Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལས། དབང་གི་སྤྱི་དོན་སྙིང་པོ་དོན་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལས། དབང་གི་སྤྱི་དོན་སྙིང་པོ་དོན་གསལ།next

ཀློང་ཆེན་སྙིང་གི་ཐིག་ལེ་ལས། དབང་གི་སྤྱི་དོན་སྙིང་པོ་དོན་གསལ།


JLAZ010_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་སྙིང་གི་ཐིག་ལེ་ལས། དབང་གི་སྤྱི་དོན་སྙིང་པོ་དོན་གསལ་བཞུགས། །


JLAZ010_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ཞེས་བྱ་བ། དྲི༵་མེ༵ད་སངས་རྒྱས་ཀུན་ཀྱི་ཡེ་ཤེས་ནི། །ཀུན་འབྱུང་ཁམས་ལས་གྲོལ་བའི་འོ༵ད་ཟེ༵ར་ཅན། ། གྲ༵གས་ཆེ༵ན་ཞིང་ཁམས་རྒྱ་མཚོའི་སྟོན༵་པ༵་རུ། །མངའ་དབང་རྫོགས་པ་བཅུ་གཉིས༷་སྤྱི་བོས་བསྙེན། །སློབ་མ་རྗེས་སུ་འཛིན་པའི་ཆོ་ག་འདིས་དབང་ཐམས་ཅད་ཀྱི་ཁོག་དབུབ་པར་བྱ་སྟེ། དེ་ལ་སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་བཞི། ས་ཆོག་ཐིག་ལེས། སྟ་གོན། རེ་ཁཱ་འབྱེད་པའོ། །དང་པོ་ས་ཆོག་ནི། གཞི་དེར་མཎྜལ་ཟླུམ་པོ་ཁྲུ་གང་བ། བ་བྱུང་དང་དྲིས་བྱུགས་པར་མེ་ཏོག་གི་ཚོམ་བུ་བཀོད། དེའི་མདུན་དུ་ཆུ་གཅིག་སྔོན་དུ་འགྲོ་བའི་མཆོད་པ་ལྔ། སའི་ལྷ་མོ་དང༌། གཉུག་མར་གནས་པ་སོ་སོ་ལ་གཏོར་མ་རེ་བཤམ། བདག་གི་རྣལ་འབྱོར་དང་ལྡན་པས་བསང་སྤྱངས། འབྲུ་གསུམ་གྱི་བྱིན་གྱིས་བརླབས། སེ་གོལ་


JLAZ010_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་དང་བཅས། པྲི་ཐཱི་དྷི་ཝཱི་ས་མཱ་ཛཿ ཞེས་བརྗོད་པས་སའི་ལྷ་མོ་སེར་མོ་བུམ་པ་འཛིན་པ་དོ་ཤལ་དང་རྐང་གདུབ་ཀྱི་སྒྲ་སྒྲོགས་པ་ས་བདག་ཀླུ་གཉན་གྱི་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་པྲི་ཐཱི་དྷི་ཝཱི་ཨརྒྷཾ། པུཥྤེ་སོགས་ཀྱིས་མཆོད། སྐྱོབ་པས་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །བདག་རྡོ་རྗེ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ས་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེང་གིས། སའི་ཕྱོགས་འདི་བདག་ལ་


JLAZ010_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བར་མཛོད་ཅིག །ཅེས་བརྗོད་པས། དེས་ཀྱང་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་བྱོས་ཤིག །ཅེས་གནང་བ་བྱིན་པར་བསམ། གཉུག་མར་གནས་པ་ལ་ཨ་ཀཱ་རོ་མུ་སོགས་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ། །ཅེས་དང་སྤྲོ་ན། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱང་བརྗོད། བཛྲ་མུས་མགྲོན་རྣམས་རང་གནས་སུ་གཏང༌། གཞི་དེའམ་སྟེགས་བུའི་སྟེང་དང་ཁོར་ཡུག་ཏུ་ལག་མཐིལ་གཡས་ཀྱི་སོར་མོ་རྣམས་ཕྲལ་བསྐོར་ཞིང༌། ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊཿཅེས་བརྗོད་པས་དེ་ལས་འོད་ཟེར་བྱུང་སྟེ་མ་དག་པ་ཐམས་ཅད་སྦྱངས་པར་བསམ། ཨོཾ་བྷུ་ཁཾ་གྱིས་ས་ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་དུ་བསམ། ཨོཾ་མེ་དི་ནི་བཛྲ་བྷནྡྷ་བྷནྡྷ་ཧཱུྃ་ཕཊཿཀྱིས་རྡོ་རྗེའི་གཞིར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ་ཀྱིས་བསྲུང་བར་བྱའོ། །དེའང་རས་བྲིས་ལ་བརྟེན་ཚེ་དཀྱིལ་ཁང་རྙིང་པར། ས་གཞི་རྡོ་རྗེ་བརླབས་ནས་བཟུང་བ་དང༌། བཛྲ་རཀྵས་བསྲུང་བ་ཙམ་གྱིས་ཀྱང་ཆོག་གོ། །གཉིས་པ་ཐིག་ལས་ནི། སློབ་དཔོན་ཡབ་ཡུམ་གཙོ་བོའི་ང་རྒྱལ་ལ་གནས་པས་ཡབ་ཤར་ཡུམ་ནུབ་བལྟས་ཏེ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབརྗོད་པས། ཐིག་སྐུད་རིགས་ལྔའི་ངོ་བོ་འགྱུར་པ་བཟུང་སྟེ། བྷྲཱུཾ་ཛྙཱ་ན་མ་ད་ལ་ཧཱུྃ་ཞེས་ལན་གསུམ་བརྗོད་


JLAZ010_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་ནམ་མཁའི་དབྱིངས་ལ་ཡེ་ཤེས་ཀྱི་ཐིག་བརྒྱད་དམ། ཚངས་ཐིག་གཉིས་ཙམ་གདབ་པའི་སྒྲས་སངས་རྒྱས་ཐམས་ཅད་སད་དེ་ཐིག་སྐུད་ལ་ཐིམ། དེ་ལས་ཐིག་སྐུད་གཉིས་པ་ཞིག་ཆད་པར་བསམ་ལ། ཐིག་གི་མེས་པོ་ཚངས་པའི་ཐིག །དེ་ལ་བྱ་རྗེས་ཀྱིས་ཐོན་པའི། །ཐིག་ཆེན་བརྒྱད་པོ་ལག་ཁྲིད་བཞིན། །བཏབ་ནས་ཆ་ཆེན་བཅུ་དྲུག་བགོ། ཚངས་ཐིག་གཉིས་པོའི་གཡས་གཡོན་ནས། །དང་པོར་ཕྱེད་གདབ་ཕྱི་མའང་གདབ། །གཉིས་པ་ཆ་ཕྲན་བཞི་རུ་བགོ། གསུམ་བཞི་མི་གདབ་ལྔ་དབུས་དོར། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་བཞི་བགོ་བརྒྱད་དབུས་དོར། །ཕྱི་རིམ་སྣ་ཚོགས་པདྨ་ནི། །མཚན་བཟང་གྲངས་ལ་ཆ་ཆེན་ཕྱེད། །འོད་ལྔའི་མུ་ཁྱུད་ཆ་ཕྲན་གཅིག །དུར་ཁྲོད་ཆ་ཆེན་རྡོ་ར་ཕྱེད། །མེ་རི་ཆ་ཆེན་གཅིག་རྣམས་བསྐོར། །གསུམ་པ་སྟ་གོན་ལ་ཡང་གསུམ། །དང་པོ་ལྷ་ཡི་སྟ་གོན་ནི། །ལྷ་གནས་རྣམས་སུ་དྲིའི་ཐིག་ལེར། །ཚོམ་བུ་བཀོད་ལ་མཆོད་པ་བཤམ། །བདག་བསྐྱེད་ལྡན་པས་ལྷ་ཚོགས་རྣམས། །ཆོ་གས་བསྒྲུབ་ཅིང་མ་ནུས་ན། །སྔགས་ཀྱིས་བསྐྱེད་ལ་མཆོད་བསྟོད་འབུལ། །བཟླས་པ་ཅི་རིགས་བགྱིས་པའི་རྗེས། །ཧཱུྃ་ལས་ལྕེ་ནི་རྡོ་རྗེར་བསྒོམ། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཁྱེད་རྣམས་མཆོད་དང་སེམས་ཅན་དོན། །ནངས་པར་དཀྱིལ་འཁོར་བྲི་འཚལ་བས། །ཐུགས་ཀྱིས་དགོངས་ཏེ་གནང་བར་མཛོད། །ཅེས་གསོལ་གནང་བ་སྩལ་བར་བསམ། །སེམས་


JLAZ010_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྡོ་རྗེ་མ་ཡི་རྒྱས། །ཡེ་ཤེས་དཀྱིལ་འཁོར་ནམ་མཁར་བཏེགས། །བཛྲོད་ཏིཥྠ་ལྷན་ཞེས་བརྗོད། །དམ་ཚིག་བསྡུས་ཏེ་ཡིག་བརྒྱ་བརྗོད། །ཚོམ་བུ་མཆོད་བཅས་རེ་ཞིག་བསྡུ། །གཉིས་པ་བུམ་པ་བཅུད་ལྡན་ལ། །ཆོ་ག་སྔ་མ་ཇི་བཞིན་ལས། །བུམ་ལྷ་འོད་དུ་ཞུ་བ་ཙམ། །བུམ་པའི་སྟ་གོན་ཁྱད་པར་རོ། །གསུམ་པ་སློབ་མ་སྟ་གོན་ནི། །ཁྲུས་བྱས་བགེགས་བསྐྲད་མཎྜལ་དབུལ། །སློབ་བུའི་བློ་ནི་འདི་ལྟར་བཅོས། །གསང་སྔགས་དངོས་གྲུབ་དོན་གཉེར་ན། །འཇིག་རྟེན་ཚེ་འདིའི་ཞེན་པ་དོར། །ཕ་རོལ་ལ་ནི་འདུན་པ་བསྐྱེད། །འདི་འབྲས་གཉེར་ན་ཕྱི་མ་འཇིག །ཕྱི་མ་གཉེར་ན་འདི་འབྲས་འགྲུབ། །དེ་བས་རང་གཞན་དོན་བྱའི་ཕྱིར། །བསམ་པ་བཟང་པོ་མཆོག་ལ་སྤྱོར། །ཅེས་དང་སླར་ཡང་བཀྲོལ་ལ་བཤད། །སློབ་མས་སྙིམ་པ་མེ་ཏོག་བཅས། །ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང༌། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང༌། །སོ་ཐར་བྱང་སེམས་སྔགས་སྡོམ་རྣམས། །མགོན་པོས་བདག་ལ་གནང་དུ་གསོལ། །ལན་གསུམ་ཞུ་ཞིང་དེའི་ལན་དུ། ཨེ་མ་སྣོད་དང་ལྡན་པའི་བུ། །གསང་སྔགས་ཆོ་ག་ཁྱོད་ལ་བསྟན། །འདས་དང་མ་བྱོན་ད་ལྟར་གྱི། །སངས་རྒྱས་མ་ལུས་ཐམས་ཅད་ཀྱང༌། །གསང་སྔགས་ཆོ་ག་འདི་མཁྱེན་ནས། །རྫོགས་པའི་བྱང་ཆུབ་བརྙེས་པ་ཡིན། །བདུད་ཀྱི་


JLAZ010_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་ཡང་འདི་ཡིས་བཅོམ། །དེ་ལྟར་ཁྱེད་ཀྱང་རྗེས་སུ་ཞུགས། །ཞེས་བརྗོད་སྡོམ་པ་བྱིན་པ་ནི། །སྐྱེས་བུ་གསུམ་གྱི་བློ་རྩལ་རྣམས། །གང་ནས་གོང་དུ་སྤར་བའི་བློས། །ཀུན་བཟང་རིགས་ལྔའི་ལྷ་ཚོགས་ལ། །འདིར་བཟུང་བླ་མེད་བྱང་ཆུབ་པར། །གུས་པ་ཡིས་ནི་སྐྱབས་སུ་མཆི། །བླ་མ་ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པ་ལས་བཟློག་དགེ་བ་བསྒྲུབ། །དགེ་ཚུལ་དགེ་སློང་བྱང་ཆུབ་སེམས། །སོ་སོ་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུང༌། །ཞེས་པ་གསུམ་གྱིས་ཐུན་མོང་གི་སྡོམ་པ་དང༌། ཁྱད་པར་ཐེག་ཆེན་གྱི་རིགས་ལ་ནུས་པ་སད་པ་དང། སྨོན་སེམས་བརྟན་ཅིང་སྤྱོད་པ་ལ་སློབ་པའི་འདུན་པ་དྲག་བོས། ཧོཿབླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། །མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང༌། སྡོམ་པ་ལ་ནི་གནས་པ་ལྟར། །འདི་བཟུང་འཁོར་བ་མ་སྟོངས་པར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །ཕ་རོལ་ཕྱིན་དྲུག་སློབ་ཅིང་བསྒྲུབ། །ཀུན་དོན་ཚུལ་ཁྲིམས་


JLAZ010_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་དངོས། །ཐ་མལ་སྣང་ཞེན་ཉེས་སྤྱོད་སྡོམ། །བསྐྱེད་རྫོགས་ཟབ་མོས་དགེ་ཆོས་སྡུད། །རྣམ་བཞིའི་ཕྲིན་ལས་གཞན་ཕན་སྤྱོད། །སྔགས་ཀྱི་ཆོ་གས་བསྡམས་པར་བགྱི། །ཞེས་ལན་གསུམ། དེ་ནས་སློབ་མ་རྡོ་རྗེ་སེམས་དཔར་གསལ་བ་ལ་ལས་ཆུས་འཐོར་ཞིང༌། གནས་གསུམ་དུ་དྲིའི་ཐིག་ལེ་བྱ་བ་དང་ལྷན་ཅིག །ཨོཾ་ཨཱཿཧཱུྃ་ཞེས་དང་མས་ནས་རིམ་བཞིན། ཧཱུྃ་ཨཱཿཨོཾ་ཞེས་བྱིན་གྱིས་རློབ། དེ་བཞིན་དུ་དྲིའི་ཐིག་ལེ་གདབ་ཅིང༌། རྣ་བར་དྲཱཾཿལྕེ་ལ་ཧྲཱིཿསྙིང་ལ་ཧཱུྃཿཡན་ལག་བཞིར་ཧྲཱིཿསྙིང་ཁར་ཧཱཿཞེས་བརྗོད་ནས་སྐྱེ་མཆེད་རྣམས་རིགས་ལྔར་བྱིན་གྱིས་རློབ། དེ་ནས་སོ་ཤིང་བྱིན་ལ། པདྨ་འདབ་བརྒྱད་རེ་ཁཱ་ཅན་ནམ་མཎྜལ་དྲི་དང་བ་བྱུང་གིས་སྤགས་པའི་ཚོམ་བུར་ཤར་མཚན་བཀོད་པ་ལ། དངོས་གྲུབ་ཀྱི་ལྟས་བརྟགས་པའི་འདུན་པས། བཛྲ་ཧ་ས་ཧ། ཞེས་མིག་བཙུམ་ལ་དོར། ཕྱོགས་བཞི་དབུས་དང་ལྔར་བབས་ན། །རིགས་ལྔ་གང་ཡིན་དངོས་གྲུབ་ཐོབ། །སོགས་པའི་མཚན་མ་བཤད། དེ་ནས་དུང་བཞལ་དུ་གནས་པའི་ཁྱོར་ཆུ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ་བྱིན་ཅིང༌། ཆོས་ཐམས་ཅད་རྣམ་པར་དག་པ་ཡིན་པས། ཕུང་པོ་འདིའི་སྡིག་པ་ཐམས་ཅད་རྣམ་པར་སྦྱོངས་ཤིག །རྣམ་པར་རྟོག་པ་ཐམས་ཅད་བསལ་བར་མཛོད། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨཱ་པཱ་པཾ་བི་ཤུདྡྷ་ནི་ཙ་སྱ་པི་ཤྭ་དྷ་ཡ་སརྦ་བི་ཀ་ལྤནྡ་ཨ་ན་ཡ་ཧཱུྃ། ཞེས་ལག་པ་


JLAZ010_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་ལན་གསུམ་བྱིན་ནས་བཏུང་བའི་ལྷག་མ་དཔུང་པ་གཡོན་རྒྱབ་ཏུ་དོར་བས་སྡིག་སྒྲིབ་དག་པར་བསམ། དེ་ནས་ཧཱུྃ་ལས་བྱུང་བའི་སྲུང་སྐུད་མདུད་པ་གསུམ་པ་ལས་ཆུས་བསངས་ནས་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་སུ་བཅིངས་ཤིང༌། ཨོཾ་སརྦ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦ་སྭཱཧཱ། ཞེས་བཟླ། རྡོ་རྗེ་དང་བཅས་པའི་དྲི་ཆུས་རྒྱ་གྲམ་དུ་རེག་ནས། བཛྲ་རཀྵ་རཀྵ་སྭཱཧཱ། ཞེས་བརྗོད། ཀུ་ཤ་ལས་ཆུས་བསང༌། སྟོང་པའི་ངང་ལས་ཧཱུྃ་དང༌། དྷི་ལས་བྱུང་པའི་ཀུ་ཤ་ཆེ་ཆུང་སློབ་མ་ལ་བྱིན་ནས། ཨོཾ་བཛྲ་ཏིཀྵྞ་དྷིཿཨོཾ་བཛྲ་རཀྵ་ཧཾཿཞེས་བདུན་བཟླ། འོ་དོ་ནུབ་རྨི་ལམ་མི་འཁྲུགས་པའི་ནུས་པ་ཅན་གྱིས་ཀུ་ཤ་ཆེ་བ་སྟན་དང༌། ཆུང་བ་སྔས་སུ་གྱིས་ལ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མོས་པ་རྩེ་གཅིག་པས་གློ་གཡས་སར་ཕོབ་ལ་ཉོལ། ནངས་པར་དགེ་མི་དགེའི་རྨི་ལམ་ང་ལ་སྨོས་ཤིག །ཅེས་དང༌། སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་ན་རྙེད་པར་དཀའ་བ་མེ་ཏོག་ཨུ་དུམ་ཝཱ་ར། དེ་བས་ཀྱང་སངས་རྒྱས་རྙེད་པར་དཀའ། དེ་བས་ཀྱང་གསང་སྔགས་ཀྱི་ཆོས་རྙེད་པར་དཀའ་སྟེ། རྒྱུའི་ཐེག་པར་བསྐལ་པ་གྲངས་མེད་གསུམ་དུ་ངལ་དུབ་ཀྱི་མཐའ་དང༌། རྨོངས་པའི་སྒྲིབ་པ་ཕྱོགས་གཅིག་པ་ཉིད། གསང་སྔགས་སུ་


JLAZ010_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མང་བ་དང༌། དཀའ་བ་མེད་པ་དང༌། བྱིན་རླབས་མྱུར་བ་དང༌། དབང་པོ་རྣོན་པོའི་ཡེ་ཤེས་ལ་སྤྱོད་པས་ཚེ་གཅིག་ལ་སོགས་པར་མིག་འཕྲུལ་ལྟར་གྲོལ་བའི་ལམ་ཡིན་ཏེ། འདི་ལྟར་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བས་ཀྱང་སྡིག་པའི་ལས་ཇི་སྙེད་པ་ཟད་པར་འགྱུར་ན། སང་ནངས་པར་དཀྱིལ་འཁོར་ཆེན་པོར་ཞུགས་ནས་སྨིན་ཅིང་གྲོལ་བའི་ནུས་པ་རྒྱུད་ལ་འཇོག་པ་འོག་མིན་དུ་ཐར་ལམ་ལ་ཞུགས་པ་དང་སྐལ་བ་མཉམ་པ་ཡིན་པས་སྤྲོ་བ་ཁྱད་པར་ཅན་སྐྱེད་ཅིག །ཅེས་བརྗོད་ནས་དགེ་བ་བསྔོ། བཞི་པ་རེ་ཁཱ་འབྱེད་པ་ནི། ཚོན་རྣམས་དཔའ་བོ་འབྲུ་ལྔ་ལས། །རིགས་ལྔར་བསྐྱེད་ལ་མཆོད་བསྟོད་རྗེས། །ལྷ་རྣམས་འོད་ཞུའི་ངོ་བོར་བསམ། །དེ་ནས་ཚོན་གྱི་རེ་ཁཱ་དབྱེ། །དབུས་སུ་འདབ་བརྒྱད་མུ་ཁྱུད་གསུམ། །དབུས་མཐིང་ཕྱོགས་བཞི་ཕྱོགས་ཀྱི་མདོག །མཚམས་བཞི་ཤར་ལྷོ་ནས་བརྩམས་ཏེ། །དམར་ལྗང་དཀར་སེར་མུ་ཁྱུད་གསུམ། །མཐིང་དམར་དཀར་ལ་གྲྭ་ཕྱོགས་མདོག །རྩིག་པ་ལྔ་ནི་ནང་རིམ་བཞིན། །མཐིང་ཀ་ལྗང་དང་དམར་སེར་དཀར། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲ་ཕྱེད་སྔོ་ལ་མདའ་ཡབ་དམར། །པུ་ཤུ་མཛེས་ཚོན་ཞིང་ཁམས་ལྗང༌། །རྒྱུ་འབྲས་རྟ་བབས་མཛེས་ཚོན་ལ། །ཆུ་སྲིན་དམར་པོ་རྡོ་རྭ་དང༌། །དུར་ཁྲོད་བརྒྱད་སོགས་ཕྱོགས་ཀྱི་མདོག །པདྨ་སྣ་ཚོགས་འོད་ཕྲེང་


JLAZ010_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། །རྡོ་རྗེ་མཐིང་ལ་མེ་འོད་ལྔ། །སྲབ་འཐུག་མེད་ཅིང་མཉམ་པར་བྲི། །དཀྱིལ་འཁོར་སོ་སོའི་སྒོས་ཆོས་ནི། །ལྷ་ཡི་གནས་དང་རྟ་བབས་ཁྱད། །བླ་མའི་ཞལ་ལས་ཤེས་པར་བྱ། །སྟ་གོན་གྱི་ནི་ཡེ་ཤེས་པ། །སྔགས་རྒྱ་བཞི་ཡིས་དལ་ལ་བསྟིམ། །ཐིག་ཚོན་ལྷག་མའི་ཡེ་ཤེས་གཤེགས། །དཀྱིལ་འཁོར་རྒྱན་དགོད་མཆོད་གཏོར་དང༌། །བུམ་པ་གཉིས་སོགས་དབང་རྫས་རྣམས། །མ་ཚང་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། དཀྱིལ་འཁོར་སྒྲུབ་མཆོད། བདག་ཉིད་འཇུག་པ། སློབ་མ་རྗེས་སུ་འཛིན་པའོ། །དང་པོ་ནི། དཔལ་ཆེན་འདུས་པའི་སྒོས་དབང་གི་ཚེའང་དབང་བྱང་འདི་ཉིད་ལ་བརྟེན་ནས་སྐབས་འདིར་དཀྱིལ་འཁོར་སྒྲུབ་མཆོད་རང་གཞུང་ལྟར་བྱ་ཞིང༌། ཞི་ཁྲོའི་སྒོས་ཆོས་རྣམས་དོར། འདིར་དང་པོའི་སྨིན་བྱེད་གདན་གསུམ་ཚང་བའི་དཀྱིལ་འཁོར་ཞི་ཁྲོ་ལ་བརྟེན་པ་ཡིན་པས། བགེགས་ལ་གཏོང་མ་བྱིན་ནས། ཧཱུྃ་ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ལུས་ངག་ཡིད་ལ་གནོད་པའི་བགེགས། །བར་ཆད་འབྱུང་པོ་ཐམས་ཅད་ཀུན། །འདི་རུ་མ་འདུག་གཞན་དུ་དེངས། །ང་ནི་དཔལ་ཆེན་རྟ་མགྲིན་རྒྱལ། །རྡོ་རྗེ་འཛིན་བྱེད་འབར་བའི་སྐུ། །ང་ཡི་བཀའ་ལས་འདས་གྱུར་ན། །ཐལ་བའི་རྡུལ་བཞིན་བརླག་པར་འགྱུར། །ཨོཾ་ཤྲཱི་བཛྲ་ཧྱ་གྷྲི་ཝ་ར་ཙ་ཧྲཱི་ཡ་ཧ་རི་ནི་ས་རཀྵ་ཨུ་ཙ་ཏ་ཡ་ཕཊཿ


JLAZ010_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཐམས་ཅད་རྒྱ་མཚོའི་ཕ་མཐར་བྱེར་ནས་ཡེ་ཤེས་ཀྱི་མེ་དཔུང་གཅིག་ཏུ་འབར་བར་གྱུར། དེ་ནས་མཆོད་རྫས་རྣམས་ལ་བསང་ཆུས་འཐོར་ཞིང༌། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻཝི་དྱཱ། ཤཔྟ། ཨོཾ་ཨཱཿཧཱུྃ། ཡོངས་སུ་གྱུར་པ་ལས། ཕྱི་ནང་གི་མཆོད་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་གང་བར་གྱུར། སྨན་གཏོར་རཀྟའི་སྔགས་ཀྱང་བརྗོད། ཕ་མས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་འཆིའོ། །ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་སྒོམ། ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་


JLAZ010_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བར་གྱུར་ཅིག །དགའ་བ་ཆེན་པོ་དེ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ལན་གསུམ། དེ་ནས་བདག་མདུན་བུམ་གསུམ་འཇུག་པ་གཅིག་པས་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོར་སྒོམ་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས་ངན་སོང་སྦྱོང་བ་བཞིན་ལ། བཟླས་པའི་ཚེ་ཞི་ཁྲོ་སོ་སོའི་སྙིང་པོ་ཅི་ནུས་དང༌། བུམ་པ་ལ་དམིགས་ནས། བདག་གི་སྙིང་ག་ནས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་རྣམ་པར་རྒྱལ་བའི་ལྷ་རྣམས་ལ་ཕོག །བདེ་བའི་སྒྲས་བསྐུལ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པར་བསམ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿ ཨས་མགོ་དྲངས་པའི་དབྱངས་གསལ་ཅི་ནུས་བཟླ། དེ་བཞིན་དུ་ལས་བུམ་དུ་རྟ་མགྲིན་དམར་པོ་གཡས་དབྱུག་ཏོ་དང༌། གཡོན་མེའི་ཞགས་པ་ཐོགས་པ་གསལ་ལ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཁྲུས་སྔགས། ཨ་བྷི་ཥེ་ཀའང་བཟླའོ། །ཐུན་མཐར་དཀྱིལ་འཁོར་བ་དང་བུམ་པའི་ལྷ་གཉིས་ཆར་ལ་དམིགས་ཏེ་མཆོད་བསྟོད་དང༌། ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་ལོ། །བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་པར་གྱུར། ཅེས་བརྗོད། གཉིས་པ་བདག་འཇུག་ནི། སློབ་མ་ལ་ཇི་ལྟར་བྱ་བ་


JLAZ010_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བླང་ངོ༌། །གལ་ཏེ་བསྐྱེད་རྫོགས་ལ་གོམས་པ་བརྟན་པོར་སོན་པས་རིག་པའི་མེ་ཏོག་དོར་བས་འཇུག་ན། ཨོཾ་བཛྲ་ས་མ་ཡ་ཨོཾ། །ཨཱཿབཛྲ་ས་མ་ཡ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཧཱུྃཿསྭཱ་བཛྲ་ས་ཡ་སྭཱཿཧཱ་བཛྲ་ས་མ་ཡ་ཧཱཿཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿཞེས་ཏིང་ངེ་འཛིན་གྱིས་འཇུག་གོ། གསུམ་པ་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་ལ། དཀྱིལ་འཁོར་དུ་འཇུག་པ་དང༌། དབང་གིས་སྨིན་པར་བྱ་བ་གཉིས་ལས། དང་པོ་ནི། ལས་བུམ་གྱི་ཆུས་བཀྲུ་ཞིང༌། བདུད་རྩི་འཁྱིལ་བའི་སྔགས་བཟླ། ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། ཞེས་མིག་དར་འཆིང༌། ཨ་ཁཾ་ཝཱི་ར་ཧཱུྃ་གིས་རིགས་ལྔའི་ས་བོན་སོ་སོ་ལས་སྐྱེ་བའི་མེ་ཏོག་གཏད། གསོལ་བ་གདབ་པ་ནི། ཀྱཻ་ཁྲོ་བོ་མི་བཟད་འཇིགས་པའི་སྐུ། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར། །ཁྱེད་ཀྱིས་གནང་སྟེ་གཏོང་དུ་གསོལ། །ཅེས་པའི་ལན། ཁྱེད་རྣམས་སུ་ཡིན་ཅི་ལ་དགའ། །ལས་དང་སྐལ་བར་ལྡན་ནམ་ཅི། །སློབ་མས། བླ་མ་རྡོ་རྗེ་འཛིན་པ་དང༌། དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི། །སྐྱོབ་པ་གཞན་ན་མ་མཆིས་པས། །སྒོ་ཕྱེ་


JLAZ010_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བའི་གྲོང་བསྟན་འཚལ། །ལན་གསུམ། ཁྱེད་ནི་སྣོད་མཆོག་དམ་པ་སྟེ། །ཁྱོད་འདོད་པ་ནི་བདག་གིས་སྦྱིན། །སྤྲོ་བ་བསྐྱེད་ལ་ནང་དུ་ཤོག །ཅེས་བརྗོད་ལ་ཕྱིར་འབྲང་གི་བགེགས་བསྐྲད། སྲུང་བའི་འཁོར་ལོ་སྒོམ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དེ་གསན་འཚལ། དེ་ལ་རང་ཅག་རྣམས་ཀྱིས་མི་ལུས་ཁྱད་པར་ཅན་འདི་སླན་ཆད་རྙེད་པར་དཀའ་ཞིང༌། ཆོས་བསྒྲུབ་པའི་རྟེན་དལ་འབྱོར་ཚང་བ་འབའ་ཞིག་ལ་ལྟོས་དགོས་པའང༌། འཕྲལ་བྱུང་གི་རྐྱེན་བརྒྱད་དང༌། རིས་ཆད་ཀྱི་བློ་བརྒྱད་ཀྱིས་ཡུད་ཙམ་ལ་མི་ཁོམ་པར་འགྱུར་ཞིང༌། ལས་མཐའ་ལོག་པའི་རིགས་ལ་ལྟོས་ན་འབྱོར་པ་བཅུ་ཡང་འདུ་འབྲལ་དང་བཅས་པས་ཡོན་ཏན་ཐམས་ཅད་ཚོགས་པའི་མི་ལུས་རིན་པོ་ཆེ་ཡིན་པར་དཀའ་ཞིང༌། སྤྱི་མཐུན་དུ་སྐྱེས་པའི་ནངས་པ་ནས་གཤིན་རྗེའི་ཕོ་ཉ་དང་འགྲོགས་པ། འབྱོར་རྒུད་དང་བདེ་སྡུག་སྣ་ཚོགས་པའི་རྟེན་འབྲེལ་ཚོགས་པ་ལས་ཀྱི་གཞན་དབང་ཅན་འགྱུར་བ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལྟར་མི་མངོན་པ་དང་འགྲོགས་པས་མཐོ་རིས་ཀྱི་བདེ་འབྲས་ནི་རྩྭ་རྩེའི་ཟིལ་པ་ལྟ་བུ་ཤིན་ཏུ་ཡིད་བརྟན་མི་རུང་བ་ཡིན་པས། ངེས་འབྱུང་གི་བློ་ཁྱད་པར་ཅན་བསྐུལ་


JLAZ010_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པའི་ཐབས་ལ་འབད་དགོས། དེ་ལ་སངས་རྒྱས་རྣམས་ནི་ཐུགས་རྗེ་ཚད་མེད་པས་སེམས་ཅན་ཡལ་བར་མི་འདོར་ཞིང༌། ཕྲིན་ལས་ཚད་མེད་པས་གདུལ་བྱའི་ཁམས་དང༌། དབང་པོ་དང་བསམ་པ་ལ་འཚམས་པའི་ཆོས་སྒོ་ཇི་སྙེད་པ་གསུངས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་འབྲས་བུའི་ཐེག་པ་ཡིན་ཏེ། དེའི་ཆོས་འཁོར་གྱི་གྲངས་ངེས་དང་རྣམ་དབྱེ་བསམ་པར་མི་ནུས་ཀྱང༌། གངས་ཅན་པ་རྣམས་ཀྱིས་འགྱུར་གྱི་བྱེ་བྲག་ལས་གསར་རྙིང་དུ་སྒྲོ་བཏགས་པའི་རྡོ་རྗེ་ཐེག་པ་སྔ་འགྱུར་ལ་མདོ་སྒྱུ་སེམས་གསུམ་གྱི་གྲུབ་པའི་མཐའ་ཆེན་པོ་གསུམ་འཆའ་བ་ལས། འདི་ནི་སེམས་ཕྱོགས་ཀྱི་གྲུབ་མཐའི་སྙིང་པོ་གཙོ་བོར་འདོན་པས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ཞེས་གྲགས་ལ། ནང་གསེས་ཀྱི་དབང་དུ་ན། སྔགས་འོག་མ་ལྟར་ཁམས་ཀྱི་དྲི་མ་བླང་དོར་དང་བཅས་པའི་ངལ་དུབ་ཀྱིས་སྦྱོང་བ་མ་ཡིན་ཀྱང༌། སྣང་གྲགས་རིག་པའི་ཆོ་འཕྲུལ་དུ་མངོན་བྱང་ཆུབ་པ་དཔལ་ལྡན་སྒྱུ་འཕྲུལ་དྲྭ་བའི་སྙིང་པོ་དཔལ་ཆེན་ཞལ་ལུང་དང་ཧེ་རུ་ཀ་འདུས་པའི་བསྐྱེད་རིམ། དག་པའི་སྣོད་བཅུད་ཀྱང་འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་གཞན་དུ་མི་འགྱུར་བ་ཨ་ནུའི་མདོ་ལུང་གི་སྙིང་པོ་རིགས་བརྒྱ་དང་རིག་འཛིན་


JLAZ010_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བསྐྱེད་རྫོགས་རྒྱུད་ལུང་གབ་བྱང་དང་བཅས། རྒྱུ་རྐྱེན་དང་རྩོལ་སྒྲུབ་ལ་མ་ལྟོས་པ་ཕྱི་སེམས་སྡེ། སྐུ་གསུམ་རང་ཆས་ཀྱི་དབྱིངས་ལ་མི་འགྱུར་བ་ནང་ཀློང་སྡེ། མངོན་སུམ་རང་གནས་སུ་སྟོན་པ་གསང་བ་མན་ངག་གི་སྡེ། གནད་ལས་གནད་དུ་བསྡུས་པས་ཡིད་དཔྱོད་དང་འབྲས་བུ་ཕྱི་དུས་ལ་ལྟོས་མི་འཆའ་བ་ཡང་གསང་བླ་ན་མེད་པའི་སྡེ་སྟེ་སེམས་ཕྱོགས་རྒྱ་མཚོའི་སྙིང་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལ་སོགས་པས་མན་ངག་གི་ཐུས་ཀ་ཚང་ལ་མ་ནོར་བ་སྟོན་ལ། དེ་ཉིད་ཀྱང་བདེ་བར་གཤེགས་པའི་བཀའ་ཚད་མ། རྒྱུད་དོན་དང་འབྲེལ་བས། རྡོ་རྗེ་འཛིན་པའི་བརྒྱུད་ལྡན་ལས་ཐོས་མན་ངག་ཚད་མ། རྣལ་འབྱོར་དབང་ཕྱུག་གི་ཉམས་མྱོང་ཚད་མ། རྟེན་ཅིང་འབྲེལ་འབྱུང་གི་ལོ་རྒྱུས་ཚད་མ་དང༌། དབང་གི་ཆུ་བོ་མ་ནུབ་པ། བཀའ་མ་དང་འབྲེལ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། མན་ངག་གི་སྣ་ཁ་མ་ལོག་པ་དག་ལ་མ་བརྟེན་ན། ཟབ་མོར་བཏགས་པ་ཙམ་ཡང་དག་དང་ལྟར་སྣང་གང་ཡིན་མ་འཚལ་བའི་རྨོངས་པ་ལམ་ནོར་བས་ངལ་བ་འབྲས་མེད་དུ་བྱས་ལ། དེའི་ཕྱིར་གཏེར་ལུང་ལས། རྒྱལ་བས་དགོངས་པ་ཉིད་ཀྱི་ཚུལ། །དགོངས་པ་བབས་པ་དབང་གི་མཆོག །ཅེས་གདོད་མའི་


JLAZ010_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་སྲས་དང་བཅས་པས་ཆོས་ཀྱི་བདག་པོ་ལ་དགོངས་པས་གནས་ལུགས་ཆོས་སྐུར་རྟོགས་པའི་དབང་ཐོབ། བརྡ་དང་བརྡ་མཚོན་གོ་བ་ནི། དབང་གི་ནང་ནས་དབང་བཀའ་འོ། །ཞེས་པ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མས་བརྡ་སྒྱུར་གྱི་ཤོག་སེར་དབྱིབས་དང་རྣམ་པ་ཐམས་ཅད་པ་བྱིན། རྫོགས་པའི་སངས་རྒྱས་དྲི་མེད་འོད་ཟེར་དང་དངོས་ཞལ་མཇལ་ཏེ། སྙན་བརྒྱུད་ཀྱི་ཕ་ཕོགས་སྩལ་བའི་བརྒྱུད་པ་གསུམ་ལྡན་གྱི་སྟེང༌། གོང་འོག་གི་བདག་པོ་རྣམ་གཉིས་ལ་སོགས་ཏེ། སྔོན་གྱི་དུས་ན་བྱོན་པའི་ལམ་སྟོན་ཆེན་པོ་རྣམས་ཀྱིས་བཞེད་པ་བཞིན་རྒྱུད་སྡེ་བཀའ་མ་དང༌། སྒྲུབ་སྡེ་བཀའ་བརྒྱད་ལ་སོགས་པའི་དབང་གི་ཆུ་བོ་མ་ནུབ་པའང་ཉན་ཞིང་འདྲེས་པར་བྱས་ནས། ཇི་སྐད་དུ་སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཆོས་སྟོན་དང༌། །འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང༌། མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུ་མཐུ། །ཞེས་པ་ལ་སོགས་པ་དང༌། གཞན་དུ། བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པར་དག་པ་ལ་ནི་རང་གིས་ཡིད་ཀྱིས་སྤྱོད་པ་ཉིད་ལས། མན་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ༌། །


JLAZ010_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟར་རྒྱལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པས་དགོངས་ཤིང་མཁའ་འགྲོའི་གསང་མཛོད་ལ་མངའ་སྒྱུར་བ་བྱིན་གྱིས་བརླབས་པ་དང་རྗེས་སུ་གནང་བའི་བཀར་རྩོད་པ་མེད་ཅིང༌། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོས་ཞལ་ནས་གསུངས་པའི་བཀར་བསྙོན་མེད་དུ་གྲུབ་པ་ལ་ཟབ་མོ་གཏེར་གྱི་རིང་ལུགས་མ་ནོར་བ་ཞེས་བྱ་སྟེ། མཆོག་གཟིགས་ཀྱི་བརྒྱུད་པས་མ་ཆད་པ་དང༌། ཉམས་པ་དང་འདྲེས་ཁྱེར་གྱིས་བར་མ་ཆོད་པ་དང༌། ཚིག་ལ་གྲིམས་པའི་སློབ་པ་སོ་སོ་སྐྱེ་བོས་བསླད་པ་མ་སོང་བས་བྱིན་རླབས་ཆེ་ཞིང༌། སྒྲུབ་ཐག་ཉེ་བ་ཡིན་ནོ། །དེ་ལྟ་བུའི་སྔགས་ཀྱི་ཉེ་ལམ་དམ་པ་ལ་དབང༌། བསྐྱེད་རིམ། རྫོགས་རིམ། བཤད་པ་སྟེ་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞིའི་ཞལ་ལུང་དང་ལྡན་པ་ལས། དེང་རིམ་པར་དབང་གི་ཆོ་ག་ལས་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོར་སྨིན་པར་བྱ་བའི་སྐབས་སུ་བབས་པས་སྙིམ་པ་མེ་ཏོག་དང་བཅས་འདིའི་རྗེས་ཟློས། ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང༌། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །ཅེས་པ་ནས། ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་བྱིན་པ། སྔགས་ཀྱི་ཆོ་གས་བསྡམ་པར་བགྱི། །ཞེས་པའི་བར་སྟ་གོན་བཞིན་ལ། ཐམས་ཅད་རྣལ་འབྱོར་དུ་


JLAZ010_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པའི་ཕྱིར། སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ་པའི་བློ་བཅོས་མིན་དེ་ཉིད། སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཟླ་བ་ཉ་གང་བའི་སྟེང༌། དོན་དམ་བྱང་སེམས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔ་པ་འོད་དང་འོད་ཟེར་དུ་འབར་བར་གྱུར་པར་བསམ་ལ་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི། ལན་གསུམ། དམ་གཞག་ནི། ནང་མཆོད་བྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་ཉམས་ན་བསྲེག་པར་བྱེད། །བསྲུང་ན་དངོས་གྲུབ་ཐམས་ཅད་ཐོབ། །དམ་ཚིག་བདུད་རྩིའི་ཆུ་འདི་ཐུངས། །ས་མ་ཡ་ཨི་དན་ན་ར་ཀནཿ རིགས་ལྔའི་སྡོམ་བཟུང་ཁྱད་པར་པ་ལ་དམིགས་ནས་འདིའི་རྗེས་ཟློས། སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ། །རྒྱལ་སྲས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་བསྙེན། །རྡོ་རྗེའི་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༌། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྤྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །ལྷ་ཡི་ཕྱག་རྒྱ་བླ་མའི་བསྟན། །བཞོན་པ་


JLAZ010_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་མི་སྨད་ཅིང༌། །བསྟན་པ་སྐྱོང་རྣམས་བརྙས་མི་བྱ། །བླ་མ་སངས་རྒྱས་དྲན་བྱེད་ཅིང༌། །བརྟན་གཡོ་ལྷ་དང་མཉམ་པར་སྦྱོར། །མདོར་ན་རྒྱལ་བས་གང་བསྒྲགས་པ། །དེ་དག་ཐམས་ཅད་བདག་གི་བཟུང༌། །ལན་གསུམ། དེ་ནས་ལྷ་དང་སྐལ་བ་མཉམ་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ཡིན་པས་འདིའི་རྗེས་ཟློས། ཀྱེ་རིགས་ལྔ་བདེ་བར་གཤེགས་པ་དང༌། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །སྒོ་ཕྱེ་ཐར་བའི་གྲོང་བསྟན་འཚལ། །ལན་གསུམ་གྱི་རྗེས་ལ། བླ་མས་ཨཱ་ཁཾ་ཝཱི་ར་ཧཱུྃཿབརྗོད་ལ་བཅུག་པར་བསམ། སློབ་མས་གནས་གསུམ་དུ་ཐལ་མོ་སྦྱར་བའི་སྐུ་གསུང་ཐུགས་ཕྱག་བྱེད་བཞིན་པར། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མ་ན་མ་ཧཱུྃ། བརྗོད་ནས་ཕྱི་འཇུག་བྱ། ནང་ལྟར་འཇུག་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་བདག་པོ་གཉིས་སུ་མེད་པའི་སྲས་སུ་བྱ་བའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། གཙོ་བོའི་མདུན་ཐད་ཤར་སྒོའི་དབང་སྟེགས་ལ་འཁོད་པས། དཀྱིལ་འཁོར་གྱི་བདག་པོའི་ཐུགས་ཀ་ནས་འོད་ཟེར་བྱུང༌། སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཧཱུྃ་དུ་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས། རྗེས་སུ་ཆགས་པའི་ཡེ་ཤེས་ཀྱིས་བསྐུལ་ཏེ་


JLAZ010_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་པདྨོར་ལྷུང༌། །སྲས་ཀྱི་ཚུལ་དུ་གཙོ་བོའི་རྣམ་པ་གཉིས་པ་ཞིག་བྱུང་བ་སྔར་གྱི་དབང་སྟེགས་ལ་འཁོད་པའི་གནས་གསུམ་དུ་ཕྱག་མཚན་གསུམ་དང༌། ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཀྱིལ་འཁོར་གྱི་ལྷའི་རྣམ་པས་སྙིང་ནང་དུ་ཐིམ་པར་བསམ་ལ། རོལ་མོའི་སྒྲ་དང་བཅས་བབས་དྲུག་གིས་བྱིན་འབེབས་སམ། ཨོཾ་བཛྲ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧཱུྃ་ཧཱུྃ། མང་དུ་བརྗོད་ལ་ནན་ཏན་བྱ། ལུས་ངག་ཡིད་ལ་ཕེབས་པའི་རྟགས། །འདར་ཞིང་འཕར་གཡོ་སཾ་སྐྲྀ་ཏའི། །བརྡ་སྐད་གླུ་ལེན་ངུ་བ་དང༌། །བདེ་གསལ་མི་རྟོག་ལྷག་པའི་ལྷས། །སྦོག་ན་རྡོ་རྗེའི་འདུག་སྟངས་ཀྱི། །སྙིང་གར་གཡུང་དྲུང་འཁོར་བར་སྒོམ། །ཧཱུྃ་དང་ཨ་ར་ལི་ཕེཾ་གྱི། །གླུ་ཡིས་བསྐུལ་ཞིང་ལྟ་བས་གཅུན། ཏིཥྛ་བཛྲས་བརྟན་པར་བྱ། །དེ་ནས་མེ་ཏོག་དོར་བ་ནི། ཀྱེ་བདེ་གཤེགས་རིགས་ལྔའི་ཕོ་བྲང་དུ། །འབྲེལ་བའི་མེ་ཏོག་འདི་དོར་བས། །ལས་འཕྲོ་གང་ཡོད་ལྷ་དང་མཇལ་བར་ཤོག །ཨོཾ་པུཥྤེ་སིདྡྷི་སྟྭཾ། ལྷུང་ན་བསྐྱར་ཞིང་སྤྱི་བོར་བཅིང༌། །པྲ་ཏི་གྷྲི་ཧ་ན་ཨི་མཾ་ས་ཏྭ་མ་ཧཱ་བྷ་ལ། ལྷག་ལྷ་སྤྱིར་བོར་ཐིམ་པར་བསམ། །གདོང་གཡོགས་ཕྱེ་ཞིང་དཀྱིལ་འཁོར་བསྟན། །སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། །ཁྱོད་ཀྱི་མ་རིག་འཁོར་བའི་མིག །ཡེ་


JLAZ010_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྤྱན་དུ་དབྱེ་བ་ལྟར། །དེ་བཞིན་ཁྱེད་ཀྱིས་འགྲོ་བ་རྣམས། །ཡེ་ཤེས་སྤྱན་དུ་འབྱེད་པར་ཤོག །ཙཀྵུ་པྲ་བེ་ཤ་ཡ་ཕཊཿ ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ཁྱེད་ནི་སྡིག་པ་ཀུན་ལས་གྲོལ། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ལུས་ངག་ཡིད་ཀྱི་དད་པ་བསྐྱེད། །དངོས་གྲུབ་ཐམས་ཅད་ཁྱེད་ཀྱིས་ཐོབ། །དམ་ཚིག་སྔགས་ལ་བརྩོན་པར་གྱིས། །ཀྱེ་རིགས་ཀྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་བརྡ་དོན་རྟགས་ཀྱིས་མཚོན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ནི་རྟེན་གཞལ་ཡས་ཁང་སྟེ། ནང་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་མཚོན་ལ། དེ་ན་བཞུགས་པའི་བརྟེན་པ་ཡེ་ཤེས་ཀྱི་ལྷ་ནི་རང་གི་སེམས་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་དམ་པ་རིགས་བརྒྱའི་ལྷ་ཚོགས་སུ་བཞུགས་པ་དེ་དྲན་པར་གྱིས་ཤིག །འཇུག་པའི་ཆོ་གའོ། །གཉིས་པ་དབང་བསྐུར་བ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྱན་དྲངས། མཆོད་ཅིང་བསྟོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལའང་སྩལ་དུ་གསོལ། །ཅེས་


JLAZ010_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས། གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱི་གླུ་གར་སྒྱུར། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ། ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར། སློབ་མ་མི་བསྐྱོད་པར་གསལ་ལ། བུམ་པ་བཏེག་ནས། ཧཱུྃ་རྣམ་ཤེས་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃཿརིགས་ཀྱི་བུ་ཁྱོད་ལ་མི་བསྐྱོད་པ་ཆུ་ཡིས་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ཆུའི་ཁམས་མཱ་མ་ཀཱིར་སངས་རྒྱས། ཞེ་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེ་རིགས་ཀྱི་ཐུགས་འཁྲུལ་པ་མེད་པས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རིན་འབྱུང་དུ་གསལ་ལ། དབུ་རྒྱན་ཐོགས་ནས། ཧཱུྃ་ཚོར་བའི་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། རིགས་ཀྱི་བུ་ཁྱོད་ལ་རིན་བྱུང་གི་ངོ་བོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་


JLAZ010_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱའི་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་སའི་ཁམས་སངས་རྒྱས་སྤྱན་དུ་དག །ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་སྣང་བ་མཐའ་ཡས་སུ་གསལ་ལ། རྡོ་རྗེ་དབང་བསྐུར་ཞིང༌། ཧཱུྃ་འདུ་ཤེས་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱི། །དཔལ་ལྡན་གསུང་གིས་དབང་བསྐུར་རོ། །ཨོཾ་པདྨ་ཨ་བྟི་ཥིཉྩ་ཧྲཱིཿ རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེས་དབང་བསྐུར་བས་ངག་གི་སྒྲིབ་པ་ཐམས་ཅད་དག །སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེའི་ཁམས་གོས་དཀར་མོར་སངས་རྒྱས། འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨའི་རིགས་ཀྱི་གསུང་འགག་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱིས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་དོན་གྲུབ་ཏུ་གསལ། དྲིལ་བུ་འཛིན་པས། ཧཱུྃ་འདུ་བྱེད་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །དཔལ་ལྡན་ཕྲིན་ལས་དབང་


JLAZ010_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རོ། །ཨོཾ་ཀརྨ་ཨ་བྷི་ཥྀཉྩ་ཨཱཿརིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཀུན་གཞིའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ་ལས་ཀྱི་རིགས་ཀྱི་ཕྲིན་ལས་ཐོགས་པ་མེད་པར་གྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རྣམ་སྣང་དུ་གསལ་ལ། མིང་དབང་བྱིན་པར་མོས་ཏེ། ཧཱུྃ་གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང༌། །ཉོན་མོངས་གཏི་མུག་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡིས་དབང་བསྐུར་རོ། །ཨོཾ་བུདྡྷ་ཆེ་གེ་མོ་ཨ་བྷི་ཥིཉྩ་ཧཱུྃ། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱས། གཏི་མུག་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་རིགས་དབང་ལྔས་གསང་སྔགས་ཕྱི་བའི་དབང་ཡང་ཞར་བྱུང་དུ་རྫོགས་པའོ། །རྡོ་རྗེ་སློབ་དཔོན་གྱི་དབང་ནི།


JLAZ010_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་གྱི་དམ་ཚིག་རྡོ་རྗེ་གསོར་བ་དང༌། གསུང་གི་དམ་ཚིག་དྲིལ་བུ་འཁྲོལ་བ་དང༌། སྐུ་ཡི་དམ་ཚིག་འཁྱུད་རྒྱ་བྱེད་པ་སྟེ། དམ་ཚིག་གསུམ་བྱིན་ལ། ཨོཾ་ཨཱ་ཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་ཅིང༌། །སྣང་སྟོང་དབྱེར་མེད་འདི་བཟུང་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་བཟུང་བར་མཛོད། །རིགས་ཀྱི་བུ་ཁྱོད་ལ་གསང་བ་སྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནང་ན་མཆོག་ཏུ་གྱུར་པ། རྡོ་རྗེ་དང་དྲིལ་བུ་དཀྱིལ་འཁོར་ཐམས་ཅད་པའི་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས། རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་སངས་རྒྱས་ཏེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད་ནུས་པར་གྱུར་ཅིག །ཅེས་བརྗོད། རྒྱལ་ཚབ་ཏུ་འོས་པའི་སློབ་བུ་ཡིན་ན། པོ་ཏི། དུང་དཀར། ཕྱག་ཤིང༌། འཁོར་ལོ་ལ་སོགས་པ་སྤྲད་ཅིང་ཁྲི་ལ་མངའ་གསོལ་བ་གཞན་དང་མཐུན། སླར་ཡང་རྣམ་རྒྱལ་བུམ་པ་བཟུང་ལ། ཧཱུྃ་བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས། །ལྷ་དང་གཉིས་མེད་བདུད་རྩིའི་ཆུས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། །


JLAZ010_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང༌། །ཀུན་ཏུ་འོད་ཀྱི་ས་ནོན་ཤོག །རྩ་སྔགས་དང༌། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རིག་ཀྱི་བུ་ཁྱོད་ལ་དབང་ཐམས་ཅད་བརྟེན་པར་བྱེད་པ་རྣམ་རྒྱལ་གྱི་བུམ་པས་དབང་བསྐུར་བས། སྣོད་བཅུད་ལྷ་དང་གཞལ་ཡས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་ལྷ་དང་ལྷ་མོར་གནས་དག་པ་ཡིན་པས། ཕྱི་ནང་ཐམས་ཅད་ལ་བརྙས་པར་བྱས་ན་ལྟུང་བར་གྱུར་པ་ཡིན་པས། དག་སྣང་དང་མོས་པ་གྱིས་ཤིག །སྐབས་འདིར་རིགས་བརྒྱའི་ལྷ་དབང་བསྐུར་ན། སོ་སོའི་ཙཀླི་གཏུགས་ལ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་ཅིང༌། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ཀུན་བཟང་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཀུན་ལ་འགྲེས་སྦྱར་ཞི་ཁྲོའི་ཕྱག་གི་བཀོལ་བྱང་བཞིན་ནོ། །དཔལ་ཆེན་འདུས་པའི་ཚེ། སྤྱི་བོར། ཆེ་མཆོག་ལྷ་ཚོགས་དབང་བསྐུར་བས། །ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག །ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དཔྲལ་བར། འཇམ་དཔལ་སྐུ་ཡིས་དབང་བསྐུར་བས། །མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག །ཨོཾ་ཧྲཱིཿཥྚི་ཝི་ཀྲི་ཏཱ་ན་ན་ཨ་བྷི་ཥིཉྩ་ཧཱུྃ། མགྲིན་པར། པདྨ་གསུང་གི་དབང་བསྐུར་བས། །སོར་རྟོགས་ཡེ་ཤེས་རྟོགས་པར་ཤོག །ཨོཾ་པདྨ་ཏ་ཀྲི་ཏ་ཧྱ་གྷྲི་ཝ་ཨ་བྷི་ཥིཉྩ་


JLAZ010_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། སྙིང་གར། ཡང་དག་ཐུགས་ཀྱིས་དབང་བསྐུར་བས། །མེ་ལོང་ཡེ་ཤེས་རྟོགས་པར་ཤོག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ལྟེ་བར། ཕུར་བ་ཕྲིན་ལས་དབང་བསྐུར་བས། །བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ་ཨ་བྷི་ཥྀཉྩ་ཧཱུྃ། གསང་གནས། མ་མོ་རྦོད་གཏོང་དབང་བསྐུར་བས། །དབྱིངས་གྲོལ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཤིཉྩ་ཧཱུྃ། བརླ་གཡས། འཇིག་རྟེན་མཆོད་བསྟོད་དབང་བསྐུར་པས། ཀློང་གྱུར་ཡེ་ཤེས་རྟོགས་པར་ཤོག །ཨོཾབཛྲ་ཙཎྜ་སརྦ་དུཥྚཾ་ཨ་བྷི་ཥིཉྩ་ཧཱུྃ། བརླ་གཡོན། དམོད་པ་དྲག་སྔགས་དབང་བསྐུར་བས། །ལྷུན་གྲུབ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་སརྦ་དུཥྚཾ་ཨ་བྷི་ཥིཉྩ་ཧཱུྃ། སྤྱི་བོར། རིག་འཛིན་སློབ་དཔོན་དབང་བསྐུར་བས། །འདའ་ཀ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ། དཔུང་བ་གཉིས། ཚོགས་བརྒྱད་གདུག་པ་ཀླུ་ཡི་གདོན། །ཟ་བྱེད་ཁྱུང་གིས་དབང་བསྐུར་རོ། །ཁྲོཾ་ག་རུ་ཌ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བུམ་པའི་དབང་གིས་ལུས་དང་རྩའི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་ལ་དབང༌། ཕུང་ཁམས་སྐྱེ་མཆེད་ཚོགས་བརྒྱད་དབང་ཡུལ་དང་བཅས་པ་སྐུ་དང་ཡེ་ཤེས་


JLAZ010_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྱུར་བའི་ས་བོན་ཐེབས། སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ། གསང་རྫས་མགྲིན་པར་བཞག་སྟེ། ཧཱུྃ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། །དཀར་དམར་བྷནྡྷའི་ནང་དུ་བསྐྱིལ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩ་ཁམས་ཡེ་གེའི་རྣམ་པར་སྨིན། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །པདྨ་ཅན་གྱི་ས་ནོན་ཤོག །རྩ་སྔགས་དང༌། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ རྗེས་འབྲེལ་དུ་བཟླས་ལུང་སྦྱིན་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བའི་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང༌། སློབ་མའི་མགྲིན་པ་ནས་ཞུགས་སྙིང་གར་འཁོར་བའི་འགྱུ་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོར་རྫོགས་པར་བསམ་ལ། རྩ་སྔགས་ཀྱི་རྗེས་ཟློས་ལན་གསུམ། དེས་ངག་དང་རླུང་གི་སྒྲིབ་པ་དག །བླ་མེད་ཀྱི་དམ་རྫས་ཁྱད་པར་ཅན་སྤྱོད་ཅིང་བཟླས་བརྗོད་དང་གཏུམ་མོའི་རྣལ་འབྱོར་ལ་དབང༌། རླུང་བཅུ་ལས་སུ་རུང་བའི་ཡོན་ཏན་ཐམས་ཅད་ཐོབ། ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག །རིག་ཙཀ་གཏད་ལ། ཧོཿཆོས་རྣམས་ཀུན་ཀྱི་འབྱུང་གནས་ཏེ། །བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུ་ལ་བྱིན་པ་ཡིས། །དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། །འཁོར་ལོ་ཚོགས་ཆེན་ས་ནོན་ཤོག །རྩ་སྔགས་དང༌། ཙིཏྟ་བྷི་ཥིཉྩ་ཧཱུྃ། ཞེས་གཏད་པས། རིག་མ་


JLAZ010_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

དེས་པདྨ་བྷཉྫ་མོཀྵ་ཧོཿཞེས་པའི་སྒྲས་ཐར་པ་བསྟན་པ་ལ་བསྐུལ། རྗེས་སུ་ཆགས་པའི་རོལ་པོས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང༌། ཡིད་དང་ཐིག་ལེའི་སྒྲིབ་པ་དག །རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགགས། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག །དབང་བཞི་པ་ལ་མེ་ལོང་དང་ཤེལ་རྡོ་ནི་མཚོན་དཔེའི་བརྡ་སྟེ། དཔེ་དོན་འབྲེལ་པའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ལ། ཧོཿཀ་དག་མེ་ལོང་གཙང་མའི་ངོགས། །ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ། བརྡ་རྟགས་རྫོགས་པས་དབང་བསྐུར་བས། །དྲི་མེད་རིག་པའི་གནས་ལུགས་རྟོགས། །ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས། །བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དང༌། དྷརྨཱ་དྷརྟུ་ཨ་བྷི་ཥིཉྩ་ཨཱཿཞེས་པའི་རྗེས་ལ། སློབ་མ་ལུས་གནད་དང་ལྡན་པས་མཉམ་པར་འཇོག་ཏུ་བཅུག །དེའི་ངང་ལ་ཕཊ་དྲག་པོ་ཞིག་བརྗོད་ལ། སེམས་གང་ཡིན་ཞེས་ཏབ་ཏབ་ཏུ་དྲིས་པས་སྣང་བ་ཧད་དེ། ཕྱད་དེ། ཅི་ཟེར་ཆ་མི་དོད་པ་བྱུང་ཚོར་ཀྱི་སྤྲོས་པ་འགགས་པ་དེ་ཉིད་རིག་པ་རང་གནས་ཀྱི་ཡེ་ཤེས་སུ་ངོ་སྤྲོད། དེའང་ལྟ་བ་ལུང་རིག་དང་འབྲེལ་བ་ཞེས་བྱ་བ་ཡིན་པས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་


JLAZ010_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །ཞེས་པའི་ལུང་གིས་སྐྱོར། སློབ་དཔོན་ལྟ་དགོངས་ཅན་ཡིན་ན། ཐུགས་ཀར་ཨ་གཅིག་བསམ་པ་ལ་སློབ་མས་རིག་པ་གཏད་དེ་གཉིས་ཀས་མཉམ་པར་བཞག །སྒོམ་པ་ཉམས་མྱོང་དང་འབྲེལ་བའི་གཤིས་ནས། ཨ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད། དེས་ཀུན་གཞི་དང་ཤེས་བྱའི་སྒྲིབ་པ་དག །རྫོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བསྒོམ་པ་ལ་དབང༌། ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག །དེ་ནས་བཀའ་རྫོགས་ལུང་རྫོགས་ཕྱིར། །གླེགས་བམ་སྤྱི་བོར་བཞག་བྱས་ལ། ཧོཿ ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སེདྷ་། པཎ་ཆེན་བི་མ་ལ་མི་ཏྲ། ཨོ་རྒྱན་པདྨ་ཐོད་ཕྲེང༌། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་དྲི་མེད་འོད་ཟེར། ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་སོགས། རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ། ཡི་དམ་མཁའ་འགྲོ་རྒྱ་མཚོ། ཆོས་སྲིད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་དུ་


JLAZ010_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། བྱིན་གྱིས་བརླབ་ཏུ་གསོལ། རྟོགས་པ་སྤར་དུ་གསོལ། བརྟུལ་ཞུགས་བསྐྱེད་དུ་གསོལ། བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ། ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། ཞེས་ལན་གསུམ་དང༌། བཤད་སྒྲུབ་ཀྱི་བརྒྱུད་པ་འཛིན་པ་དག་ལ་ཐོད་རྒལ་རིག་པའི་རྩལ་དབང་བསྐུར་བ་ཡེ་ཤེས་བླ་མ་ལས་ཤེས་སོ། །དེ་ནས་དམ་ཚིག་བསྒྲགས་པ་ནི། གྲངས་དང་རིམ་པའི་རྣམ་དབྱེ་བཤད་ལ། རྩ་བ་སྐུ་གསུང་ཐུགས་མཆོག་དང༌། །ཡན་ལག་དམ་ཚིག་ཉི་ཤུ་ལྔ། །མེད་དང་གཅིག་པུ་ཕྱལ་བ་སོགས། །ཆོ་ག་བཞིན་དུ་བསྲུང་བར་བགྱི། །ལན་གསུམ། གཏང་རག་གི་མཎྜལ་ཕུལ། སླར་ཡང་ལུས་དང་ལོངས་སྤྱོད་བླ་མའི་ཕྱོགས་སུ་བསྔོ་བ་ནི། དམ་ཚིག་གི་ཐ་ཚིག་ཡིན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཁྱོད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་གསོལ། །གསུམ་གྱི་རྗེས་ལ་དགེ་བ་བསྔོ། གསུམ་པ་རྗེས་ཀྱི་ལས་ཁྲིགས་ནི། ཚོགས་འཁོར་བསྐོར། རྡོ་རྗེའི་གླུ་གར་བྱ། གཏང་རག་དང་དངོས་གྲུབ་བླང༌། རྡུལ་ཚོན་ཡིན་


JLAZ010_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཨ་ཀཱ་རོས་བསྡུ་ཞིང་ཆུ་ཀླུང་ལ་གཤེགས། རས་བྲིས་ལ་བརྟན་བཞུགས་བྱ། བསྔོ་སྨོན་དང༌། ཤིས་བརྗོད་ཀྱིས་མཐའ་བརྟེན་པ་སོགས་སྤྱི་ལྟར་བྱའོ། །དེའང་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་དག་ལ་ནི་ཡི་གེ་འདི་ཙམ་གྱིས་མཚོན་ལ། གཞན་དུ་ལྷོངས་སུ་མ་གྱུར་པའི་གང་ཟག་རྣམས་ལ་ནི་མདོ་སྔགས་ཀྱི་ལམ་སྤྱི་དང་བྱེ་བྲག་པ་དབང་གི་སྒྲོམ་ནས་ཁོང་དུ་ཆུད་པའི་སྐལ་བ་ཅན་ཉུང་པས་རང་དང་སློབ་མའི་དངོས་གྲུབ་ཀྱི་གེགས་སུ་འགྱུར་ཕྱིར་མདོ་སྒྱུ་སེམས་གསུམ་གྱི་རྒྱུད་སྡེའི་གནད་ལ་ངེས་པ་རྙེད་པར་མ་ནུས་ཀྱང༌། ཁོ་བོས་བྱས་པའི་གྲོལ་ཏིག་གི་དབང་ཅོག་མཁྱེན་བརྩེའི་དགོངས་རྒྱན་ལས་སྤྱི་དོན་ཤེས་པར་བྱ་བ་ཁོ་ནའོ། །འདི་ལྟར་ཞི་ཁྲོ་དང༌། དཔལ་ཆེན་ཅི་རིགས་པའི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་འཇུག་སྨིན་ཀྱི་ཆོ་ག་རྫོགས་པ་དག་ལ། རིག་འཛིན་དང༌། ཐུགས་རྗེ་ཆེན་པོ་ལ་སོགས་པའི་སྒོས་དབང་ནི། སོ་སོའི་ལས་གཞུང་གི་བདག་མདུན་བུམ་གསུམ་སྒྲུབ་ཅིང༌། རྩ་དབང་རྒྱལ་ཐབས་སྤྱི་བླུགས་ལྟར་ནང་ནུས་པ་འཇུག་པའི་དབང་གིས་ཆོ་ག་པ་ཡིན་ནོ། །ཞེས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །།


previousཀློང་ཆེན་སྙིང་གི་ཐིག་ལེ་ལས། དབང་གི་སྤྱི་དོན་སྙིང་པོ་དོན་གསལ།next