྒྲུབ་ཐག་ཉེ་བར་སྟོན་པ་རྩ་རྒྱུད་རྡོ་རྗེ་ཁྲོས་པའི་དོན་སློབ་དཔོན་ཆེན་པོ་པདྨའི་མན་ངག་དུ་གཙོ་བོར་བྱེད་པ་ཡིན་ལ། དེ་ལའང༌། དྷ་ཏི་འདུས་པ་བསྡུ་ཡིག་གསུམ། །ངན་སྔགས་ཡིན་པར་ང་ཡིས་བསྟན། །ཞེས་པས། གསང་བ་བསྡུ་ཡིག་ལ་བརྟེན་ནས་དམ་ཅན་ཉེ་བར་བསྙེན་ཅིང་འབོད་པ། ནང་འདུས་པ་ལ་བརྟེན་ནས་སོ་སོའི་སྲོག་ནས་དྲངས་ཤིང་ལས་ལ་རྦད་པ། ཕྱི་ཐུན་སྔགས་ལ་བརྟེན་ནས་བསད་པའི་ལས་བྱ་བ་གསུམ་ལས། དང་པོ་ནི། རྣལ་


JLAZ009_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ཆེན་པོ་ལས་སྲས་མཆོག་ལ་དམིགས་པ་དང༌། དམ་ཅན་ལ་དམིགས་པའི་བསྡུ་ཡིག་གཉིས་ལས་ཕྱི་མའི་དོན། ཀ་ནི་སྐུ་ཡི་སྙིང་པོ་སྟེ། །གཟུགས་ཅན་བསྒྲལ་བའི་དྲག་སྔགས་ཡིན། །ཛ་ནི་གསུང་གི་སྙིང་པོ་སྟེ། །ངག་ནི་སྒྲོལ་བའི་དྲག་སྔགས་ཡིན། །ཨ་ནི་ཐུགས་ཀྱི་སྙིང་པོ་སྟེ། །ཡིད་ནི་སྒྲོལ་བའི་དྲག་སྔགས་ཡིན། །མ་ནི་མུ་ཀ་ཧེ་ཞེས་བྱ། །ཤྭ་ན་མ་ཡི་དྲག་སྔགས་ཡིན། །ར་ནི་རཀྴ་སྲིན་མོ་སྟེ། །བདག་ཉིད་མ་ཡི་དྲག་སྔགས་ཡིན། །ས་ནི་བདུད་ཀྱི་བུ་མོ་ཡིན། །ན་ནི་བཙན་གྱི་བུ་མོ་ཡིན། །པྲ་ནི་གཟའ་ཡི་བུ་མོ་ཡིན། །མར་ནི་ཀླུ་ཡི་བུ་མོ་ཡིན། །ཏ་ནི་མིང་པོ་དག་ཡིན་ཏེ། །སྨད་ཀྱི་སྟོད་ཀྱི་དྲག་སྔགས་དང༌། །སྟོད་ཀྱི་བར་གྱི་དྲག་སྔགས་ལ། །སྒྲ་ཡི་ཡི་གེ་བཅུ་གཅིག་གིས། །བསྐུལ་བའི་ལས་ཀྱི་དྲག་སྔགས་སྦྱར། །ཞེས་སོ། །དེ་ལྟར་བཞི་སྙིང་དྲིལ་བ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཚང་བའི་ཚུལ། སྤྱི་རུ་བསྟན་པ་འདི་ལྟ་སྟེ། །ཡེ་ཤེས་ལྷ་ཡི་སྔགས་ཉིད་ནི། །ཐམས་ཅད་ཀུན་གྱི་སྐུ་རུ་བཤད། །རང་རང་རྩ་བའི་སྙིང་པོ་འདི། །ཐམས་ཅད་ཀུན་གྱི་ཐུགས་སུ་བཤད། །རང་རང་སྙིང་པོ་འབྲུ་རེ་ནི། །ཐམས་ཅད་ཀུན་གྱི་གསུང་དུ་བཤད། །རང་རང་ཕྱི་སྐྱོར་སྙིང་པོ་ནི། །ཐམས་ཅད་ཀུན་གྱི་ཡོན་ཏན་སྔགས། །དམ་ཅན་བསྭེ་མོའི་ལས་སྔགས་


JLAZ009_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཐམས་ཅད་ཕྲིན་ལས་སྔགས་སུ་བཤད། །དེ་ནི་དྲིལ་བའི་སྙིང་པོ་ཡིན། །ཞེས་སོ། །གལ་ཏེ་རྒྱུད་ལས་དངོས་བསྟན་གྱི་སྐུ་གསུང་ཐུགས་སྔགས་དམིགས་བསལ་སྦྱོར་ན། སྒྲུབ་ཐབས་ནང་ལྟར། ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ནན། ཛྭ་ལ་ཛྭ་ལ་པྲ་ཛྭ་ལ། སྥུ་ཊ་སྥུ་ཊ་སརྦ་ན་ས་པ་ན་ཡེ་ཧཱུྃ་ཕཊ། སོགས་མགོར་སྦྱར་ནས་སོ་སོའི་སྲོག་སྔགས་སམ། བསྡུ་ཡིག་ལྟར་འདྲེན་པ་མན་ངག་ཡིན་ཏེ། ཧཱུྃ་ཀཱ་ར་ཡི་ཡི་གེ་བདུན། །ཐམས་ཅད་སྦྲགས་པ་གསུང་གི་སྔགས། །བདག་ཉིད་གཙོ་བོའི་ཡི་གེ་སྔགས། །གཟུགས་སུ་བསྐྱེད་པ་སྐུ་ཡི་སྔགས། །བདུད་རྩི་འཁྱིལ་བའི་ཡི་གེ་དྲུག །དྲན་པར་སྣང་བ་ཐུགས་ཀྱི་སྔགས། །དེ་རྣམས་གོང་གི་བར་དུའོ། །སྐུ་གསུང་ཐུགས་ལ་གཙོ་བོར་བྱ། །ཞེས་པའི་དོན་ཏོ། །གཉིས་པ་ནང་འདུས་པ་ལྟར་རྦད་པ་ནི། ཡང་ན་བསྐྱེད་པ་མེད་པར་རོ། །བསྙེན་པ་མི་བྱ་རངས་པ་དྲིལ། །དང་པོ་བདག་ཉིད་འབྲུ་བདུན་དང༌། །དེ་འོག་ཕྱག་རྒྱ་མནན་ཡིག་གསུམ། །མིང་རུས་ཡི་གེ་གཟས་པར་བཤད། །ཤྭ་ནའི་ཡི་གེ་བཅུ་དྲུག་དང༌། །རེ་མ་ཏི་ཡི་རྩ་སྔགས་དང༌། །བསྭེ་མོའི་སྙིང་པོ་བཅུ་བདུན་དང༌། །འཁོར་བ་རྩད་གཅོད་ཡི་གེ་དགུ། །ཐམས་ཅད་ཚང་བའི་ཡི་གེ་བདུན། །དྲིལ་ཏེ་རབ་ཏུ་བཟླས་པ་ཡི། །མདངས་དང་བྲལ་བར་རབ་ཏུ་ངེས། །ཞེས་པས།


JLAZ009_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཨོཾ་ལཾ་ཧཱུྃ་མོ་ཧ་གྷ་ཡ་སྲི་ལ་མུ་ཁ་ཛཿཤྭ་ན་མུ་ཁ་ཛཿསིངྷ་མུ་ཁ་ཛཿཀྲྀ་ཏ་མུ་ཁ་ཛཿམ་ཐ་མ་ཐ་བཛྲ། ཏྲག་རཀྴ་མ་ཧེ་ཧེ་དུན་བྷྱོ། མ་ཧཱ་ཡཀྴ་ནག་མོ་ཧེ་དུན་བྷྱོ། ཀ་ཏཾ་ཀ་ཡེ། ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་ར་ཛི་ཏེ། མ་ར་སེ་ན་པྲ་མརྟ་ན་ཡེ། སརྦ་བིག་ནན་བཾ་ཧཱུྃ་ཕཊ། འདི་ནི་ཡང་དག་མན་ངག་སྟེ། །མགོ་མཇུག་དྲིལ་བའི་ངན་སྔགས་ཡིན། །འདིས་ནི་ཉམས་པར་གདོན་མི་ཟ། །ཐུགས་རྗེས་བཟུངས་ལ་གནས་སྤར་རོ། །ཞེས་སོ། །གསུམ་པ་ནི། གསང་སྔགས་དང་པོ་གཙོ་བོ་དང༌། །མིང་རུས་དངོས་དང་འདུས་པ་དང༌། །མིང་པོའི་སྔགས་བཅས་བཟླས་པར་བྱ། །དམ་ཅན་ལ་སོགས་ལྷ་རྣམས་ཀྱིས། །རྣམ་པར་གསད་པའི་དགོངས་པ་བྱ། །སྐབས་སུ་ཐུན་སྔགས་བཅུ་གཉིས་ཀྱིས། །ཐུན་ཕབ་ངེས་པར་གསད་པར་བསམ། །ཞེས་པས་བཤད་མ་ཐག་པའི་ཁོང་ཁྲ་འབྱིང་འཇུག་བྱས་ལ། སརྦ་བིག་ནན་གྱི་གོང་དུ་མིང་པོའི་སྔགས་དངོས་བསྟན་གཅུན་ཀྱང་རུང་སྟེ། རྩ་རྒྱུད་ལས་དྷ་ཏིའི་མིང་དངོས་སུ་སྨོས་པས་མདུང་རྩེ་དམར་པོའི་དགོངས་པ་ལྟར་མ་མ་པ་ཤཾ་ཀུ་རུ་སོགས་དང༌། དྷ་ཏི་མ་མ་སོགས་ཁོང་ཁྲར་འཇུག་པ་བདེ་བ་ཉིད་པདྨའི་བཞེད་པ་ཡིན་ནོ། །ཐུན་སྔགས་བཅུ་གཉིས་ཀྱི་ངོས་འཛིན་ནི་རྣལ་འབྱོར་ཆེན་པོའི་ལེའུ་བཅོ་ལྔ་པ་ལས་གཞན་དུ་ངོ་འཕྲོད་པ་མི་སྣང་ཞིང༌། དེའི་ནང་ཚུན་


JLAZ009_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤུ་ཤུ་རཀྴ་ཚལ་པ་ལ་སོགས་པའི་དུམ་བུ་འདྲ་མིན་རེ་སྔར་གྱི་ཡི་གེ་རྙིང་པ་ཚོར་སླེབ་ཀྱང་ཡིད་བརྟོན་རུང་བ་དཀའ་ཞིང་རྒྱུད་ལ་བཤད་པའང་དུས་ཐོག་ཧ་ཅང་རྙིང་པའི་ཡིག་སྐྱོན་ཆེ་བས་རེ་ཞིག་བཏང་སྙོམས་སོ། །གསུམ་པ་སྒྲུབ་པ་དངོས་ལ་གཉིས། སྒོས་སྒྲུབ་དང༌། སྤྱི་སྒྲུབ་བོ། །དང་པོ་ནི་རྣལ་འབྱོར་ཆེན་པོའི་ལེའུ་བཅུ་བཞི་པ་ལས། དང་པོ་ནག་མོ་བསྒྲུབ་བྱ་བ། །ཁ་སྐོང་མི་སྐོང་ཤེས་པར་བྱ། །རྣལ་འབྱོར་ཡོན་ཏན་ལྡན་པ་དང༌། །ཕུར་པའི་དོན་རྣམས་ཤེས་པ་ཡིས། །རབ་ཏུ་དབེན་པར་ལེགས་བསྒྲུབ་བོ། །འཁོར་ལོ་རྩིབས་བཞི་ལྡན་པ་ཡི། །དབུས་སུ་བསྙེན་ཕུར་ཕྱོགས་བཞིར་ཕུར། །ནག་མོ་བཞི་ཡི་ཕུར་པ་དགོད། །ཐོད་པ་བཞི་ལ་ཐུན་དང་བཅས། །ཁྱི་ཡི་ལྟེ་ཁྲག་ནལ་བུའི་ཤ །བུད་མེད་མངལ་ཁྲག་སྦལ་པའི་མགོ །རིམས་ཀྱི་ཕྱི་མོ་རྡོ་སོལ་དང༌། །ཁྲག་ཆེན་མུ་ཟི་གཏོར་མ་སྨན། །གཞན་ཡང་རྫས་རྣམས་མང་པོ་གསོག །རྡོ་རྗེ་ཁྲོས་པ་ལ་སོགས་པས། །དབུས་སུ་བདག་ཉིད་དཔལ་ཆེན་བསྐྱེད། །འཁོར་ལོ་བཞི་ལ་སྤུན་བཞི་སྟེ། །རེ་མ་ཏི་དང་རེ་མ་དུ། །རེ་མ་ཛ་དང་རེ་མ་ཛུ། །སྐུ་མདོག་རང་རང་རིགས་དང་བསྟུན། །ཆིབས་དང་ཡང་ན་རྐྱང་པ་སྟེ། །རང་རང་ཕྱག་མཚན་ཕུར་བུ་བསྣམས། །རྒྱན་དང་ལྡན་པ་རབ་ཏུ་བསྐྱེད། །རང་བཞིན་སྤྱན་དྲངས་མཆོད་པ་འབུལ། །


JLAZ009_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དང་སྨོན་ལམ་ལེགས་པར་བྱ། །དེ་ནས་བདག་ཉིད་སྔགས་དང་ནི། །མཆེད་བཞི་གསང་སྔགས་སྭཱ་ཧཱ་ཅན། །བར་བཅུག་བར་བཟླས་སྲོག་སྙིང་དབྲོག །ནུས་པ་དག་དང་ལྡན་པར་བྱ། །བར་བར་མཆོད་བསྟོད་གནད་ལ་དབབ། །རང་རང་དམ་རྫས་ལེགས་པར་བསྟབ། །དེ་ལ་རྟགས་རྣམས་ངེས་པ་ནི། །མབུད་མེད་ནག་མོས་དབང་བསྐུར་དང༌། །བདག་ལ་ཕྱག་བྱེད་མར་འོངས་པ། །འདི་ནི་གྲུབ་སྟེ་དངོས་གྲུབ་བླངས། །དེ་ནས་བསད་པའི་ལས་བྱ་བ། །བྲུབ་ཁུང་ལྔ་རུ་ངེས་པར་བྱ། །དེ་ནས་ཐོད་པ་ལིངྒ་དང༌། །དྲག་པོའི་རྫས་རྣམས་ལེགས་པར་བྱ། །གབ་པའི་སྔགས་ཀྱི་ལས་བྱའོ། །མིང་པོས་དགུག་སྔགས་ཤེས་པར་བྱ། །རབ་བསྐྱེད་མཐིང་ནག་འབར་བ་ཡིས། །ཉམས་པ་དགུག་པའི་ལས་རྣམས་བྱ། །སྔགས་ལ་གསད་པའི་སྔགས་གདགས་སོ། །གསད་པ་ལ་སོགས་དགོངས་པ་ཡིས། །ཉམས་པ་ངེས་པར་བསད་ པར་བྱ། །དང་པོ་དུས་ལ་བབ་དྲུག་དང༌། །དེ་འོག་བཅུ་གཅིག་དམོད་པ་ཡི། །རྡོ་རྗེའི་ཚིག་བཞིའི་གནད་ལ་དབབ། །ཐུན་ལ་སོགས་པའི་སྦྱོར་བ་བྱ། །རྟགས་བྱུང་ཕུར་གདབ་བསྲེག་འཕང་གནན། །མ་གྲུབ་དུས་ན་ཤི་ས་བསྟན། །འདི་ནི་མིང་པོའི་ལས་ཡིན་ཏེ། །ཉམས་པ་གསད་པའི་མཆོག་ཡིན་ནོ། །ཁ་སྐོང་ལས་ནི་མཆོག་སྒྲུབ་པ། །གཞན་དུ་གསུངས་པ་ངེས་པ་ཡིན། ། ༈ ཤྭ་ན་མུ་ཁའི་སྒྲུབ་པ་ནི། །


JLAZ009_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གོང་བཞིན་ཡོན་ཏན་ལྡན་པར་བྱ། ཤྭ་ན་སྒྲུབ་པའི་གནས་སུ་ངེས། །དཀྱིལ་འཁོར་མཆེད་བཞིའི་ཚུལ་དུ་ལ། །གྲུ་གསུམ་བཅས་པ་ལེགས་པར་བྲི། །བསྙེན་ཕུར་ཤྭ་ནའི་ཕུར་པ་ནི། །དབུས་ལ་སོགས་པར་རབ་ཏུ་དགོད། །ཐོད་ཆེན་འཕར་སྤྱང་ཝ་ཁྱི་ལྔ་རྣམས་བསག །རང་རང་སྙིང་དང་ཁྲག་ཆེན་དང༌། །ལྕགས་ཕྱེ་ཟངས་ཕྱེ་གསེར་བྱེ་དང༌། །རྡོ་ཕྱེ་གཏོར་མ་ལྔ་རྣམས་དགྲམ། །དེ་ནས་གོང་བཞིན་བསྐྱེད་པ་ཡང༌། །ལྕགས་སྤྱང་འཕར་བ་ཝ་མོ་དང༌། །ཁྱི་མོ་རང་རང་གང་རིགས་བྱ། །མཆེ་བ་ཅན་ནི་བཞི་ངེས་པར། །ཆིབས་སམ་ཡང་ན་རྐྱང་པ་སྟེ། །རང་རང་ཅོད་པན་ཕུར་པ་བསྣམས། །ཁྲོས་པའི་ཚུལ་དུ་རབ་ཏུ་བརྟག །སྤྱན་དྲངས་ལ་སོགས་གོང་བཞིན་ནོ། །གསང་སྔགས་གོང་བཞིན་བཅས་པ་ལ། །རབ་ཏུ་ཤྭ་ནའི་སྔགས་བཅས་པ། །ལེགས་པར་བཟླས་ལ་གོང་བཞིན་བྱ། །དེ་ལ་རྟགས་རྣམས་ངེས་པ་ནི། །འཕར་སྤྱང་མང་པོ་འདུས་པ་དང༌། །མགོ་བརྙན་ཚོགས་ལ་དབང་བྱེད་པའོ། །ནུས་ཐོབ་དངོས་གྲུབ་བླང་བར་བྱ། །དེ་ནས་གསད་པའི་ལས་བྱ་བ། །གོང་བཞིན་འབྲུབ་ཁུང་བཅས་པའོ། །ལིངྒ་ལེགས་བཅའ་ལས་རྣམས་བྱ། །ཤྭ་ནའི་ཏིང་འཛིན་མང་པོ་ཡིས། །འགུགས་པ་དག་ཏུ་ངེས་པ་ཡིན། །མིང་པོས་ཡང་ནི་དེ་བཞིན་ནོ། །བསད་སྔགས་མཱ་ར་ཡ་བཅས་སམ། །བཟླས་པ་ཤྭ་ནའི་ཚོགས་བཅས་པས། །


JLAZ009_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་ཅིང་ཟ་བའི་ཏིང་འཛིན་བྱ། །བར་བར་ཐུན་རྣམས་བྲབ་པ་ཡིས། །རྫས་རྣམས་སྤྲུལ་པ་ཡང་སྤྲུལ་གྱིས། །ངེས་པར་གསོད་པའི་ཏིང་འཛིན་བྱ། །སྨད་སྟོད་དཀྱུས་ཚིག་ལྔ་བཅས་པ། །དེ་འོག་བཅུ་གཅིག་མཐའ་བསྒྱུར་རོ། །སྟོད་སྨད་ཐ་མའི་བཞི་བཅས་པས། །ཐུགས་དམ་གནད་ལ་དབབ་པར་བྱ། །སེམས་ཅན་གསོད་པའི་རྟགས་བྱུང་ན། །རྩ་བ་ཕུར་གདབ་བསྲེག་དང་འཕང༌། ། མནན་པའི་ལས་རྣམས་བྱས་པ་ཡི། །ཉམས་པ་ངེས་པར་འཆི་བ་ཡིན། །ཁ་སྐོང་གཞན་དུ་ངེས་པར་གསུངས། །ས་བདག་ཆེན་མོའི་བསྒྲུབ་པ་ནི། །གོང་བཞིན་ཡོན་ཏན་ལྡན་པ་ཡིས། །བསྭེ་མོ་བསྒྲུབ་པའི་གནས་སུ་བྱ། །མཎྜལ་ཟླ་ཁམ་བཅུ་དྲུག་གམ། །ཡང་ན་བཞིའམ་འབྲུབ་ཁུང་བཅས། །རང་རང་རིགས་དང་མཐུན་ནམ་གཅིག །ཝ་ཐོད་བཞི་ལ་རྩ་སྔགས་བཅས། །མཆོག་ཕུར་ལྕགས་ཕུར་ལྔ་རྣམས་སོ། །མར་ཁུ་ཞག་དང་སྦྲང་རྩི་རྣམས། །འོ་མ་ལ་སོགས་སྐྱོགས་བཞིའོ། །ཉུང་དཀར་ཉུང་ནག་ཟི་ར་དང༌། །སྐྱེ་ཚེ་ལ་སོགས་ཐུན་རྫས་བསག །གཞན་ཡང་སྨན་རཀ་གཏོར་མ་ལྔ། །མཁས་པས་ལེགས་པར་གསོག་པ་ཡིན། །དེ་ནས་ཏིང་འཛིན་བཅས་པ་ཡིས། །དཔའ་བོ་དཔའ་མོ་བསམ་པ་སྟེ། །རང་རང་རིགས་མཐུན་སྐུ་མདོག་ལ། །བསེ་ཁྲབ་རྒྱན་བཅས་ཕྱག་མཚན་ཡང༌། །ཞགས་པ་ཕུར་བུ་བསྣམས་པ་ནི། །ཆིབས་སམ་ཡང་ན་རྐྱང་པ་སྟེ། །བློན་མོ་ཡང་བློན་བཅས་པ་བསྐྱེད། །


JLAZ009_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲང་ལ་སོགས་གོང་བཞིན་ནོ། །དཔའ་བོའི་གསང་སྔགས་བཅས་པ་དང༌། །བར་དུ་བསྭེ་སྔགས་སྭཱ་ཧཱ་བཅས། །བཟླས་ལ་གོང་བཞིན་ནུས་པ་དབྲོག །བར་དུ་མཆོད་བསྟོད་གནད་ལ་དབབ། །བལ་མོ་ལ་སོགས་རྟགས་བྱུང་ནས། །དངོས་གྲུབ་བླངས་པས་ནུས་པ་ཐོབ། །དེ་ནས་གསད་པའི་ལས་བྱ་བ། །བྲུབ་ཁུང་ལིངྒར་བཅས་པའོ། །ཁྲོས་པས་ལས་བྱ་བསྭེ་མོ་དགུག །དེ་ཡང་མིང་པོའི་བླ་འགུགས་སྔགས། །དེས་ནི་ངེས་པར་ཁུགས་པ་ཡིན། །གསང་སྔགས་མཱ་ར་ཡ་བཅས་ལ། །བཟླས་པས་ཡང་སྤྲུལ་སུམ་སྤྲུལ་གྱིས། །ངེས་པར་གསད་པའི་ཏིང་འཛིན་བྱས། །གོང་བཞིན་དྲུག་དང་བཅུ་གཅིག་དང༌། །བཞི་བཅས་གནད་ལ་དབབ་པར་བྱ། །ཐུན་ཕབ་དགོངས་པ་གོང་བཞིན་ནོ། །ཕུར་གདབ་བསྲེག་འཕང་མནན་བྱས་ན། །ཉམས་པ་འཆི་འགྱུར་མཱ་ར་ཡ། །སྤོགས་དང་ཤི་སའི་མན་ངག་ནི། །མ་བྱུང་མཁས་པས་རབ་ཏུ་སྦྱར། །ཁ་སྐོང་མན་ངག་གཞན་དུ་གསུངས། །འདི་ནི་མན་ངག་ནང་ན་མཆོག །ཕུར་པའི་སྲུང་མ་མཐུ་ཆེན་ཡིན། །ཞེས་སོ། །ཚུལ་དེས་སྒོས་བསྒྲུབ་ཀྱི་ས་བཅད་ལེགས་པར་ཤེས་ཤིང༌། མིང་སྲིང་སོ་སོའི་སྙིང་པོ་སྐྱེ་རྒྱུད་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་བཤད་མ་ཐག་པས་སྟོན་པར་འགྱུར་ལ། དེའང་དམ་ཅན་སོ་སོའི་བསྙེན་པ་ཐེམ་ནས་གསད་པའི་ལས་ལ་འཇུག་ན།


JLAZ009_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གབ་པའི་སྔགས་ཀྱིས་ལས་བྱའོ། །ཞེས་པ་ལ་སོགས་པས་ཁ་འཕང་བ་ལྟར་ངན་སྔགས་ཉེ་བར་བསྙེན་པ་དང་འབྲེལ་དགོས་པས་དེའི་བཅའ་གཞི་རྣམས་ཚང་བར་བྱས་ལ། དམ་ཅན་མ་རང་རང་གི་མིང་པོའི་སྔགས་དང་སྦྲེལ་ནས་བླ་འགུགས་ཀྱི་དམིགས་པ་གཙོ་བོར་འདོན་པ་ལ་བསྒྲུབ་པ་ཆེན་པོ་ཞེས་བྱ་སྟེ། མ་མོ་རྣམ་གསུམ་འདུས་པ་ནི། །སྒྲུབ་པ་ཆེན་པོ་མཆོག་ཡིན་ཏེ། །དགྲ་བོའི་བླ་འགུགས་ཤེས་པར་བྱ། །གབ་སྔགས་མིང་རུས་ཐབས་སྔགས་ཆེན། །ངན་སྔགས་འདུས་པས་བསྒྲུབ་ཆེན་པོ། །གསད་པར་བྱ་བའི་རིམ་པ་ཡིན། །ཞེས་སྒྲུབ་པ་ཆེན་པོའི་ཡང་ཆེན་པོ་ངན་སྔགས་ཉེ་བར་བསྙེན་པ་ཡིན་ནོ། །དེ་ཡང་མིང་སྲིང་སོ་སོའི་སྒོས་སྒྲུབ་ནི་དམ་རྫས་ཚོགས་པར་དཀའ་ཞིང༌། རྩ་སྔགས་ཀྱང་རྣམ་གྲངས་མང་བས་འཛིངས་ཆེ་ལ་བསྒྲུབ་དཀའ། མ་མོ་གྲུབ་ཀྱང་ལས་མི་འདོད་པ་ལ་ཤི་ས་བསྟན་པ་དང༌། གིང་འགྲུབ་ཀྱང་འཁུ་ལྡོག་ཆེ་བ་ལ་ལོག་གནོན་གྱི་མན་ངག་དང༌། ཡི་གེ་འབྲུ་བཤིག་གི་སྡེབ་ལ་སོགས་པ་ནི། ཏིང་འཛིན་ལས་སུ་མི་རུང་བས་འཆུན་དཀའ་ལ་རྩུབ་ཅིང་བཀའ་གཉན་པས། ཕྱི་སྒྲུབ་ལག་ལེན་ལ་འདེབས་སླ་ཞིང༌། བཀྲ་ཤིས་པ་ཡིན་པས་ལོགས་སུ་བསྟན་པར་བྱའོ། །གལ་ཏེ་མིང་པོའི་སྒོས་སྒྲུབ་ཀྱི་ཁུངས་འདོད་ན་རྣལ་འབྱོར་ཆེན་པོའི་ལེའུ་བཅོ་ལྔ་པ་ལས་རྟོགས་པར་བྱ་ཞིང༌། དེ་བཞིན་དུ་སྤོགས་པའི་ཆོ་གའང་ལེའུ་བཅུ་


JLAZ009_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པས་གསལ་བར་བསྟན་ཀྱང༌། ལག་ལེན་ལ་འདེབས་ནུས་པའི་གང་ཟག་འཇིག་རྟེན་ན་དཀོན་པས་ཁྱབ་གདལ་དུ་སྤེལ་བའི་གནས་མ་ཡིན་ནོ། །བདག་ཉིད་འདུན་པ་ལྷོད་པ་མངོན་སྤྱོད་ཀྱང༌། །དོན་གཉེར་ཆེས་མང་རྒྱུད་དོན་ནུབ་ལ་སྐྱོ། །བསྟན་དོན་ལ་དམིགས་གསང་པོར་སྨྲས་ནའང༌། །ལྡོང་པའི་ཀུན་དཀྲིས་ཅན་ལ་དམ་དུ་སྦོས།། །།


previousཕུར་པ་རྒྱུད་ལུགས་ལས། ཕུར་སྲུང་ལྕམ་དྲལ་གྱི་གནད་ཡིག་དམ་ཅན་བླ་ཆགས།next