Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་དྲག་པོའི་སྦྱིན་སྲེག་རྟ་གདོང་རྔམས་ཞུགས།
   
   
   


 
previousརྡོོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་དྲག་པོའི་སྦྱིན་སྲེག་རྟ་གདོང་རྔམས་ཞུགས།next

རྡོོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་དྲག་པོའི་སྦྱིན་སྲེག་རྟ་གདོང་རྔམས་ཞུགས།


JLAZ009_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རྡོོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་དྲག་པོའི་སྦྱིན་སྲེག་རྟ་གདོང་རྔམས་ཞུགས་ཞེས་བྱ་བ་བཞུགས། །


JLAZ009_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཛྲ་ཀུ་མཱ་ར་ན་མ། ད་ནི་བསད་པའི་ལས་ཀྱི་མཐའ་བསྡུད་དྲག་པོའི་སྦྱིན་བསྲེག་གི་རིམ་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། རྡོ་རྗེ་བཀོད་པ་ལས། དེ་ནས་དཀྱིལ་འཁོར་བྱ་བ་ནི། །གྲུ་གསུམ་ཆ་ནི་མཉམ་པ་ལ། །དབུས་སུ་གྲུ་གསུམ་ཁྲུ་གང་བརྐོ། །ཁ་ཁྱེར་གསུམ་རྩེ་སོར་བཞིའི་ཚད། །མུ་ཁྱུད་ཟླུམ་པོ་སོར་གསུམ་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་པ། །བར་ཁྱམས་དང་ནི་སྒོ་བཞིར་བཅས། །ཕྱི་རིམ་མཐིང་ནག་མེ་རིས་བསྐོར། །ཞེས་དཀྱིལ་འཁོར་དང་འབྲེལ་བའི་དབང་དུ་བྱས་ནས་བཤད་ཅིང༌། དེ་ལ་ནི་དབུས་ཀྱི་ཆར་བུད་ཤིང་ཁྲུ་གང་བ་ཟུར་གསུམ་དུ་བརྩིགས་ནས་དེའི་ནང་དུ་ཐལ་ཆེན་དང༌། རོ་སོལ་དང༌། མ་ཧེའི་རུས་པ་དང༌། ཤི་སྐྲ་སོགས་འཇུག་པར་བཤད་པ་ཡིན་ནོ། །


JLAZ009_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་སྦྱིན་བསྲེག་ལ་སྒོ་རྫོགས་སྤང་བའི་མཐའ་མ་མཆིས་ཀྱང་བསྲེག་རྐྱང་དཀྱིལ་འཁོར་དང་མ་འབྲེལ་བའི་རིགས་ལ་རྡོ་རྗེ་ཁྲོས་པ་ལས། གནག་ཅིང་རྩུབ་པ་དྲག་པོའི་ཐབ། །རིམ་པ་གསུམ་ལྡན་ཞལ་གྱི་དབྱིབས། །ཞེས་པ་དང་མཐུན་པར་ཕུར་པའི་རྒྱུད་སྡེ་གཞན་པ་ནས། ས་གཞི་ཁ་དོག་ནག་པོ་ལ། །གྲུ་གསུམ་ཁྲུ་གང་ཐུར་དུ་བརྐོ། །ཞེས་དང༌། དེ་ལ་ཁ་ཁྱེར་གསུམ་དང་ལྡན། །ཟབས་དང་རྒྱར་ཡང་མཉམ་པ་ལ། །ཧོམ་ཁུང་སོར་ནི་བཞི་པར་བྱ། །དང་པོ་ལའང་ཐོད་པ་གསུམ། །བར་པ་དག་ལ་མཚོན་ཆ་ལྔ། །མཐའ་མར་རྩང་དམར་དག་གིས་བསྐོར། །ཞེས་པས། མངོན་སྤྱོད་ཀྱི་ལས་ལ་འབྲས་བུ་འབྱིན་པའི་སར། ས་ཡི་ཆོ་ག་ལེགས་པར་བྱ་ཞིང༌། གཞི་བདག་ལ་གཏོར་མ་བསྔོས་ཏེ་བདེན་ཚིག་གིས་བཀྲོལ། རྒྱལ་པོའི་


JLAZ009_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་དང་གཡུལ་གྱིས་ཕམ་པའི་ས་ལ་སྟེགས་བུ་གྲུ་གསུམ་པའི་རྩེ་མོ་ལྷོར་བལྟས་པ་བྱས་ལ་ཁྲག་དང་ཨ་མྲྀ་ཏས་ཆག་ཆག་གདབ་པའི་དབུས་སུ་རྒྱར་ཁྲུ་གང༌། ཟབས་སུ་ཁྲུ་གང་ངམ་ཕྱེད་ཆ་ཐུར་དུ་བྲུས་པ་ལ། རོ་སོལ་དང༌། ཐལ་ཆེན་དང༌། དུག་ཁྲག་སྣ་ཚོགས་པས་བྱུག །ཁ་ཁྱེར་སོར་བཞི་ཕྱིར་བསྐྱེད་པ་ལ་ཐོད་པ་ཚར་གསུམ་བྲི། དེ་ནས་སོར་བཞི་གྱེན་དུ་སློང་བ་ལ་ཁྲག་སྣ་ཚོགས་བྱུག །དེ་ནས་སྟེང་གི་ཆ་སོར་བཞི་ལ་མདུང་དང༌། རལ་གྲི། དགྲ་སྟྭ། མདའ། གཞུ་རྣམས་བྲི། དེའི་ཕྱི་ལྷ་གྲངས་དང་མཉམ་པའི་རྩང་དམར་གྱིས་བསྐོར། ཐབ་ཁུང་གི་དབུས་སུ་གཙོ་བོ་ཡབ་ཡུམ་གྱི་ཕྱག་མཚན་རྡོ་རྗེ་དང་ཐོད་པ་སྟེང་འོག་ཏུ་བྲི། གདུག་པ་ཅན་གྱི་ཤིང་རྣམས་ལ། །དྲག་པོའི་སྔགས་ཀྱིས་བཏབ་ནས་ཀྱང༌། །དབུས་ཀྱི་གྲུ་གསུམ་ནང་དུ་གཞུག །དམར་གཏོར་དང་ནི་ཉུང་ཀར་དང༌། །ལྕགས་ཕྱེ་དང་ནི་རྡོ་ཕྱེ་དང༌། །དུག་གཏོར་ལ་སོགས་འགྲམ་དུ་བཞག །གཟུགས་དང་མིང་རུས་ལ་སོགས་པ། །རལ་གྲིས་དུམ་བུར་གཏུབས་ནས་ནི། །བྷནྡྷའི་ནང་དུ་བཞག་པར་བྱ། །སྐྱེར་ཚེར་དང་ནི་མར་ཁུ་དང༌། །རོ་ཤུན་རས་ཀྱི་དེ་དག་བྱ། །ཞེས་དང༌། ཤ་ཁྲག་རུས་པ་གུ་གུལ་ནས། །དུག་ཁྲག་སྙིང་སྣ་ཚོགས་ཚད་རྣམས། །བྲའོ་མར་ཁུ་སྐྱེ་ཚེ་མར། །བོང་བུ་རྔ་མོའི་སྦངས་དང་ནི། །བྱ་རོག་འུག་པའི་ཤ་དང་བཅས། །རྔ་མོ་མ་ཧེ་གླང་གི་ཤ །ཆང་དང་མི་ཤ་ཉ་ཡི་ཤ །སྦལ་པ་ལྕོང་མོ་སྦྲུལ་གྱི་ཤ །བསྲེགས་པས་ལས་རྣམས་ཐམས་ཅད་འགྲུབ། །ཅེས་པ་


JLAZ009_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་གང་འགྲུབ་ཚོགས་པར་བྱ། ཚེར་མ་ཅན་དང༌། དུག་ཤིང༌། ཆུ་ཤིང༌། སྤྱང་ཤིང་ལ་སོགས་རེག་བྱ་རྩུབ་ལ་ཁ་དོག་ནག་པའི་བུད་ཤིང་ཟུར་གསུམ་པས་ཐབ་ཀྱི་ནང་དུ་ཟུར་གསུམ་དུ་གཅེར། གོང་དུ་ངན་སྔགས་ཉེ་བར་བསྙེན་པའི་ལིང་རོའི་སུམ་ཆ་བཞག་པ་ཡང་ཐབ་ནང་དུ་བཅུག །ཐོད་ངན་གྱི་སྣོད་དུ་དམར་གྱི་ཨརྒྷཾ། དུག་སྣ་ཚོགས་པའི་མེ་ཏོག །ཤ་ཆེན་གྱི་བསུར་དུད། ཞུན་ཆེན་གྱི་མར་མེ། ཙིཏྟའི་དཔལ་བཤོས། དུག་གཏོར། སྨན་རཀ་ལ་སོགས་པའི་མཆོད་རྫས་བཤམ། རབས་ཆད་ཀྱི་ཐོད་པར་གོང་གི་བསྲེག་རྫས་རྣམས་དང༌། དུམ་བུ་དྲུག་པའི་སྣོད་དུ་ལིངྒ་ཆུང་བ་མིང་རུས་ཅན་བརྒྱ་རྩ་བརྒྱད། མཆོག་ཆེན་གྱི་རྐང་པའི་དགང་བླུགས། ཞིང་ཕོ་མོ་ལས་བྱུང་བའི་སྦུད་པའམ། རོ་རས་ཀྱི་རླུང་གཡབ་ཀྱང་བསག་གོ །གཉིས་པ་ནི་རྒྱུད་ལས། ཡང་ན་དཀྱིལ་འཁོར་ཆེན་པོ་དང༌། །འབྲེལ་བ་ཉིད་དུ་བྱ་བ་ཡི། །དཀྱིལ་འཁོར་རྣམ་གསུམ་རྫོགས་པ་དང༌། །གང་ལ་དམིགས་པའི་ལིངྒ་ལ། །དགུག་གཞུག་ལས་རྣམས་ཤེས་པར་བྱ། །གཅད་དང་གཏུབ་དང་བཏབ་པ་རྣམས། །རྡོ་རྗེ་སྡེར་མོ་ལ་སོགས་བྱ། །དེ་ནས་མེ་ལྷ་སྤྱན་ཡང་དྲང༌། །ཞེས་པས། དང་པོ་ལྷ་བསྙེན་གཞུང་བསྲང་བཟླས་པའི་བར་དུ་བྱས་ལ། ཚོགས་ཀྱི་མཆོད་པ་བྱ། ཚོགས་ཐ་མའི་མལ་དུ་གདབ་ལས་ནི། སྤྲོ་ན་གསེར་སྐྱེམས་གཟུ་དཔང་བཏང༌། དེ་ནས། ཧཱུཾ། དམ་ཚིག་ཆེན་པོའི་དུས་ལ་བབ། །སྤྲུལ་པ་ཆེན་པོའི་དུས་ལ་བབ། །ཕྱག་བརྙན་ཆེན་པོའི་དུས་ལ་


JLAZ009_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

བབ། །ཤྭ་ན་མུ་ཁའི་དུས་ལ་བབ། །ས་བདག་ཆེན་མོའི་དུས་ལ་བབ། །བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་ཆིངས་ཤིག་རྣམ་པར་ཆིངས། །གཏོགས་ཤིག་སྲོག་དང་བྲལ་བར་གྱིས། །རིངས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ང་ཡི་དབང་དུ་གྱུར་ནས་ཀྱང༌། །བསྒོ་བའི་བཀའ་རྣམས་ཉན་པར་བྱོས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཆེ་གེ་མོ་ཧ་ས་ཡ་ར་ཧྲི་ཏ་ན་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། ཤི་ཀྲི་ཨ་ན་ཡཱ། ཤི་ཀྲི་ཨ་ན་ཡཱ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ། ཏ་ཐཱ་ཡ་ཏ་ཐཱ་ཡ། བྷནྡྷ་ཡ་བྷནྡྷ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཚེ་ལུང་ཁྲུས་ལུང་གི་དགོངས་པས། ཧཱུཾ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་སྒོམ། །ཨཱོཾ་ལཾ་ཧཱུཾ་ལཾ་སྟྭཾ་བྷ་ནན། མོ་ཧ་གྷ་ཡ་བྷ་ག་ཝན། ཤི་ཀྲི་བི་ཀྲི། ཤྲཱི་བཛྲ་ཧཱུཾ་ཀཱ་ར་ཧཱུཾ་ཕཊ། ཧཱུཾ། བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །དུས་གསུམ་


JLAZ009_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་རྣམས་ལ་ནི། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པ་དང༌། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང༌། །ལུས་ངག་རྡུལ་དུ་བཤིག་ནས་ཀྱང༌། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཁྲོ་བཅུའི་བསྒྲལ་དམིགས་དང་ལྡན་པས། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཧ་ན་ཧ་ན་ཧཱུཾ་ཕཊ། ད་ཧ་ད་ཧ་ཧཱུཾ་ཕཊ། པ་ཙ་པ་ཙ་ཧཱུཾ་ཕཊ། མ་ཐ་མ་ཐ་ཧཱུཾ་ཕཊ། ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། སུ་རུ་སུ་རུ་ཧཱུཾ་ཕཊ། མུ་རུ་མུ་རུ་ཧཱུཾ་ཕཊ། ཀ་ཏང་ཀ་ཏེ་ཡ་ཧཱུཾ་ཕཊ། ཛ་ཡེ་བི་ཛ་ཡེ་ཧཱུཾ་ཕཊ། ཨ་ཙི་ཏ་ཨ་པ་ར་ཙི་ཏ་མ་ར་ས་ནི་པྲ་མརྟ་ནི་ཡེ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཁྲོ་མོ་བཅུ་ཡི་བསྒྲལ་དམིགས་ཀྱིས། །ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་མཛོད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ པ་ར་བིག་ཏན་ཧཱུཾ་ཕཊ། ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། བིནྡྷ་བིནྡྷ་ཧཱུཾ་ཕཊ། གྷྲི་ཧ་ན་གྷྲི་ཧ་ན་ཧཱུཾ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། བྷནྡྷ་བྷནྡྷ་ཧཱུཾ་ཕཊ། སརྦ་ཨ་ན་ཡ་


JLAZ009_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་ཕཊ། ཏ་ཐཱ་ཡ་ཏ་ཐཱ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། སྒོ་མ་བཞིའི། ཧཱུཾ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་ལྟར་དམ་བཅས་པའི། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །བསད་གྲིས་ཉ་བོ་གཏུབ་ཅིང༌། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ མ་ཐ་མ་ཐ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། སུ་རུ་སུ་རུ་བཛྲ། མུ་རུ་མུ་རུ་བཛྲ། སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཐུན་དབབ་པ་ནི། ཧཱུཾ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་བ་བརྒྱ་རུ་ཁོས། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཀ་ཏང་ཀ་ཏེ། ཛ་ཡེ་ཏ་བི་ཛ་ཡེ་ཏ། ཨ་ཙི་ཏེ། ཨ་པ་ར་ཙི་ཏེ། མ་ར་སྱཻ་ན་པྲ་མརྟ་ནི་ཡེ་ཧཱུཾ་མ་མ་པཱ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ནན་དྷ་ཏི་མ་མ་ཀརྨཱ་ཤྲི་ཀྲཾ་ཀ་ཏེ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། གཏུན་དུ་བརྡུང་བ་ནི། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློག །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུངས་བྱས་ནས། །ལྷ་ཡང་རུང་སྟེ་བརླག་


JLAZ009_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །ཁ་ཐམ་ཁ་ཐམ་ཞེས་ཉི་ཤུ་རྩ་གཅིག་བརྗོད། ཞལ་དུ་བསྟབ་པ་ནི། ཧཱུཾ། བདག་ཉིད་ཆེན་མོའི་དུས་ལ་བབ། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །ང་ཡི་དབང་དུ་གྱུར་ནས་ཀྱང༌། །བསྒོ་བའི་བཀའ་ནི་ཉན་པར་བྱོས། །ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨཱོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི། ཧ་ཧ། ཞེས་བརྗོད་ལ། ལིངྒ་རྣམས་བསྲེག་རྫས་ཀྱི་གཙོ་བོར་བཞག་གོ །དེ་ནས་རྣལ་འབྱོར་པ་རྣམས་ཁྲོས་པའི་སེམས་ཀྱི་ཁ་ལྷོར་ཕྱོགས་གདོང་ལ་ཐལ་ཆེན་བྱུགས། སྟན་ནག་པོའི་སྟེང་མངོན་སྤྱོད་ཀྱི་ཆས་སུ་ཞུགས་ལ། གདོལ་ཤན་ནམ། དུར་ཁྲོད་ལས་བྱུང་བའི་མི་རོ་སྐྲ་དང་བཅས་པའི་དཔལ་འབར་གྱིས་སྦར་ཞིང༌། རླུང་གཡོབ་དང་བཅས། ཛཿཧཱུཾ་བཾ་ཧོཿ ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་བརྗོད་པས་རཾ་དམར་ནག་གཅིག་ཏུ་གྱུར། དེ་ཡོངས་སུ་གྱུར་པ་ལས། ཧཱུཾ། གྲུ་གསུམ་མེ་ཡི་དཀྱིལ་འཁོར་ན། །དྲང་སྲོང་ཆེན་པོ་མེ་ཡི་ལྷ། །ཆིབས་སུ་ར་སྐྱེས་ཁམ་པ་ཆིབས། །སྐུ་ལ་མེ་ཡི་སློག་པ་གསོལ། །ཞལ་གསུམ་ཕྱག་དྲུག་ཁྲོ་ཚུལ་སྟོན། །སྐུ་མདོག་འདོད་དགུར་བསྒྱུར་མཛད་ཅིང༌། །ཕྱག་དྲུག་མཛེས་པའི་མཚོན་ཆ་ནི། །གུནྡྷེ་མེ་ཐབ་བགྲང་ཕྲེང་དང༌། །སྤྱི་བླུགས་སྐྱབས་སྦྱིན་ཕུར་བུ་བསྣམས། །རྡོ་རྗེ་ཕུར་པའི་ཞབས་དང་ལྡན། །དུས་གསུམ་རྒྱལ་བའི་སྐུ་བསྙེས་པ། །གདུག་བྱེད་དྲག་


JLAZ009_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མེ་ཡི་ལྷ། །གདུག་པའི་ཚོགས་ཀུན་སྲེག་པར་བྱེད། །གང་ཡིན་ཞིང་བཅུ་འཚིག་པར་མཛོད། །ཧཱུཾ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །སྟེང་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་མདའ་གཞུ་རང་འགེངས་བསྣམས། །གཡོན་པ་མེ་ཡི་ཕུང་པོ་འབར། །དཀར་བའི་ཞལ་ནི་གཏིང་ནས་མཐིང༌། ། བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུཾ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ཤར་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་འཁོར་ལོ་དཀར་པོ་བསྣམས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །སྐུ་མདོག་དཀར་པོ་ཤིན་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུཾ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ཤར་ལྷོ་འབར་བ་མེ་ཡི་ལྷ། །ཕྱག་གཡས་དགྲ་སྟྭ་རབ་ཏུ་འདེབས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །དམར་སྔོ་སྐུ་མདོག་རབ་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་


JLAZ009_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུཾ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ལྷོ་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་དགྲ་སྟྭ་རབ་ཏུ་འདེབས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །སྐུ་མདོག་སྔོན་པོ་ཤིན་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་བུས་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུཾ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ལྷོ་ནུབ་འབར་བ་མེ་ཡི་ལྷ། །ཕྱག་གཡས་རལ་གྲི་རབ་ཏུ་འདེབས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །ལྗང་སྔོན་སྐུ་མདོག་རབ་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུཾ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ནུབ་ཕྱོགས་འབར་བ་མེ་ཡི་ལྷ། །གཡས་པས་སྤུ་གྲིའི་རབ་ཏུ་གཅོད། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །སྐུ་མདོག་དམར་པོ་རབ་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་


JLAZ009_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུཾ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །ནུབ་བྱང་འབར་བ་མེ་ཡི་ལྷ། །ཕྱག་གཡས་རྔུལ་གཡབ་བ་དན་བསྣམས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །སྐུ་མདོག་དམར་སྐྱ་ཤིན་ཏུ་གསལ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུཾ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །བྱང་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་རྒྱ་གྲམ་རབ་ཏུ་འཛིན། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །ལྗང་ནག་ཤིན་ཏུ་གསལ་བའི་སྐུ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུཾ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །བྱང་ཤར་འབར་བ་མེ་ཡི་ལྷ། །གཡས་པ་ཁ་ཊྭཱཾ་རྩེ་གསུམ་བསྣམས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །ལྗང་སེར་ཤིན་ཏུ་གསལ་བའི་སྐུ། །བུས་ཤིག་བུས་ཤིག་མེ་བུས་


JLAZ009_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཧཱུཾ། ཕྱོགས་སྐྱོང་རྒྱལ་པོ་མེ་ཡི་ལྷ། །འོག་ཕྱོགས་འབར་བ་མེ་ཡི་ལྷ། །ཕྱག་གཡས་ཐོ་བ་གཏུན་ཤིང་བསྣམས། །གཡོན་པ་མེ་ཡི་ཕུང་པོ་བསྣམས། །དུད་ཁ་ཤིན་ཏུ་གསལ་བའི་སྐུ། །བུས་ཤིག་བུས་ཤིག་མེ་བུས་ཤིག །རྒྱ་མཚོའི་གཏིང་ནས་མེ་ལོང་ལ། །རི་རབ་རྩེ་ནས་མེ་བུས་ཤིག །ཉམས་པ་གང་ཡིན་འཚིག་པར་མཛོད། །འབྱུང་པོ་གང་ཡིན་འཚིག་པར་མཛོད། །ཞེས་པས་གསལ་གདབ་པ་ནི། སྦྱིན་བསྲེག་གི་ལས་ལ་དབང་བའི་དོན་དུ་མེ་ལྷ་ལྷར་ཤེས་པའི་དགོངས་པ་སྟེ། རྒྱུད་ལས། རྣམ་གསུམ་མཆོད་པ་ལྷ་ལ་འབུལ། །མཉེས་པ་ལྷ་ཡིས་དངོས་གྲུབ་སྟེར། །ལྷ་ཡང་དྲག་པོ་མེ་ཡི་ཆས། །རབ་ཏུ་འབར་བའི་ནང་ན་བཞུགས། །ཞེན་པའི་དོན་ནོ། །དེ་ནས་སྤྱན་དྲང་བ་ནི། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་མེ་ཡི་རྒྱལ་པོ་ཆེ། །བསྲེག་བླུགས་ཞལ་ཟས་བཞེས་སུ་གསོལ། །འབར་བའི་གདན་ལ་བཞུགས་ནས་ཀྱང༌། །ལས་རྣམས་འགྲུབ་པར་མཛད་པ་དང༌། །དངོས་གྲུབ་ཚུལ་བཞིན་སྩལ་དུ་གསོལ། །ཨགྣ་ཡེ་རཱ་ཛ་ས་མ་ཡ་ཛཿ ཞེས་དང༌། ཛཿཧཱུཾ་བཾ་ཧོཿས་བསྟིམ།


JLAZ009_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཨཉྫ་ལ་ནཱཾ་ཨཱཿཧཱུཾ་གིས་ཞལ་བསིལ་དབུལ། དེ་ནས་སྣུམ་ཆེན་གྱི་དགང་བླུགས་གསུམ་དབུལ་ཞིང༌། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ། བྷ་ཧ་མ་ན་ཡེ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་དང༌། བསྲེག་རྫས་རྣམས། ཨགྣ་ཡེ་ཛྭ་ལ་རཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་རིམ་པ་བཞིན་དུ་དབུལ་རྗེས་སྣུམ་ཆེན་གྱི་དགང་བླུགས་གསུམ་ཕུལ་རྗེས་བསྟོད་པ་ནི། ཧཱུཾ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །དྲང་སྲོང་ཆེན་པོའི་ཆ་བྱད་ཅན། །ཚངས་པའི་སྐུད་པས་རབ་དགེ་བ། །རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །ཞལ་གསུམ་ཕྱག་དྲུག་ཁྲོ་ཚུལ་སྟོན། །སྐུ་མདོག་འདོད་དགུར་བསྒྱུར་མཛད་ཅིང༌། །ཕྱག་དྲུག་མཛེས་པའི་མཚོན་ཆ་ནི། །གུནྡྷེ་མེ་ཐབ་བགྲང་ཕྲེང་དང༌། །སྤྱི་བླུགས་སྐྱབས་སྦྱིན་ཕུར་བུ་བསྣམས། །རྒྱུད་དྲུག་རྩད་ནས་གཅོད་ལ་བསྟོད། །རྡོ་རྗེ་ཕུར་པའི་ཞབས་དང་ལྡན། །ཆུ་སྐྱེས་ཉི་མའི་སྟེང་ན་བཞུགས། །དག་བྱེད་ར་ཡི་བསྟན་ལ་འདུག །བདུད་རྣམས་འདུལ་ལ་བདག་བསྟོད་དོ། །ཞེས་དང༌། དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་དགྲ་བོ་བརླག་པར་མཛོད། །ཅེས་ཕྲིན་ལས་བཅོལ། དེ་ནས་ལས་ཀྱི་དངོས་གྲུབ་ཐོབ་པའི་ཕྱིར། མེ་ལྷ་ཉིད་ཡེ་ཤེས་ལྷའི་ཕོ་བྲང་དུ་ཤེས་པར་བྱས་ནས་མངོན་སྤྱོད་ཀྱི་ལས་བསྒྲུབ་པ་ནི། ལས་ཆུས་བསང་


JLAZ009_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས། །རཀྟ་རྒྱ་མཚོ་ཆེན་པོ་འཁྱིལ་བའི་ཀློང༌། །ཞེས་པ་ནས། ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཅེས་ཞི་བའི་སྦྱིན་སྲེག་ལྟར་དང༌། དེ་ནས་དགང་བླུགས་དབུལ་བ་ནི། ཁྲག་འཐུང་གི་ལྷ་ཚོགས་རྣམས་ཞལ་ཧོམ་ཁུང་ལྟ་བུར་གདངས་པའི་ནང་དུ་གནོད་བྱེད་དགྲ་བགེགས་ཀྱི་ངོ་བོ་བསྲེག་བླུགས་ཀྱི་རྣམ་པར་ཕུལ་བས་དགྱེས་པའི་གད་མོས་སྲིད་གསུམ་ཐམས་ཅད་ཀྱང་གཡོ་ཞིང་འདར་བར་གྱུར། སྣུམ་ཆེན་གྱི་དགང་བླུགས་དབུལ་ཞིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿསརྦ་བིག་ནན་བཾ་ཧཱུཾ་ཕཊ། ལན་བདུན་མཐར། སརྦ་ཤ་ཏྲཱུཾ་ཆེ་གེ་མོ་ཨ་མུ་ཀ་བཛྲ་རཱུ་པ་མཱ་ར་ཡ་ཕཊ། ལན་གསུམ་གྱིས་བསྐོར་ནས་དབུལ། དེ་ནས་བསྲེག་རྫས་དབུལ་བ་ནི། ཧཱུྃ། འབྱུང་པོའི་ཤ་ནི་ཟན་བས་ཞིམ། །གཏི་མུག་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་འབུལ་གྱིས། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །འབྱུང་པོའི་ཁྲག་ནི་ཆང་བས་ཞིམ། །འདོད་ཆགས་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་འབུལ་གྱིས། །གསུང་གི་དངོས་གྲུབ་སྩལ་དུ་གསོལ། །འབྱུང་པོའི་བརླ་རྐང་མར་བས་ཞིམ། །ཞེ་སྡང་མཆོད་པ་བླ་ན་མེད། །བླ་མེད་མཆོད་པ་འདི་འབུལ་གྱིས། །ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དུག་


JLAZ009_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཆོད་པ་བླ་ན་མེད། །སྦྱིན་སྲེག་མཆོད་པ་འདི་འབུལ་གྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཧཱུཾ། མེ་ཡི་རྒྱལ་པོ་ཁྲོ་བོའི་སྐུ། །འུར་འུར་ཆེམ་ཆེམ་འབར་བའི་འོད། །ཁམས་གསུམ་འཁོར་བ་གཞོམ་པ་དང༌། །ཉོན་མོངས་ལོག་ལྟ་བསྲེག་པའི་ཕྱིར། །ཡེ་ཤེས་མེ་ཆེན་འབར་བ་ཡིས། །འཁོར་བའི་བག་ཆགས་བསྲེག་པ་དང༌། །དངོས་གྲུབ་འཚེ་བའི་གདུག་པ་ཅན། །ཁྲོ་རྒྱལ་འབར་བའི་མེ་ལ་བསྲེག །ཅེས་བརྗོད་ལ། སྣུམ་ཆེན་རེ་དང༌། ཡམ་ཤིང་དང༌། ལིངྒ་དང༌། བསྲེག་རྫས་རྣམས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཛྭ་ལ་རཾ་མཱ་ར་ཡ་སརྦ་བིག་ནན་བཾ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་སྔགས་རེ་དང་བསྟུན་རྗེས། ཕྲིན་བཅོལ་ནི། ཧཱུཾ། སངས་རྒྱས་བསྟན་པ་བཤིག་པ་དང༌། །དཀོན་མཆོག་སྐུ་དགྲ་དབེན་རྩ་འཇོམས། །ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ། །རྣལ་འབྱོར་འཇོམས་པ་ལ་སོགས་པ། །བསད་དང་དབབ་དང་ནད་ངན་གྱིས། །ཇི་ནས་བརླག་པར་ཁྱོད་ཀྱིས་གྱིས། །ཞེས་བརྗོད། དེ་བཞིན་དུ། རྫས་སྣ་བཞི་པོའི་མཐར། ཧཱུཾ། སངས་རྒྱས་བསྟན་པ་བཤིག་པ་དང༌། །ཞེས་པ་ནས། ཇི་ནས་བརླག་པར་ཁྱེད་ཀྱིས་གྱིས། །ཞེས་པའི་བར་ཚར་ཉི་ཤུ་དང༌། དེ་ནས་ཁྲོ་བཅུ་སྤྲུལ་པ་དང་བཅས་པ་ལ་འབུལ་བ་ནི། ཧཱུཾ། སྟེང་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་


JLAZ009_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཆེན་པོ་ཧཱུཾ་མཛད་དང༌། །ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ། །སྤྲུལ་པ་ཕག་དང་སྨིག་བུའི་མགོ །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེངས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་ཧཱུཾ་ཕཊ། ཨགྣ་ཡེ་ཆེ་གེ་མོ་ཛྭ་ལ་རཾ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། དམོད་བཅོལ་ནི། ཧཱུཾ། གདུག་ཅིག་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །ཧཱུཾ། ཤར་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་རྡོ་རྗེ་རྣམ་པར་རྒྱལ། །ཡུམ་ཆེན་རྡོ་རྗེ་སྙེམས་མ་དང༌། །སྤྲུལ་པ་སྟག་དང་བྱ་རྒོད་མགོ །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་གོང་བཞིན་རྫས་སྣ་བཞི་པོ་ལན་ལྔའི་མཐར། དམོད་བཅོལ་ནི། ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་


JLAZ009_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །ཧཱུཾ། ལྷོ་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད། །ཡུམ་ཆེན་རྡོ་རྗེ་དུར་ཁྲོད་དང༌། །སྤྲུལ་པ་དྲེད་དང་བྱི་ལའི་མགོ །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུཾ་པ་ཙ་པ་ཙ་ཧཱུཾ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། དམོད་བཅོལ་ནི། ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །ཧཱུཾ། ནུབ་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་རྒྱལ་པོ་རྟ་མགྲིན་དབང༌། །ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང༌། །སྤྲུལ་པ་བྱི་ལ་པུ་ཤུད་མགོ །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧྲཱིཿ ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ།


JLAZ009_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དམོད་བཅོལ་ནི། ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །ཧཱུཾ། བྱང་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ། །ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ། །སྤྲུལ་པ་སེང་གེ་ཕ་ཝང་མགོ །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། དམོད་བཅོལ་ནི། ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །ཧཱུཾ། ཤར་ལྷོ་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན། །ཡུམ་ཆེན་རྡོ་རྗེ་སྡེར་མོ་དང༌། །སྤྲུལ་པ་གཡག་དང་བྱ་རོག་མགོ །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །


JLAZ009_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུཾ་ད་ཧ་ད་ཧ་ཧཱུཾ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། དམོད་བཅོལ་ནི། ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །ཧཱུཾ། ལྷོ་ནུབ་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཆེན་པོ་མི་གཡོ་མགོན། །ཡུམ་ཆེན་རྡོ་རྗེ་གཏུན་ཁུང་དང༌། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུཾ་བྷནྡྷ་བྷནྡྷ་ཧཱུཾ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། དམོད་བཅོལ་ནི། ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །ཧཱུཾ། ནུབ་བྱང་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཆེན་པོ་གཞན་ལས་རྒྱལ། །ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ །


JLAZ009_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙི་ཏ་ཧཱུཾ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། དམོད་བཅོལ་ནི། ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །ཧཱུཾ། བྱང་ཤར་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ། །ཡུམ་ཆེན་རྡོ་རྗེ་གསོད་མ་དང༌། །སྤྲུལ་པ་དོམ་དང་སྲེ་མོའི་མགོ །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུཾ་བིནྡྷ་བིནྡྷ་ཧཱུཾ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། དམོད་བཅོལ་ནི། ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་


JLAZ009_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

པོས་མྱུར་དུ་སྒྲོལ། །ཧཱུཾ། འོག་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ། །ཡུམ་ཆེན་རྡོ་རྗེ་བསྐྱོད་མ་དང༌། །སྤྲུལ་པ་དྲེད་དང་བྱི་བའི་མགོ །ཡང་སྤྲུལ་དམ་ཅན་ཚོགས་བཅས་ལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུཾ་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ། ཨགྣ་ཡེ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཚར་རེ་དང་རྫས་སྣ་བཞི་སྤེལ་བ་ལན་ལྔ་འབུལ། དམོད་བཅོལ་ནི། ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །ཧཱུཾ། ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །པུ་ཤུད་མགོ་ཅན་ལ་སོགས་པ། །ཕྲིན་ལས་ཤུགས་ཀྱིས་གྲུབ་པའི་ལྷ། །ཡེ་ཤེས་སྒོ་མ་ཆེན་མོ་བཞི། །གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །ཕྲིན་ལས་དྲག་པོས་གདུལ་ཕྱིར་དུ། །བསྲེག་རྫས་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བིད་ཡ་བིད་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་ཧྲིང་ཧྲིང་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ཨགྣ་


JLAZ009_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཆེ་གེ་མོ་ཛྭ་ལ་རཾ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ལན་བཞི་འབུལ་རྗེས། དམོད་བཅོལ་བ་ནི། ཧཱུཾ། གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །སླར་ཡང་འདོད་པའི་ཕྲིན་ལས་བསྒྲུབ་པའི་ཕྱིར་མེ་ལྷ་ཕྱག་ཚང་བར་ཤེས་ནས། མཆོད་པ་ནི། མེ་ལྷའི་རྣམ་པ་དེ་ཉིད་ལོགས་སུ་ཕྱེ་ནས་བསྲེག་རྫས་འབུལ་བའི་ལས་མཛད་པར་བསམས་ལ། བུད་ཤིང་བསྣན། བསང་ཆུ་གཏོར། སྣུམ་ཆེན་གྱི་དགང་བླུགས་གསུམ་དབུལ་བ་དང་ཆབས་གཅིག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུཾ་བཾ་ཧོཿ ཨགྣ་ཡེ་པཱུ་ཙ་ཁཱ་ཧི་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཅེས་གསུམ་གྱིས་མེ་ལྷ་གཟི་མདངས་བསྐྱེད། སྔར་བཞིན་བསྲེག་རྫས་བཞི་པོ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ། ཨགྣ་ཡེ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་ཚར་ཉི་ཤུ་ཐམ་པས་འབུལ་རྗེས། ཧཱུཾ། སངས་རྒྱས་བསྟན་པ་བཤིག་པ་དང༌། །དཀོན་མཆོག་སྐུ་དགྲ་དབེན་རྩ་འཇོམས། །ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ། །རྣལ་འབྱོར་འཇོམས་པ་ལ་སོགས་པ། །བསད་དང་ནན་དང་ནད་ངན་གྱིས། །ཇི་ནས་བརླག་པར་ཁྱེད་ཀྱིས་གྱིས། །ཞེས་འདོད་དོན་གསོལ། དེ་བཞིན་དུ་ཁྲོ་བཅུ་སོ་སོ་དང༌། སྒོ་མ་བཞི་པོ་ལ་ལན་རེ་ཕུལ་མཐར།


JLAZ009_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ་གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་གནོད་སྦྱིན་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །མངོན་སྤྱོད་དྲག་པོས་མྱུར་དུ་སྒྲོལ། །དམོད་བཅོལ་བྱ། དེས་རཱུ་པ་བརྒྱ་རྩ་བརྒྱད་རྫོགས་པར་འགྱུར་ལ། དེ་ཡང་རྫས་མང་ཞིང་རཱུ་པ་ཉུང་བ་དང༌། རཱུ་པ་མང་ཞིང་རྫས་ཉུང་བ་དང༌། མེ་ལྷག་ཅིང་རྫས་ཟད་པ་དང༌། བསྲེག་རྫས་ལྷག་ཅིང་མེ་ཟད་པ་དང་བཞི་པོ་ནི་མངོན་སྤྱོད་ཀྱི་ལས་འདིའི་བར་གཅོད་ཀྱི་རྒྱུ་ཡིན་པས། ཐམས་ཅད་མཉམ་རྫོགས་ཡོང་བར་བྱའོ། །དེ་ནས་སྨན་གཏོར་རཀྟ་སོགས་འབུལ་བ་ནི། ཧཱུཾ། སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང༌། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །སྒྲོན་མ་ལྔ་དང་བདུད་རྩི་ལྔ། །རྒྱུད་ལྔ་དུག་ལྔ་འཇོམས་པའི་བདུད། །ཡེ་ཤེས་ལྔ་པོ་གྲུབ་པའི་རྩི། །འཆི་བ་མེད་པའི་དམ་རྫས་ཆེ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གཏོར་མ་ནི། ཧཱུཾ། ཧེ་རུ་ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་


JLAZ009_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ཚོགས་ལ་འབུལ། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །མ་ཧཱ་བ་ལིངྟ་ཁཱ་ཧི། རཀྟ་ཚར་གསུམ་ནི་ཕུད་དང་རཀྟ་བསྲེས་ལ་དང་པོ་བཀའ་བསྒོ་བའི་ཕྱིར་ཕུལ། ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །རེགས་པར་ཁུག་ལ་སྨྲར་ཆུག་ཅིག །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང༌། །བསྒོ་བའི་བཀའ་ལ་ཉན་པར་བྱོས། །མ་ཧཱ་རཀྟ་ཁཱ་ཧི། གཉིས་པ་དམ་ཅན་གནད་དུ་དབབ་པའི་ཕྱིར་འབུལ་བ་ནི། ཧཱུཾ། བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །སྔོན་ཆད་ཇི་བཞིན་བཅས་པ་ཡིས། །མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད། །མ་ཧཱ་རཀྟ་ཁཱ་ཧི། གསུམ་པ་མཐུ་དང་རྫུ་འཕྲུལ་འཕྲོག་པའི་ཕྱིར་འབུལ་བ་ནི། ཧཱུཾ། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷའམ་འོན་ཏེ་བདུད་ཀྱང་རུང༌། །ང་ལ་བར་ཆད་བྱེད་པ་རྣམས། །མཐུ་དང་རྫུ་འཕྲུལ་མེད་པར་ཤོག །མ་ཧཱ་རཀྟ་ཁཱ་ཧི། གཏུན་དུ་བརྡུང་བ་ནི། ཧཱུཾ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །བཀའ་ལས་འདའ་བྱེད་སྡིག་ཅན་


JLAZ009_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །རྡོ་རྗེ་མེ་དབལ་སྙིང་བསྲེག་ནས། །ལུས་ངག་རྡུལ་ཕྲན་བཞིན་དུ་རློགས། །ཁྲོ་མོ་འབར་བའི་གཏུན་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་ནས། །ལྷ་ཡང་རུང་སྟེ་བསྒྲལ་བར་གྱིས། །ཁ་ཐཾ་ཁ་ཐཾ་ཁ་ཐཾ། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཧ་ཧ་ཧ། ཧཱུཾ། སྣང་སྲིད་ཐམས་ཅད་ཕུར་པའི་རང་བཞིན་ལ། །ཁམས་གསུམ་འཁོར་བ་མིང་ཡང་མི་གྲགས་ཀྱང༌། །རྒྱལ་བའི་རྫུ་འཕྲུལ་ཆེན་པོ་བསྟན་པའི་ཕྱིར། །རྡོ་རྗེ་མངོན་སྤྱོད་ཕྲིན་ལས་མཛད་ལ་བསྟོད། །ཅེས་བསྟོད་ནས་བདག་ཉིད་གསོ་བའི་ཕྱིར་བསྐྱེད་རིམ་གསལ་ལ་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླ། གཏང་རག་གི་དོན་དུ་ཚོགས་ཀྱི་མཆོད་པ་དབུལ། མ་འབྱོར་བ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཡིག་བརྒྱས་བཤགས། རྩ་སྔགས་ཀྱིས་དགང་བླུགས་གསུམ་ཕུལ་ལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཡེ་ཤེས་པ་རྣམས་ཐུགས་ཀར་བསྡུ། ཨོཾ་ཨགྣེ་ཡེ་སྭཱ་ཧཱས་མེ་ལྷ་ལ་དགང་བླུགས་ཀྱི་གཏང་རག་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གཏོར་མ་དབུལ་ཞིང་ཕྲིན་ལས་བཅོལ།


JLAZ009_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་མུཿ མེ་ལྷ་རང་གནས་སུ་གཤེགས། དུག་ཁྲག་གི་ཆུས་མེ་ཅིག་ཅར་དུ་གཞིལ་ལ་ཐལ་བ་ལ་ཟོར་དང་མནན་པའི་ལས་བྱའོ། །ཕན་ཡོན་ནི་རྩ་རྒྱུད་ལས། མངོན་སྤྱོད་ཕྲིན་ལས་ཉེར་བསྡུ་བ། །མཐིང་ནག་གྲུ་གསུམ་དཀྱིལ་འཁོར་དུ། །སྦྱིན་བསྲེག་དྲག་པོའི་ལས་བསྟན་པ། །རྫོགས་པའི་དུས་དེ་ཉིད་ལ་ཡང༌། །གནོད་པའི་དགྲ་བགེགས་མེད་བྱས་ནས། །ཡེ་ཤེས་ལྷུན་གྲུབ་ཉིད་དུའོ། །ཞེས་སོ། །རྡོ་རྗེ་ཕུར་པའི་རྒྱུད་སྡེ་རྒྱ་མཚོ་དང༌། སྔོན་གྱི་ཕུར་པ་མཁན་པོ་རྣམས་ཀྱི་གཞུང་ལ་ལེགས་པར་དཔྱད་ནས་དཔལ་ལྡན་པདྨ་འོད་གླིང་དུ་བཀོད་པའོ།། །།


previousརྡོོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་དྲག་པོའི་སྦྱིན་སྲེག་རྟ་གདོང་རྔམས་ཞུགས།next