Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀ་མཁའ་འགྲོའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀ་མཁའ་འགྲོའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀ་མཁའ་འགྲོའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ།


JLAZ010_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

༃ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀ་མཁའ་འགྲོའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ་བཞུགསཿ


JLAZ010_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཆེན་པོ་པདྨ་ནིཿ དབྱིངས་ཀྱི་ཡུམ་ལ་དབང་བསྒྱུར་བསཿ མཁའ་འགྲོ་ཡོངས་ཀྱི་མིང་པོ་ཡིནཿ ཆུ་སྐྱེས་ཞལ་གྱི་གེ་སར་ལསཿ བྱུང་བའི་ལྷ་མོ་མྱུར་དཔའ་སྒྲོལཿ གངས་རིའི་ཁྲོད་ན་མི་མོའི་ཚུལཿ ཕྱི་ལྟར་དབྱངས་ཅན་མཚོ་རྒྱལ་མཿ ནང་ལྟར་རྗེ་བཙུན་སྒྲོལ་མ་དངོསཿ གསང་བ་རྡོ་རྗེ་ཕག་མོ་ཡིནཿ བསྙེན་པ་དབྱིངས་ཀྱི་ཡུམ་ལ་བྱཿདོན་གྱི་ཕག་མོས་ཞལ་མཐོང་འགྱུརཿ ཕྲིན་ལས་ཐུགས་རྗེས་རྩལ་ཤུགས་ནིཿ བྱེ་བ་ཕྲག་བརྒྱའི་སངས་རྒྱས་དངཿ སེམས་དཔའ་མཆོག་རྣམས་བསྙེན་བཀུར་ཞིངཿ འགྲོ་སྒྲོལ་ཐུགས་བསྐྱེད་དམ་བཅའ་ལཿ དཔལ་ཞིང་ཐུགས་རྗེ་མྱུར་བས་ནཿ བཅོམ་ལྡན་སྣང་བ་མཐའ་ཡས་དངཿ བསྐལ་བཟང་སངས་རྒྱས་སྟོང་རྩ་ཡིསཿ བསྟོད་བསྔགས་རྒྱལ་སྲས་རྣམས་ཀྱིས་བསྟེནཿ ས་དང་ཕ་རོལ་ཕྱིན་པ་ལཿ དབང་བསྒྱུར་སྒྲོལ་མ་རྣལ་འབྱོར་


JLAZ010_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མའིཿ རྣམ་པར་སྒྲུབ་པས་བྱིན་རླབས་འགྱུརཿ ས་མ་ཡཿདེ་ལ་ལུས་ཚོགས་ཉེར་གཅིག་གིཿ དང་པོ་ཚད་མེད་བཞི་བསྒོམས་ནསཿ གཞན་ཕན་རྟེན་འབྲེལ་བསྒྲིགས་པ་གཅེསཿ སྙན་གྲགས་རྩ་བ་བྱང་ཆུབ་སེམསཿ རང་སྣང་འགྱུར་ཚེ་གཞན་སྣང་འགྱུརཿ རྩ་བའི་སྒྲུབ་པས་ཁོག་ཕུབས་ལཿ ཡེ་ཤེས་སེམས་དཔའ་གནས་བསྒྱུར་ནིཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ མྱུར་མ་དཔའ་བའི་རྗེ་བཙུན་མཿ དམར་མོ་ཁྲོ་འཛུམ་ཆགས་པའི་ཉམསཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ གཡས་འཁྱིལ་དུང་མཚན་ཨུཏྤལ་འཛིནཿ གློག་ལྟར་མྱུར་བའི་སྤྱན་གཡོས་པསཿ ལྷ་དང་བཅས་པའི་འཇིག་


JLAZ010_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ནཿ བདག་གི་སྙན་གྲགས་གསལ་བར་བསམཿ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བོ་དྷི་ཙིཏྟཱ་སྭཱ་ཧཱཿཐུགས་ཀར་ཟླ་གདན་ལ་ཏཱཾ་ཡིག་བཀོད་པའི་མཐའ་བསྐོར་སྔགས་ཕྲེང་ལས་མཐུན་གྱི་འོད་ཟེར་འཕྲོ་བར་བསམ་མོཿ མཆན། ཐུན་མཚམས་མཆོད་ཅིང་ཡིག་བརྒྱས་བཤགསཿ མྱུར་མ་དཔའ་མོ་བརྒྱ་ཚར་བརྗོདཿ སྨོན་སེམས་བསྐྱེད་ཅིང་དགེ་བ་བསྔོཿཀུན་ལ་ཐུན་མཐར་ཚོགས་འཁོར་བསྐོརཿ ལས་མཐའ་མེ་མཆོད་ཉིད་ལ་གཏདཿ རྣོ་ལ་ངར་གྱི་གདགས་པ་བཞིནཿ ས་མ་ཡཿ༈གཉིས་པ་བློ་དང་ཤེས་རབ་སྒྲུབཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ དབྱངས་ཅན་མ་ནི་སྟོན་ཟླའི་ཞལཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ མེ་ལོང་ཧྲཱིཾཿམཚན་ཨུཏྤལ་འཛིནཿ འོད་ཟེར་འཕྲོས་པས་རྒྱལ་རྣམས་ཀྱིཿམཁྱེན་རབ་སོ་སོ་ཡང་དག་རིགཿ སྐར་མ་སྟོང་ཕྲག་ཚོགས་པ་ལྟའིཿབློ་གྲོས་གཏེར་ཁ་ཕྱེ་བར་བསམཿ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པྲ་ཛྙཱ་ཧྲིཾ་ཧྲིཾ་སྭཱ་ཧཱཿརྨོངས་པའི་རྒྱུན་ནི་མ་རིག་པཿནད་དང་གདོན་ཡང་དེ་ལ་བརྟེནཿ རིག་པ་འདི་བསྒྲུབས་སྐྱེས་བུ་ནིཿ ཤེས་རབ་ལྷ་ཡིས་རྗེས་སུ་འཛིནཿ ཐུན་མཚམས་གོང་འདྲཿ ཕྱག་འཚལ་ནིཿ སྟོན་ཀའི་ཟླ་བ་ཀུན་ཏུ་བརྗོདཿ ས་མ་ཡཿགསུམ་པ་བསོད་ནམས་སྟོབས་བསྐྱེད་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ སེར་མོ་བསོད་ནམས་མཆོག་སྟེར་མཿ ཞབས་


JLAZ010_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཆུ་སྐྱེས་སྟེང་ན་རིན་ཆེན་འཛིནཿ སྐུ་ལས་ཉི་གཞོན་འཆར་ཀའི་འོདཿ འཕྲོས་པས་བྱང་ཆུབ་སེམས་དཔའ་ཡིཿའཇུག་པའི་སྤྱོད་པ་བདག་དབང་གྱུརཿ ཀུན་ཀྱིས་བརྫི་བར་མི་ནུས་པའིཿདབང་བཅུའི་ཡོན་ཏན་ཐོབ་པར་བསམཿ རྩ་སྔགས་ཤམ་བུརཿ མ་ཧཱ་པུཎྱེ་སྭཱ་ཧཱཿབསོད་ནམས་མེད་ན་ལོངས་སྤྱོད་དངཿ ཚེ་ཡང་རྟག་པར་མི་ནུས་ནཿ ཆོས་དོན་གཉེར་ལ་སྨོས་ཅི་དགོསཿ དེ་ཕྱིར་འདི་ལ་བརྩོན་པར་གྱིསཿ ཐུན་མཚམས་གོང་འདྲ། ཕྱག་འཚལ་ནིཿ སེར་སྔོན་ཆུ་ནས་སྐྱེས་ཀྱི་བརྗོདཿ ས་མ་ཡཿ༈བཞི་པ་འཆི་མེད་ཚེ་སྒྲུབ་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ གཙུག་ཏོར་རྣམ་རྒྱལ་གསེར་མདོག་ཅནཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་ཚེ་བུམ་མཛིནཿ འོད་ཟེར་སྤྲོ་བསྡུས་འཁོར་འདས་ཀྱིཿདྭངས་བཅུད་བདག་ལ་ཐིམ་པར་བསམཿ རྩ་སྔགས་ཤམ་བུརཿ ཨཱ་ཡུར་ད་ཏེ་བྷྲཱུཾ་སྭཱ་ཧཱཿསྤྲོས་པ་ཅན་ལ་ཚེ་རྫས་བཤམཿ ཚེ་དབང་བདུད་རྩི་བུམ་བཅུད་ཀྱིཿ སྔགས་ལ་ཚིག་ཕྲད་བསྒྱུར་བས་འགྲུབཿ ཕྱག་མཚལ་དེ་བཞིན་གཤེགས་པའི་བརྗོདཿ ས་མ་ཡཿ༈ ལྔ་པ་དམིགས་བྱ་དབང་སྡུད་ནཿ མཁའ་འགྲོའི་ཐུགས་ཀར་


JLAZ010_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཟླའི་སྟེངཿ རིག་བྱེད་སྒྲོལ་མ་ལེ་བརྒན་མདོགཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་མདའ་གཞུ་འཛིནཿ འབར་ཞིང་རྣོ་བའི་འོད་ཟེར་གྱིསཿ དམིགས་བྱའི་སྙིང་ལ་གཟིར་བ་ཡིསཿ བརྟན་པ་འབྲལ་ཏེ་འདུད་པར་བསམཿ རྩ་སྔགས་ཤམ་བུརཿ ཀུ་རུ་ཀུལླེ་ནྲི་ཛཿསྭཱ་ཧཱཿམཁན་སློབ་དགེ་འདུན་རྒྱལ་བློན་དངཿ ཁྱིམ་བདག་དྲ་མའི་མིང་སྤེལ་བཅུགཿ ཕྱག་འཚལ་ཏུཏྟཱ་ར་སོགས་བརྗོདཿ ས་མ་ཡཿ༈དྲུག་པ་སྨྱོ་བརྗེད་ཤ་ཟ་དངཿ གནོད་སྦྱིན་གདོན་གྱི་སྟོབས་གཞོམ་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ འཇིགས་བྱེད་ཆེན་མོ་དམར་ནག་ཞལཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་ཕུར་བུ་འཛིནཿ ཧཱུྃ་གི་ཚྭ་ཚྭ་འཕྲོས་པ་ཡིསཿ གདོན་གྱི་མགོ་བོ་རབ་བཀས་ནསཿ ཆོས་ཉིད་ངང་དུ་བརྒྱལ་བར་བསམཿ རྩ་སྔགས་ཤམ་བུརཿ སརྦ་བིག་ནན་བཾ་ཧཱུྃ་ཕཊ་སྭཱ་ཧཱཿརྨོངས་བྱེད་གདོན་དང་སྨྱོ་འདྲེ་ཀུནཿ འདི་ཡིས་གསོས་པར་ཐེ་ཚོམ་མེདཿ ཕྱག་འཚལ་བརྒྱ་བྱིན་མེ་ལྷ་བརྗོདཿ ས་མ་ཡཿ༈བདུན་པ་གཡུལ་གྱི་འཁྲུལ་འཁོར་དངཿ ཐོག་སེར་དྲག་པོ་འཇོམས་འདོད་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ


JLAZ010_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོ་གཞན་གྱིས་མི་ཐུབ་མཿ ནག་མོ་མེ་འབར་ཁྲོ་གཉེར་ཅནཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་རལ་གྲི་འཛིནཿ ཐོག་སེར་སྡེ་བརྒྱད་འཁྲུལ་འཁོར་དངཿ སྒྱོགས་སོགས་གཡུལ་གྱི་འཁྲུལ་འཁོར་གྱིཿ དགྲ་གཤེད་ཐལ་བར་གྱུར་པར་བསམཿ རྩ་སྔགས་ཤམ་བུརཿ བཛྲ་ཏ་ཀ་ཧ་ན་ལི་ཙ་ཕཊཿཕྱག་འཚལ་ཏྲད་ཅེས་བྱ་དང་བརྗོདཿ ས་མ་ཡཿ༈བརྒྱད་པ་གཞན་རྒོལ་མཚང་འབྲུ་གཞོམཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ གཞན་མི་རྒྱལ་བའི་དཔའ་མོ་ནིཿ དམར་ནག་ཁྲོ་གཉེར་ལྡན་པའི་ཞལཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་རྡོ་རྗེ་འཛིནཿ ཚ་ཞིང་རྩུབ་པའི་འོད་ཟེར་གྱིསཿ ཉོན་མོངས་བདུད་དགྲ་གསོད་པར་བསམཿ རྩ་སྔགས་ཤམ་བུརཿ ད་ཧ་པ་ཙ་ཧཱུྃ་ཕཊ་སྭཱ་ཧཱཿཕྱག་འཚལ་ཏུ་རེའི་འཇིགས་པ་བརྗོདཿ ས་མ་ཡཿ༈དགུ་པ་འཇིགས་པའི་ཚོགས་སྐྱོབ་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ སེང་ལྡེང་ནགས་ཀྱི་སྒྲོལ་མ་ནིཿ མར་གད་མདོག་ཅན་འོད་རབ་འཁྲུགསཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ


JLAZ010_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་འཁོར་ལོ་འཛིནཿ མེ་སྤྲུལ་ཤ་ཟ་གླང་ཆེན་བཙོནཿ ཆོམ་རྐུན་སེང་གེ་རྒྱ་མཚོའི་རླབསཿ རྒྱལ་པོའི་ཆད་པ་དགྲ་གདོན་མཛེཿབཤེས་བྲལ་དབུལ་ཕོངས་གནམ་ལྕགས་ཐོགཿ དོན་ཉམས་ལ་སོགས་འཇིགས་པ་ནིཿ བརྒྱད་ཚན་གཉིས་ལས་སྐྱོབས་པར་བསམཿ རྩ་སྔགས་ཤམ་བུར། དཱ་ན་ཏྲ་ཡ་སྭཱ་ཧཱཿཕྱག་འཚལ་དཀོན་མཆོག་གསུམ་མཚོན་བརྗོདཿ ས་མ་ཡཿ༈བཅུ་པ་འཇིག་རྟེན་དབང་བྱེད་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་དམརཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་རྒྱལ་མཚན་འཛིནཿ འདོད་ལྷ་དབང་བྱེད་འོད་ཟེར་དངཿ བཞད་པ་བརྒྱད་ལྡན་སྔགས་ཀྱི་སྒྲསཿ གཞན་འཕྲུལ་དབང་བྱེད་སྡེ་དང་བཅསཿ རྨོངས་ཤིང་བདག་གི་དབང་གྱུར་ནསཿ འཇིག་རྟེན་ཀུན་ཀྱིས་འདུད་པར་དམིགསཿ རྩ་སྔགས་ཤམ་བུརཿ ལོ་ཀ་པཱ་ཤཾ་ཀུ་རུ་སྭཱ་ཧཱཿརྗེ་དཔོན་དབང་གྱུར་གཞན་སྨོས་ཅིཿརྒྱལ་བློན་རབ་བྱུང་ཁྱིམ་བདག་དངཿ ཡུལ་གྱི་གཙོ་བོ་རིག་གནས་མཁནཿ དཔལ་ཆེན་བུད་མེད་རིགས་བཟང་མོཿ ལྷ་ཀླུ་གནོད་སྦྱིན་ནོར་གྱི་ལྷཿ སྐྱེད་མོས་ཚལ་དང་ཡུལ་མཁར་ཞིངཿ རྐང་ཕྲན་


JLAZ010_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་དབྱིག་ཕྱུགས་ལ་སོགསཿ གང་འདོད་དམིགས་པའི་ལྡེ་ཁ་སྒྱུརཿ ཕྱག་འཚལ་རབ་ཏུ་དགའ་བ་བརྗོདཿ ས་མ་ཡཿ༈བཅུ་གཅིག་དབུལ་བ་སེལ་འདོད་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ ནོར་གཏེར་དམར་སེར་ཁྲོ་གཉེར་ཅནཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་གཏེར་བུམ་འཛིནཿ འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་སོགསཿ ས་གཞི་སྐྱོང་བའི་ཕོ་ཉ་བསྐུལཿ ལྷ་ཀླུ་མི་ཡི་དཔལ་འབྱོར་དངཿ ལོངས་སྤྱོད་ཆར་དུ་ཕབ་པ་ཡིསཿ ཡུལ་ལྗོངས་དང་ནི་ཁྱིམ་གང་བསམཿ རྩ་སྔགས་ཤམ་བུརཿ མ་མ་བ་སུ་པུཥྟིཾ་ཀུ་རུ་སྭཱ་ཧཱཿཕྱག་འཚལ་ས་གཞི་སྐྱོང་བ་བརྗོདཿ གཏེར་བུམ་བསྒྲུབ་དང་གཡང་འགུགས་སོགསཿ ཕྲིན་ལས་ཁ་ཚར་གདགས་སུ་རུངཿ ས་མ་ཡཿ༈བཅུ་གཉིས་ཆར་ཆུ་བུ་དཔལ་སྤེལཿ ཡུལ་གྲུ་བཀྲ་ཤིས་བྱེད་འདོད་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ བཀྲ་ཤིས་དོན་བྱེད་སྒྲོལ་མ་སེརཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་དཔལ་བེའུ་འཛིནཿ ལྷ་མོའི་དཔྲལ་བའི་ཟླ་བའི་ཟེར་ལས་བདུད་རྩིའི་ཆརཿ ཕབ་པས་རྩི་སྨན་ལོ་ཏོག་རྒྱསཿ རིགས་བདག་ཉིད་ལས་འོད་འཕྲོས་


JLAZ010_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པསཿ བཀྲ་ཤིས་རྫས་རྟགས་ཆར་དུ་བབཿ བརྟན་གཡོའི་རྟེན་འབྲེལ་ལོག་པའི་དུགཿ གཞིལ་ཏེ་ཕུན་སུམ་ཚོགས་པར་བསམཿ རྩ་སྔགས་ཤམ་བུརཿ མངྒ་ལ་ཤྲཱི་མ་ཧཱ་པཱ་ཎི་སྭཱ་ཧཱཿཕྱག་འཚལ་ཟླ་བའི་དུམ་སོགས་བརྗོདཿ ས་མ་ཡཿ༈བཅུ་གསུམ་གཡུལ་ལས་རྒྱལ་བྱེད་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ མེ་འབར་དབུས་གནས་རྗེ་བཙུན་མཿ དམར་མོ་སྤྱན་གསུམ་ཁྲོས་པའི་གདོངཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་རྡོ་རྗེ་གདེངསཿ འོད་ཟེར་རྡོ་རྗེའི་ཚྭ་ཚྭ་ཡིསཿ གཞན་སྡེ་བཅོམ་ནས་ཚུར་འདུས་པསཿ རྡོ་རྗེའི་རྭ་བའི་གུར་གྱུར་པའིཿནང་དུ་རང་སྲིད་སྲུང་བར་བསམཿ རྩ་སྔགས་ཤམ་བུརཿ བཛྲ་ཛྭ་ལ་ཕཊ་ཕཊཿརཀྴ་རཀྵ་སྭཱ་ཧཱཿཕྱག་འཚལ་བསྐལ་པའི་ཐ་མ་བརྗོདཿ ས་མ་ཡཿ༈བཅུ་བཞི་འགོང་པོ་སྤུན་དགུ་དངཿ སྡེ་བརྒྱད་གནོད་བྱེད་ཚོགས་གཞོམ་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ ཁྲོ་གཉེར་ཅན་མཛད་སྐུ་མདོག་ནགཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་གཏུན་ཤིང་འཛིནཿ ཧཱུྃ་སྒྲ་སྒྲོགས་པའི་འོད་ཟེར་དངཿ ཕྱག་ཞབས་ས་ལ་བསྣུན་


JLAZ010_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིསཿ དམ་འགོང་རྒྱ་འདྲེའི་མགོ་བོ་བཀསཿ ཆོས་ཉིད་ངང་དུ་བརྒྱལ་བར་བསམཿ རྩ་སྔགས་ཤམ་བུརཿ ཧཱུྃ་ཧཱུྃ་ཧཾ་ཤཾ་ཏྲིག་ནན་ཕཊཿཕྱག་འཚལ་ས་གཞིའི་ངོས་སོགས་བརྗོདཿ ས་མ་ཡཿ༈བཅོ་ལྔ་སྡིག་པ་ཞི་འདོད་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ རབ་ཏུ་ཞི་བ་སྐུ་མདོག་དཀརཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་སྤྱི་བླུགས་འཛིནཿ ཐུགས་ལས་དག་བྱེད་ལྷ་མོ་ནིཿ བུམ་པ་ཐོགས་པ་དཔག་མེད་སྤྲོསཿ ཟླ་གདན་ལ་གནས་དམིགས་བྱ་ཡིཿངན་སོང་སྡིག་སྒྲིབ་བཀྲུས་པར་བསམཿ རྩ་སྔགས་ཤམ་བུརཿ སརྦ་པཱ་པཾ་ག་ཏེ་ག་ཏེ་སྭཱ་ཧཱཿཕྱག་འཚལ་བདེ་མ་དགེ་མ་བརྗོདཿ གནས་ལུང་དག་ཀྱང་སྦྱར་དུ་རུངཿ ས་མ་ཡཿ༈བཅུ་དྲུག་དགྲ་ཡི་མཐུ་སད་ཅིངཿ བྱད་མའི་རིགས་སྔགས་སྟོབས་གཞོམ་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ འབར་བའི་འོད་ཅན་སྐུ་མདོག་དམརཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་རྒྱ་གྲམ་འཛིནཿ འོད་ཟེར་འཕྲོས་པས་དགྲ་བོ་དངཿ བྱད་མའི་མཐུ་སྟོབས་ངག་ནུས་བཤིགཿ དྲང་སྲོང་


JLAZ010_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ལ་དབང་ཐོབ་དམིགསཿ རྩ་སྔགས་ཤམ་བུརཿ ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཕཊཿསྭཱ་ཧཱཿཕྱག་འཚལ་ཀུན་ནས་བསྐོར་རབ་བརྗོདཿ ས་མ་ཡཿ༈བཅུ་བདུན་དགྲ་ཇག་ཆོམ་རྐུན་དངཿ རྔོན་པ་ཅན་གྱི་ཁ་འཆིང་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ དཔག་མེད་གནོན་མ་གུར་གུམ་མདོགཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་མཆོད་རྟེན་འཛིནཿ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཧཱུྃཿཞབས་མཐིལ་ས་ལ་བརྡབས་པ་ཡིསཿ སྟོང་གསུམ་ཕ་རོལ་གནས་པའི་རིཿམནྡ་ར་དང་འབིགས་བྱེད་དངཿ འདོད་དང་གཟུགས་ཁམས་གཟུགས་མེད་ལྡེགཿ དྲག་ཤུལ་སྟོབས་ཀྱིས་དམིགས་བྱའི་གཟུགསཿ ཞབས་ཀྱི་འོག་ཏུ་མནན་པར་བསམཿ རྩ་སྔགས་ཤམ་བུརཿ ཧཱུྃ་ཧཱུྃ་བཾ་ཧོཿསྭཱ་ཧཱཿཕྱག་འཚལ་ཏུ་རེའི་ཞབས་བརྡབས་བརྗོདཿ ས་མ་ཡཿ༈བཅོ་བརྒྱད་སྦྱར་དང་དབྱིག་གི་དུགཿ གཟའ་ཀླུ་གནོད་སྦྱིན་སྡེ་ཚོགས་ཀྱིཿམཐོང་རེག་ཁ་རླངས་དུག་བསྲུང་ནཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ སྒྲོལ་མ་རྨ་བྱ་ཆེན་མོ་དཀརཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ རི་དྭགས་རྟགས་ཅན་ཟླ་བ་ཉ་གང༌། ཨུཏྤལ་འཛིནཿ འོད་ཟེར་འཕྲོས་པས་


JLAZ010_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གཡོའི་དུགཿ ལྷག་མ་མེད་པར་གཞིལ་བར་བསམཿ རྩ་སྔགས་ཤམ་བུརཿ སརྦ་བི་ཥ་ཏཱ་ར་ཕཊཿཕྱག་འཚལ་ལྷ་ཡི་མཚོ་རྣམས་བརྗོདཿ དུག་དབྱུང་བྱེད་ན་བུམ་སྒྲུབ་དངཿ འབྲེལ་བར་ཆུས་བཀྲུ་རྨ་བྱས་བྱབཿ ཧོཿའགལ་རྐྱེན་ཐམས་ཅད་དུག་ལ་བརྟེནཿ དུག་གི་རྒྱུ་ནི་ཉོན་མོངས་པཿརིག་པ་མཆོག་གིས་སྨན་ཆེན་འདིསཿ སེམས་ཅན་ཁམས་ནི་དུག་མེད་ཤོགཿ ཕྱག་འཚལ་སྔགས་སྦྲེལ་བརྒྱ་ཚར་བརྗོདཿ ས་མ་ཡཿ༈བཅུ་དགུ་བས་ནི་རྩོད་པ་དངཿ རྨི་ལམ་ངན་པ་ཐམས་ཅད་སེལཿ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ རྗེ་བཙུན་མི་ཕམ་རྒྱལ་མོ་དཀརཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་གདུགས་དཀར་འཛིནཿ སྣ་ཚོགས་རྡོ་རྗེའི་ཚྭ་ཚྭ་ཡིསཿ ཕ་རོལ་ངག་གི་ནུས་པ་བཅོམཿ དབུ་རྒྱན་ལ་སོགས་རྒྱན་བརྒྱད་སྙན་ཆ་དཔུང་རྒྱན་གཉིས་ཕྱག་ཞབས་གདུ་བུ་གཉིས་མགུལ་ཆུན་སྐ་རགས་བ་ཏིའི་སྨད་དཀྲིས་རྣམས་སོཿཀྱིསཿ གོ་ཆ་བརྗིད་པ་ལྟར་བསྲུངས་པསཿ རྩ་རླུང་ཐིག་ལེ་འཁྲུགས་པ་ཡིཿརྨི་ལམ་ངན་པ་བསལ་བར་བསམཿ རྩ་སྔགས་ཤམ་བུརཿ ཧཱུྃ་ཧཱུྃ་ཕཊ་ཕཊ་རཀྞ་རཀྵ་མཱཾ་སྭཱ་ཧཱཿ ཕྱག་འཚལ་ལྷ་ཡི་ཚོགས་རྣམས་བརྗོདཿ ས་མ་ཡཿ༈ ཉི་ཤུ་པ་ཡིས་རིམས་ནད་སེལཿ མཁའ་འགྲོའི་ཐུགས་ཀར་པད་


JLAZ010_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་སྟེངཿ དམར་སེར་ལྷ་མོ་རི་ཁྲོད་མཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་ཟ་མ་ཏོགཿ ཉི་མ་ཟླ་བའི་སྤྱན་རྒྱས་པསཿ ནད་བདག་ཚར་བཅད་ཉི་མ་ལས་འབར་བའི་འོད་ཀྱིས་རིམས་གསོས་ཟླ་བ་ལས་བདུད་རྩིའི་རྒྱུན་བྱུང་བས་བསམཿ རྩ་སྔགས་ཤམ་བུརཿ ན་ལ་ཏཱ་རེ་མ་ནོ་ཧ་ར་ཧཱུྃ་ཧ་ར་སྭཱ་ཧཱཿཕྱག་འཚལ་ཉི་མ་ཟླ་བ་བརྗོདཿ ས་མ་ཡཿ༈ཉེར་གཅིག་ནད་པའི་བླ་ཚེ་བསླུཿམཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ འོད་ཟེར་ཅན་མ་སྐུ་མདོག་དཀརཿ སྐུ་གསུང་ཐུགས་ལས་ཨོཾ་ཨཱཿཧཱུྃཿཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤ་ལར་གནས་གསེར་ཉ་འཛིནཿ ཡི་གེ་གསུམ་ལས་འོད་འཕྲོས་པསཿ གདོན་དང་རོ་ལངས་གནོད་སྦྱིན་གྱིསཿ ནད་པའི་བླ་དང་ཚེ་བརྐུས་པཿསླར་ལ་གནང་བཞིན་སྤྲད་པར་དམིགསཿ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་རི་ཙྱེ་ཚེ་བྷྲཱུྃ་ནྲི་ཛཿསྭཱ་ཧཱཿཚེ་མདའ་དང་བླ་ལ་གཡུཿཁམས་ཀྱི་རྟེན་དུ་དར་ཚོན་དབྱངསཿ རྟེན་འབྲེལ་བླ་ལུག་ཉིད་ལ་བརྟགཿ མ་གྲུབ་བར་དུ་བསྐྱར་ཞིང་འབདཿ ཐུན་མཚམས་བླ་གླུད་བཟང་པོ་ལཿ གླུད་ཕྲན་ཟན་འབྲུལ་ཆང་བུ་བརྒྱཿའབྲུ་གསུམ་བྱིན་བརླབས་སཾ་བྷ་རཿ བརྒྱ་རྩ་བརྒྱད་བསྔོ་ལན་རེ་བཞིནཿ ཧཱུྃཿ


JLAZ010_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམསཿ སྲེད་དང་ཆགས་དང་ཞེན་པ་དངཿ དྲན་དང་བཟུང་དང་བསམ་དང་རེགཿ གློད་དང་ཞི་དང་གྲོལ་བར་མཛོདཿ ཅེས་དང་སྒྲོལ་མ་ཡིད་ལ་བྱསཿ ཐལ་སྦྱར་དེ་ཉིད་གསུམ་བཀོད་མཐརཿ ཐལ་མོ་རྡེབ་ཅིང་འབབ་ཆུར་དོརཿ སྲོག་བསླུ་བྱ་ཞིང་ཉེའུ་འདོནཿ དུས་མིན་འཆི་བ་ངེས་པ་བཟློགཿ ས་མ་ཡཿརྒྱ་རྒྱ་རྒྱཿ ༈བཅངས་པས་མི་མཐུན་ཕྱོགས་བསྲུང་ཞིངཿ མཐོང་བས་སྡིག་པ་ལས་གྲོལ་བའིཿཡུམ་འཁོར་དཔལ་གྱི་གདུ་བུ་ལཿ མཐོང་གྲོལ་ཙཀྲ་ཞེས་སུའང་གྲགསཿ མཁའ་འགྲོ་འདུ་བའི་དུས་གཉན་ལཿ མུ་ཁྱུད་རིམ་པ་བདུན་གྱི་དབུསཿ པདྨ་འདས་བཞི་དབུས་དང་ལྔའིཿཁོང་དུ་འོང་ལྔའི་ཐིག་ལེའི་ཀློངཿ གཤེགས་མ་ལྔ་ཡི་ས་བོན་ནིཿ ཏཱཾ་ཡིག་དབུས་སུ་གནས་པ་བྲིཿ དེའི་ཕྱི་མུ་ཁྱུད་དང་པོ་ལཿ ཨོཾ་པདྨོ་ཡོ་གི་ནི་ཛྙཱ་ན་ཝཱ་རྭ་ཧཱི་ཧཱུྃཿན་མོ་ཨཱརྱ་ཏཱ་རེཿཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱཿན་མོ་རཏྣ་ཏྲ་ཡཱ་ཡཿནམཿ ཨརྱ་ཨ་ཝ་ལོ་ཀི་ཏེཿཤྭ་ར་ཡཿབྷོ་དྷི་ས་ཏྭ་ཡཿམ་ཧཱ་ས་ཏྭ་ཡཿམཱ་ཧཱ་ཀ་རུ་ནི་ཀཱ་ཡཿཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མཱཾཿཀྲྀ་ཏེ་སརྦ་དུཥྟ་ནཾཿཛཾ་བྷ་ཡཿསྟྭཾ་བྷ་ཡཿམོ་ཧ་ཡཿབྷན་དྷ་ཡཿཧཱུྃ་ཧཱུྃ་ཕཊ་ཕཊཿསརྦ་དུཥྟཾ་སྟྭཾ་བྷ་ནི་ཏཱ་རེ་སྭཱ་ཧཱཿཞེས་བྲི་དེའི་ཕྱི་པད་འདབ་བརྒྱདཿ མདུན་ནས་བརྩམས་པའི་གཡས་བསྐོར་དུཿ དང་པོཿཨོཾ་པདྨོ་ཡོ་གི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པྲ་ཛྙཱ་ཧྲིཾ་ཧྲིཾ་སྭཱ་ཧཱཿགཏི་མུག་གླང་པོའི་འཇིགས་པ་ལས་སྐྱོབས་ཤིག་རཀྵཿ གཉིས་པར་ཐོག་མཐའ་འདྲ་བ་ལཿ མ་ཧཱ་པུཎྱེ་སེར་སྣ་ལྕགས་སྒྲོག་གི་འཇིགས་


JLAZ010_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པ༴ གསུམ་པརཿ ཨཱ་ཡུརྡ་ཏེ་བྷཱུྃ་སྭཱ་ཧཱཿཐེ་ཚོམ་ཤ་ཟའི་འཇིགས༴ བཞི་པརཿ མངྒལ་ཤྲཱི་མ་ཧཱ་པཱ་ནི་སྭཱ་ཧཱཿའདོད་པ་ཆུ་བོའི་དབའ་རླབས་ཀྱི༴ ལྔ་པརཿ སརྦ་པཱ་པཾ་ག་ཏེ་ག་ཏེ་སྭཱ་ཧཱཿཞེ་སྡང་མེའི༴ དྲུག་པརཿ ཧཱུྃ་ཧཱུྃ་བཾ་ཧོཿསྭཱ་ཧཱཿལྟ་ངན་ཆོམ་རྐུན་གྱི༴ བདུན་པརཿ སརྦ་བིཥ་ཏཱ་ར་ཕཊ་སྭཱ་ཧཱཿཕྲག་དོག་དུག་སྤྲུལ་གྱི༴ བརྒྱད་པརཿ ཧཱུྃ་ཧཱུྃ་ཕཊ་ཕཊཿརཀྵ་རཀྵ་མཱཾ་སྭཱ་ཧཱཿང་རྒྱལ་སེང་གེའི་འཇིགས༴ སྤྲོ་ན་བསྒྲུབ་བྱའི་དངོས་གྲུབ་ཀྱིཿའདོད་གསོལ་རེ་རེ་བཞིན་དུ་སྦྱརཿ དེའི་ཕྱི་རྩིབས་ནི་བཅུ་གསུམ་ལཿ རྩ་སྔགས་ནི་ཐོག་མཐའ་འདྲ་སྟེ་རྩིབས་དང་པོརཿ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷོ་དྷི་ཙིཏྟ་སྭཱ་ཧཱཿཕ་རོལ་གྱི་ལྕེ་འབབ་པའི་འཇིགས་པ་ལས་སྲུངས་ཤིགཿ གཉིས་པརཿ མུ་ཏྲ་ནྲི་ཛ་སྭཱ་ཧཱཿམིང་སྤེལ་དམིགས་གསལ་འཇུགཿ ས་གཡོ་བའི་འཇིགས༴ གསུམ་པརཿ སརྦ་བིག་ནན་བཾ་ཧཱུྃ་ཕཊཿསྨྱོ་བརྗེད་ཀྱི་གདོན་ལས༴ བཞི་བརཿ བཛྲ་ཏ་ཀ་ཧ་ན་ལི་ཙ་ཕཊཿགནམ་ལྕགས་དང་འཁྲུལ་འཁོར་གྱི་འཇིགས༴ ལྔ་པརཿ ད་ཧ་པ་ཙ་ཧཱུཾ་ཕཊ་སྭཱ་ཧཱཿརྒྱལ་པོའི་ཆད་པའི༴ དྲུག་པརཿ དཱ་ན་ཏྲ་ཡ་སྭཱ་ཧཱཿདུས་མ་ཡིན་པར་འཆི་བའི༴ བདུན་པརཿ ལོ་ཀ་པཱ་ཤཾ་ཀུ་རུ་སྭཱ་ཧཱཿམཛའ་བཤེས་དང་བྲལ་བའི༴ བརྒྱད་པརཿ མ་མ་བཱ་སུ་པུཥྟིཾ་ཀུ་རུ་སྭཱ་ཧཱཿམུ་གེ་དང་ཕོངས་པའི༴ དགུ་པརཿ བཛྲ་ཛྭ་ལ་རཀྵ་སྭཱ་ཧཱཿཕ་རོལ་གྱི་དམག་ཚོགས་ཀྱི༴ བཅུ་པ་ལ་ཧཱུཾ་ཧཱུཾ་སྭཱ་ཧཱཿ མཛེ་ནད་དང་ཁྱབ་འཇུག་གི༴ བཅུ་གཅིག་པརཿ ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཕཊ་སྭཱ་ཧཱཿབྱད་ཕུར་དང་རིག་སྔགས་ཀྱི༴ བཅུ་གཉིས་པ་ལཿ མ་ནོ་ཧ་ར་ཧཱུྃ་ཧ་ར་སྭཱ་ཧཱཿགྲིབ་དང་རིམས་ནད་ཀྱི༴


JLAZ010_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་པ་ལཿ མ་རི་ཙྱེ་ཚེ་བྷྲཱུྃ་ནྲི་ཛ་སྭཱ་ཧཱཿརོ་ལངས་དང་གནོད་སྦྱིན་གྱི་འཇིགས༴ རྩིབས་མཆན་བཅུ་གསུམ་དག་ལ་ནིཿ ཨོཾ་ཨ་ན་ལེ་ཨ་ན་ལེཿ༡ཁ་ས་མེད་ཁ་ས་མེདཿ ༢བཻ་རེ་བཻ་རེཿ༣སཽ་མེ་སཽ་མེཿ༤ཤཱནྟེ་ཤཱནྟེཿ༥དཱནྟེ་དནྟེཿ༦བི་ཥ་དེ་བི་ཥ་དེཿ༧བཱི་རེ་བཱི་རེཿ༨དེ་བི་བཛྲ་དྷཱ་རིཿ༩བྷནྡྷ་བྷནྡྷ་ནིཿ ༡༠བཛྲ་པཱ་ཎི་ཕཊཿ༡༡ཨོཾ་ཧཱུྃ་ཧཱུྃ་དྲུཾ་ཧྲི་ཥྚོཾ་ཕཊ་སྭཱ་ཧཱཿ༡༢ཧཱུྃ་དྲུཾ་བྷནྡྷ་ཕཊཿ༡༣དེའི་ཕྱི་མུ་ཁྱུད་བཞི་བ་ལཿ མཐོང་གྲོལ་ཡབ་ཀྱི་དགོངས་པ་བྲིཿལྔ་པར་རེག་གྲོལ་ཡུམ་སྙིང་པོཿདྲུག་པར་ཐིག་ལེ་ཉེར་ལྔའི་དབུསཿ ཡེ་ཤེས་ཆེན་པོའི་སྙིང་པོ་ནིཿ སྡེ་ཚན་ཉི་ཤུ་རྩ་ལྔ་དངཿ བར་མཚམས་ཀློང་གྲོལ་ཡིག་དྲུག་བཀོདཿ བདུན་པར་ཕྱག་མཚན་ཉེར་གཅིག་དངཿ བརྒྱད་པར་དབྱངས་གསལ་རྟེན་སྙིང་བྲིཿདགུ་པར་རྡོ་རྗེའི་ཕྲེང་བ་དངཿ བཅུ་པ་ཉིད་ནི་པ་ཏྲ་འོཿབསྲུང་བ་རྐྱང་པར་ལྟོ་བ་དངཿ བརྟགས་གྲོལ་མུ་ཁྱུད་གསུམ་དོར་རོཿཀུན་ཀྱང་ཚོན་གྱིས་རྣམ་པར་དབྱེཿཨ་མྲྀ་ཏ་དང་དྲི་བཟང་ཕྱུགཿ མགུལ་དུ་བཏགས་ན་རང་རྒྱུད་ལཿ གནས་པའི་ཉོན་མོངས་དུག་རྣམས་སྦྱོངཿ ཕྱི་ལ་གཡེངས་ན་རྫི་ཕྱོགས་ཀྱིསཿ ཕོག་པའི་སེམས་ཅན་དོན་བྱེད་འགྱུརཿ གྲོང་ཁྱེར་དག་དང་ཕྱུགས་ཀྱི་ལྷསཿ གཡུལ་གྱི་ཕྲུ་མ་ལ་བཙུགས་ནཿ འཇིགས་པ་མེད་པའི་གནས་ཐོབ་འགྱུརཿ རིག་སྔགས་དང་ནི་མཁྱུད་དཔྱད་ཀྱིཿརྟེན་འབྲེལ་བདེན་པ་བསམ་མི་ཁྱབཿ རྒྱལ་བའི་ཕྲིན་ལས་ཚད་མེད་ཕྱིརཿ དོན་འབྲས་གྲུབ་ལ་བསླུ་བ་མེདཿ སྒྲིབ་པའི་ནང་ན་ཐེ་ཚོམ་ཆེཿདངོས་གྲུབ་དད་པ་ཅན་ལ་འབྱུངཿ ཤིན་ཏུ་ཟབ་པའི་སྔགས་རྒྱུད་


JLAZ010_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

འདིའིཿ བརྡ་རིས་འཚོ་རྒྱལ་བླ་མཚོར་རྒྱཿབརྡ་འགྲོལ་སེང་གེ་རོང་དུ་འབྱུངཿ གྲུ་གཟིངས་ཆུ་བོའི་གཞུང་ལ་འབབསཿ རྟེན་འབྲེལ་སྣ་ཁ་མ་ལོག་ནཿ འགྲོ་དོན་ཉི་འོག་གཉིད་ལ་སྤྱོདཿ སྙིང་གི་བུ་དང་འཕྲད་ནས་ཀྱངཿ འགྲོ་དོན་ནམ་མཁའི་མཐར་ཐུག་ཤོགཿ ས་མ་ཡཿརྒྱ་རྒྱ་རྒྱཿགཏེར་རྒྱཿདགོངས་རྒྱཿབརྡ་རྒྱཿ ལས་ཚོགས་འདི་གཞན་བསྐུལ་ཡང་ཡང་བྱུང་ཡང་རིང་ཞིག་གཏེར་རྒྱ་མ་ཁྲོལཿ དེ་རྗེས་ནོར་སྐྱོང་གི་ལོ་སྒྲོལ་མ་འབུམ་ཐེར་བསགས་པའི་རྐྱེན་གྱིས་རྗེ་བཙུན་མའི་བྱིན་རླབས་ཁོ་ནས་ཀློང་གི་བརྡ་རིས་གྲོལཿ དེ་ལོ་ཆར་ཞོད་ཤིན་ཏུ་དཀོན་པ་ལ་བཀྲ་ཤིས་སྲོང་བཙན་བང་སོར་ཡུམ་ཀའི་ཚོགས་སྐོང་དང་བཅས་འདུན་པ་སྒྱུར་བས་རིགས་བདག་གི་ལས་ཚོགས་བཅུ་གཉིས་པ་ལ་ངེས་པ་རྙེད་པའོཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཡུམ་ཀ་མཁའ་འགྲོའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ།next