Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ཡིད་བཞིན་ནོར་བུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ཡིད་བཞིན་ནོར་བུ།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ཡིད་བཞིན་ནོར་བུ།


JLAZ010_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ཡིད་བཞིན་ནོར་བུ་བཞུགསཿ རིག་པ་དབྱིངས་ཀྱི་ལྷ་ལ་མདུདཿ བླ་མ་ཕྱི་ལྟར་སྒྲུབ་པ་ནིཿ མ་ངེས་གནས་སྐབས་ཐམས་ཅད་དུཿ ལུས་ནི་རྣམ་སྣང་ཆོས་བདུན་དངཿ མོས་གུས་དྲག་པོའི་ཀུན་སློང་གིསཿ ཤེས་པ་གཞན་དུ་མ་ཡེངས་པརཿ གཞི་རྫོགས་རྟེན་བསྐྱེད་འདི་ལྟར་གསལཿ ཨེ་མ་ཧོཿ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིངཿ བཀོད་པ་རབ་རྫོགས་ཟངས་མདོག་དཔལ་རིའི་དབུསཿ རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མཿ ངོ་བོ་འཚོ་རྒྱལ་ལ་རྣམ་པ་རྣལ་འབྱོར་མར་གསལ་རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་མན་ངག༔ ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིནཿ ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགསཿ སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེངཿ སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དངཿ དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུཿ དཀར་དམར་མདངས་ལྡན་གཞོན་ནུའི་ཤ་ཚུགས་ཅནཿ ཕོད་ཀ་ཆོས་གོས་ཟབ་བེར་མདུང་མ་གསོལཿ ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་པའི་སྟབསཿ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམསཿ དབུ་ལ་འདབ་ལྡན་པདྨའི་མཉེན་ཞུ་གསོལཿ མཆན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མཿ


JLAZ010_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་པའི་ཚུལ་གྱིས་ཁ་ཊཱཾ་རྩེ་གསུམ་བསྣམསཿ འཇའ་ཟེར་ཐིག་ལེ་འོད་ཕུང་ཀློང་ན་བཞུགསཿ ཕྱི་འཁོར་འོད་ལྔའི་དྲྭ་བས་མཛེས་པའི་ཀློངཿ སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་དངཿ རྒྱ་བོད་པཎ་གྲུབ་རིག་འཛིན་ཡི་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་གཏིབསཿ གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལཿ ཧཱུྃ་ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིསཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ གུ་རུ་པདྨ་སིདྡྷི་ཧཱུྃཿ ཧྲཱིཿ བདག་ལུས་ཞིང་གི་རྡུལ་སྙེད་དུཿ རྣམ་པར་འཕྲུལ་པས་ཕྱག་འཚལ་ལོཿ དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུསཿ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལཿ སྒོ་གསུམ་མི་དགེའི་ལས་རྣམས་ཀུནཿ འོད་གསལ་ཆོས་སྐུའི་ངང་དུ་བཤགསཿ བདེན་པ་གཉིས་ཀྱི་བསྡུས་པ་ཡིཿ དགེ་ཚོགས་ཀུན་ལ་རྗེས་ཡི་རངཿ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལཿ ཇི་སྲིད་འཁོར་བ་མ་སྟོངས་བརཿ མྱ་ངན་མི་འདའ་བཞུགས་གསོལ་འདེབསཿ དུས་གསུམ་བསགས་པའི་དགེ་རྩ་ཀུནཿ བྱང་


JLAZ010_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཆེན་པོའི་རྒྱུ་རུ་བསྔོཿ རྗེ་བཙུན་གུ་རུ་རིན་པོ་ཆེཿ ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱིཿ ཐུགས་རྗེ་བྱིན་རླབས་འདུས་པའི་དཔལཿ སེམས་ཅན་ཡོངས་ཀྱི་མགོན་གཅིག་པུཿ ལུས་དང་ལོངས་སྤྱོད་བློ་སྙིང་བྲངཿ ལྟོས་པ་མེད་པར་ཁྱེད་ལ་འབུལཿ འདི་ནས་བྱང་ཆུབ་མ་ཐོབ་བརཿ སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུནཿ རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེནཿ བདག་ལ་རེ་ས་གཞན་ན་མེདཿ ད་ལྟའི་དུས་ངན་སྙིགས་མའི་འགྲོཿ མི་བཟད་སྡུག་བསྔལ་འདམ་དུ་བྱིངཿ འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུཿ དབང་བཞི་བསྐུར་ཅིག་བྱིན་རླབས་ཅནཿ རྟོགས་པ་སྤོར་ཅིག་ཐུགས་རྗེ་ཅནཿ སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅནཿ ནམ་ཞིག་ཚེ་ཡི་དུས་བྱས་ཚེཿ རང་སྣང་རྔ་ཡབ་དཔལ་རིའི་ཞིངཿ ཟུང་འཇུག་སྤྲུལ་པའི་ཞིང་ཁམས་སུཿ གཞི་ལུས་རྡོ་རྗེ་རྣལ་འབྱོར་མཿ གསལ་འཚེར་འོད་ཀྱི་གོང་བུ་རུཿ གྱུར་ནས་རྗེ་བཙུན་པད་འབྱུང་དངཿ དབྱེར་མེད་ཆེན་པོར་སངས་རྒྱས་ཏེཿ བདེ་དང་སྟོང་པའི་ཆོ་འཕྲུལ་གྱིཿ ཡེ་ཤེས་ཆེན་པོའི་རོལ་པ་ལསཿ ཁམས་གསུམ་སེམས་ཅན་མ་ལུས་པཿ འདྲེན་པའི་དེད་དཔོན་དམ་པ་རུཿ རྗེ་བཙུན་པདྨས་དབུགས་དབྱུང་གསོལཿ གསོལ་བ་སྙིང་གི་དཀྱིལ་ནས་འདེབསཿ


JLAZ010_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཙམ་ཚིག་ཙམ་མ་ཡིན་ནོཿ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལཿ བསམ་དོན་འགྲུབ་པར་མཛད་དུ་གསོལཿ ཨོཾ་ཨཱཿཧཱུྃཿ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཞེས་ཁ་ཞེ་ངོས་ལྐོག་མེད་པར་བློས་ལིང་བསྐྱུར་གྱིས་བཟླས་པ་ཆུ་བོའི་རྒྱུན་བཞིན་བཟླ་བ་དང་མཉམ་དུ་དབང་བཞི་ལེན་པའི་དམིགས་པ་བྱཿ དམིགས་པ་མི་གསལ་བ་དང་ཁམས་འདུས་པ་སོགས་བྱུང་ནཿ སྣང་སྲིད་སྣོད་བཅུད་ཐམས་ཅད་ཨོ་རྒྱན་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རོལ་པར་དག་སྣང་སྦྱངས་ཏེ་གསོལ་བ་ཕུར་ཚུགས་སུ་བཏབཿ ཉམས་སྤྲོ་བ་དང་རིག་པ་དྭངས་པའི་ཚེ་སྣང་བ་གཏད་མེད་དུ་བསྐྱུར་ནས་ད་ལྟའི་ཤེས་པ་སྐད་ཅིག་མ་ཡེ་རེ་སྐྱོངཿ སྡུག་བསྔལ་གཏམ་ངན་ན་ཚ་སོགས་བྱུང་ན་བདག་གི་ལས་ངན་འཛད་པའི་ཐབས་སུ་བླ་མས་གནང་བ་ཡིན་པས་ང་རེ་དགའ་སྙམ་དུ་ཡིད་དྭངས་སྤྲོ་སིང་ངེ་བ་གྱིས་ལ་རླུང་རོ་འབུད་ཅིང་གསོལ་འདེབས་ལ་འབདཿ གདོན་བགེགས་ཀྱིས་འཚེ་བ་བྱུང་ན་དེ་ལ་སྙིང་རྗེ་དུང་དུང་བ་བསྐྱེད་ལ་ཁོའི་སེམསཿ རང་གི་རིག་པ་གུ་རུའི་ཐུགས་གསུམ་དབྱེར་མེད་དུ་བསྲེས་ལ་གནོད་བྱེད་ཀྱི་རྣམ་རྟོག་རྩ་གདར་བཅད་དེ་བཛྲ་གུ་རུ་ལ་འབདཿ རྟག་པར་གང་དུ་འདུག་པའི་གནས་ཟངས་མདོག་དཔལ་རི་དངོས་ཡིན་སྙམ་པ་ལས་ཐ་མལ་དུ་མི་བལྟཿ དེས་ཞིང་ཁམས་འབྱོངས་པ་ཡིན་ནོ། །འགྲོ་བའི་ཚེ་སངས་རྒྱས་ཀྱི་ཞིང་ཁམས་རྡུལ་ཕྲ་རབ་ལ་བསྐོར་བ་བྱེད་པར་བསམཿ ཅི་ཟ་ཅི་འཐུང་གི་ཕུད་བདུད་རྩིའི་རང་བཞིན་དུ་བསམས་ཏེ།


JLAZ010_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོའི་བླ་མ་ལ་འབུལཿ ཉལ་བའི་ཚེ་སྤྱི་བོ་ཚངས་པའི་བུ་ག་ནས་མར་ལ་ཡེར་གྱིས་བྱོན་ནསཿ རང་གི་སྙིང་པདྨ་འདབ་བཞིའི་རྣམ་པར་གནས་པའི་ནང་དུ་བྱོནཿ དེའི་འོད་ཟེར་གྱིས་རང་ལུས་སྣོད་བཅུད་དང་བཅས་པ་འོད་གསལ་དུ་སྦྱངས་པའི་སྣང་བ་ནང་གསལ་ཐིམ་ལ་མ་རྨུགས་པའི་ངང་དུ་ཁམས་གསོཿ གལ་ཏེ་སད་པ་ན་འཕྲོ་རྒོད་རྒྱ་འབྱམས་དང་རྨི་ལམ་སོགས་ལ་བསམ་གཞིག་གི་འཕྲོ་བཅད་དེ་འོད་གསལ་གྱི་ངང་མདངས་ཁྱབ་གདལ་དུ་བསྐྱངསཿ ནང་པར་ལྡང་བའི་ཚེ་ཆུ་ལས་ཉ་འཕར་བ་བཞིནཿ གཞི་ལུས་ཞིང་ཁམས་ཀྱི་བཀོད་པ་དང་བཅས་པ་གསལ་བཞིན་པའི་ངང་ལས་སྙིང་གའི་བླ་མ་དབུ་མའི་ལམ་བརྒྱུད་སྤྱི་བོའི་སྟེང་གི་བར་སྣང་ལ་ཡེ་རེ་ཁྱིལ་ལེར་དགྱེས་བཞིན་དུ་བཞུགས་པར་བསམཿ མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ཟངས་མདོག་དཔལ་རིའི་ཕོ་བྲངཿ ནང་བཅུད་ཀྱི་སེམས་ཅན་དཔའ་བོ་མཁའ་འགྲོའི་ཚོམ་བུཿ གསང་བ་སེམས་ཀྱི་འཕྲོ་འདུ་རང་གྲོལ་བྱ་ལམ་རྗེས་མེད་དུ་ཤེས་པའི་ངང་ནས་སྙིང་པོ་བཛྲ་གུ་རུ་ཁོ་ན་ལ་འབད་ཅིངཿ ཐུན་མཚམས་སུ་ཟངས་མདོག་དཔལ་རིའི་སྨོན་ལམ་འདོན་ཞིང་བསྔོ་བས་རྒྱས་འདེབསཿ དུས་དང་དུས་མ་ཡིན་ལ་སོགས་མདོར་ན་ནམ་འཆི་བ་ལ་བབས་པའི་ཚེ་གཞི་ལུས་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་འོད་ཀྱི་གོང་བུར་གྱུར་ནས་སྤྱི་བོའི་བླ་མ་ལ་བསྟིམསཿ བླ་མ་རང་སེམས་གཉིས་སུ་མེད་པའི་ངང་ལ་ཤེས་པ་སྤྲོ་བསྡུ་


JLAZ010_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བར་བཞག་པ་ནི་འཕོ་བ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ལཿ འདི་ལྟ་བུའི་མན་ངག་ནི་བསྐྱེད་རིམ་གྱི་གནདཿ རྫོགས་རིམ་གྱི་བཅུདཿ གནས་ལུགས་ཀྱི་མཚངཿ མན་ངག་གི་མདུན་ཡིན་པས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཞལ་བསྡུར་ཀྱང་གནད་འདི་ལས་ཟབ་པ་འབྱུང་མི་སྲིད་པའི་ཟབ་རྒྱ་ཡིན་པས་སྐལ་ལྡན་རྣམས་ཀྱི་སྙིང་ལ་གཅེས་པར་ཟུངས་ཤིགཿ ཨེ་མ་ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཕྱི་སྒྲུབ་བླ་མའི་རྣལ་འབྱོར་སྐོརཿ ཟབ་གཉན་བྱིན་རླབས་ཚན་ཁ་ཆེཿ འོད་གསལ་དབུ་མའི་ཕོ་བྲང་དུཿ ཤེས་རིག་པདྨ་ཐོད་ཕྲེང་གིསཿ བྱིན་རླབས་བརྡ་བརྒྱུད་ཚུལ་དུ་གདམསཿ འགྲོ་དོན་དུས་ལ་བབ་པའི་ཚེཿ ཐུགས་གཏེར་ནམ་མཁའ་མཛོད་ཀྱི་སྒོཿ རྟེན་འབྲེལ་ཟབ་མོའི་རྐྱེན་གྱིས་ཕྱེདཿ ཤིན་ཏུ་ཟབ་པའི་མཐར་ཐུག་གོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ༈ དབང་བཞི་ལེན་པའི་དམིགས་པ་ནི། བླ་མ་ལ་གདུང་བ་དྲག་པོའི་རྐྱེན་གྱིས་བདག་ཉིད་ལ་བརྩེ་བས་རྗེས་སུ་དགོངས་ཏེ། གུ་རུའི་སྨིན་མཚམས་ནས་ཨོཾ་ཡིག་ཆུ་ཤེལ་ལྟ་བུར་འཚེར་བ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ལས་དང་རྩའི་སྒྲིབ་པ་དག །སྐུ་རྡོ་རྗེ་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག །མགྲིན་པ་ན་ཨཱཿཡིག་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་


JLAZ010_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་བ་བརྒྱུད་ལ་བཞག །ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་ག་ནས་ཞུགས། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙཎྜ་ལཱིའི་སྣོད་དུ་གྱུར། ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས། ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །སླར་ཡང་ཐུགས་ཀའི་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་ཏུ་ཆད། རང་སེམས་དང་ཐ་དད་མེད་པར་འདྲེས། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པར་དོན་དམ་གྱི་དབང་ཐོབ། །ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རྒྱུད་ལ་བཞག་གོ། དེ་རྗེས་གུ་རུའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དུ་མ་རོ་གཅིག་ཏུ་བསྲེས་པའི་ངང་ལ་ལྟ་བའི་ངང་མདངས་བསྐྱང་ཞིང་གསོལ་འདེབས་བསྙེན་པ་ལ་འབད། འདི་ནི་བླ་མ་ཆོས་སྐུའི་ཞལ་བལྟ་བ་ཞེས་བྱའོཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ཡིད་བཞིན་ནོར་བུ།next