Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བརྒྱུད་འདེབས་བྱིན་རླབས་ཆར་རྒྱུན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བརྒྱུད་འདེབས་བྱིན་རླབས་ཆར་རྒྱུན།next

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བརྒྱུད་འདེབས་བྱིན་རླབས་ཆར་རྒྱུན།


JLAZ010_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

༂ རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བརྒྱུད་འདེབས་བྱིན་རླབས་ཆར་རྒྱུན་བཞུགས། ཨེ་མ་ཧོཿ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནསཿ དང་པོའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟངཿ ལོངས་སྐུ་ཆུ་ཟླའི་རོལ་རྩལ་རྡོ་རྗེ་སེམསཿ སྤྲུལ་སྐུར་མཚན་རྫོགས་དགའ་རབ་རྡོ་རྗེ་ལཿ གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལཿ ཤྲཱི་སིདྷ་དོན་དམ་ཆོས་ཀྱི་མཛོདཿ འཇམ་དཔལ་བཤེས་གཉེན་ཐེག་དགུའི་འཁོར་ལོས་སྒྱུརཿ ཛྙཱ་ན་སུ་ཏྲ་པཎ་ཆེན་བི་མ་ལརཿ གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོནཿ འཛམ་བུའི་གླིང་གི་རྒྱན་གཅིག་པདྨ་འབྱུངཿ ངེས་པར་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགསཿ ཐུགས་གཏེར་རྒྱ་མཚོའི་བརྡ་འགྲོལ་ཀློང་ཆེན་ཞབསཿ མཁའ་འགྲོའི་དབྱིངས་མཛོད་བཀའ་བབས་འཇིགས་མེད་གླིངཿ གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་སྩོལཿ སྲིད་ལས་ངེས་པར་འབྱུང་བའི་ཞེན་ལོག་གིསཿ རྡོ་རྗེའི་བླ་མ་དོན་ལྡན་མིག་བཞིན་བརྟེནཿ ཅི་གསུང་བཀའ་བསྒྲུབ་ཟབ་མོའི་ཉམས་ལེན་ལཿ ལྟེམ་རྐྱང་མེད་པའི་སྒྲུབ་ཚུགས་ཞེ་རུས་ཀྱིསཿ ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བར་ཤོགཿ སྣང་སྲིད་འཁོར་འདས་ཡེ་ནས་འོག་མིན་ཞིངཿ ལྷ་སྔགས་ཆོས་སྐུར་དག་རྫོགས་སྨིན་པའི་འབྲསཿ སྤང་བླང་བྱ་རྩོལ་མེད་པའི་རྫོགས་པ་ཆེཿ ཤེས་ཉམས་ཡིད་དཔྱོད་ལས་འདས་རིག་པའི་གདངསཿ ཆོས་ཉིད་


JLAZ010_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་རྗེན་པར་མཐོང་བར་ཤོགཿ མཚན་མའི་རྟོགས་པ་རྣམ་གྲོལ་འཇའ་ཟེར་སྦུབསཿ སྐུ་དང་ཐིག་ལེའི་ཉམས་སྣང་གོང་དུ་འཕེལཿ རིག་རྩལ་ལོངས་སྐུའི་ཞིང་ཁམས་ཚད་ལ་ཕེབསཿ ཆོས་ཟད་བློ་འདས་ཆེན་པོར་སངས་རྒྱས་ནསཿ གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོགཿ ཤིན་ཏུ་རྣལ་འབྱོར་ཉམས་འོག་མ་ཆུད་དེཿ རགས་ལུས་དྭངས་མའི་དབྱིངས་སུ་མ་གྲོལ་ནཿ ནམ་ཞིག་ཚེ་ཡི་འདུ་བྱེད་བསྟུངས་བའི་ཚེཿ འཆི་བ་འོད་གསལ་ཀ་དག་ཆོས་སྐུར་ཤརཿ བར་དོའི་སྣང་ཆ་ལོངས་སྤྱོད་རྫོགས་སྐུར་གྲོལཿ ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་ནསཿ མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོགཿ གསང་ཆེན་འོད་གསལ་ཐེག་པ་མཆོག་གི་རྩེཿ སངས་རྒྱས་གཞན་ནས་མི་འཚོལ་ཆོས་སྐུའི་ཞལཿ མངོན་གྱུར་གདོད་མའི་ས་ལ་མ་གྲོལ་ནཿ མ་སྒོམ་སངས་རྒྱས་ཆོས་ལྔའི་ལམ་མཆོག་ལཿ བརྟེན་ནས་རང་བཞིན་སྤྲུལ་པའི་ཞིང་ལྔ་དངཿ ཁྱད་པར་པདྨ་འོད་ཀྱི་ཕོ་བྲང་དུཿ རིག་འཛིན་རྒྱ་མཚོའི་གཙོ་མཆོག་ཨོ་རྒྱན་རྗེསཿ གསང་ཆེན་ཆོས་ཀྱི་དགའ་སྟོན་འགྱེད་པའི་སརཿ སྲས་ཀྱི་ཐུ་བོར་སྐྱེས་ནས་དབུགས་དབྱུང་སྟེཿ མཐའ་ཡས་འགྲོ་བའི་ཉེར་འཚོར་བདག་འགྱུར་ཤོགཿ རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དངཿ ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་པ་ཡིསཿ དལ་འབྱོར་རྟེན་ལ་རྫོགས་སྨིན་སྦྱངས་གསུམ་གྱིསཿ རྟེན་འབྲེལ་མངོན་གྱུར་སངས་རྒྱས་ཐོབ་པར་ཤོགཿ


previousརྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་བརྒྱུད་འདེབས་བྱིན་རླབས་ཆར་རྒྱུན།next