Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཀ་མཁའ་འགྲོ་བདེ་ཆེན་རྒྱལ་མོ་ལསཿ མཁའ་འགྲོའི་བསུན་ཟློག་ངོ་མཚར་སྣང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུམ་ཀ་མཁའ་འགྲོ་བདེ་ཆེན་རྒྱལ་མོ་ལསཿ མཁའ་འགྲོའི་བསུན་ཟློག་ངོ་མཚར་སྣང་བ།next

ཡུམ་ཀ་མཁའ་འགྲོ་བདེ་ཆེན་རྒྱལ་མོ་ལསཿ མཁའ་འགྲོའི་བསུན་ཟློག་ངོ་མཚར་སྣང་བ།


JLAZ010_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཡུམ་ཀ་མཁའ་འགྲོ་བདེ་ཆེན་རྒྱལ་མོ་ལསཿ མཁའ་འགྲོའི་བསུན་ཟློག་ངོ་མཚར་སྣང་བ་བཞུགསཿ


JLAZ010_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཡུམ་ལ་ཕྱག་འཚལ་ལོཿ རིག་འཛིན་རྣམས་ལ་དཔའ་བོ་དངཿ མཁའ་འགྲོའི་བསུན་མ་ཟློག་ཐབས་བསྟནཿ ལས་དཀྱིལ་པདྨ་འདབ་བཞིའི་དབུསཿ ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་ཅནཿ འདབ་བཞིར་རིགས་བཞིའི་ཕྱག་མཚན་བྲིཿདབུས་སུ་འཁར་གཞོང་གཙང་མའི་ནངཿ སྐུ་མཁར་གྲུ་བཞི་པུ་ཤུ་ཅནཿ དེ་སྟེང་རིགས་ལྔའི་འབྲང་རྒྱས་བཀོདཿ དབུས་སུ་ཁམས་མཐུན་ནམ་མཁའ་དངཿ ཕྱོགས་བཞིར་རིགས་བཞིའི་མདོག་ཅན་བཞིཿརྒྱང་བུ་མདའ་འཕང་ཤིང་རིས་གཟུགསཿ བཀོར་ཆ་བཟའ་བཏུང་ཚོགས་ཚད་དངཿ ལྷོ་བྱང་ལ་གླུད་མཐུན་རྫས་དངཿ གསེར་གཡུ་དཀར་མངར་ཕུད་སྐྱེམས་གསགཿ ཁྱད་པར་ཚོགས་འཁོར་བཟང་བོ་དངཿ མཁའ་འགྲོ་སྡེ་ལྔའི་གཏོར་མ་བཤམཿ ཉེ་ལོགས་བླ་གླུད་བཟང་པོ་ལཿ གླུད་ཕྲན་བསྒྲུབ་བྱའི་


JLAZ010_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་གྲངས་བསྐོརཿ མཐེབ་སྐྱུ་ཤ་དུམ་རིལ་བུ་དངཿ ཆང་བུའི་གྲངས་ཀྱང་དེ་བཞིན་ནོཿདེ་ནས་བདག་བསྐྱེད་བཟླས་པའི་རྗེསཿ ཕཊ་ཛཿས་མདུན་བསྐྱེད་འཛབ་ཁང་དབྱེཿམཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ གཙུག་ཏོར་རྣམ་རྒྱལ་གསེར་མདོག་ཅནཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤལ་ལ་གནས་ཚེ་བུམ་འཛིནཿ འོད་ཟེར་སྤྲོ་བསྡུས་འཁོར་འདས་ཀྱིཿདྭངས་བཅུད་བདག་ལ་ཐིམ་པར་བསམཿ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུརྡ་ཏེ་བྷྲཱུྂ་སྭཱ་ཧཱཿཞེས་བཟླས་བདུན་རྟེན་དཀྱིལ་འཁོར་སྒྲུབཿ བསུན་བཟློག་རྐྱང་པར་བསྒྲུབ་མི་དགོསཿ དེ་ནས་ལས་བུམ་རྨེ་བརྩེགས་བསྒྲུབཿ ལས་དཀྱིལ་


JLAZ010_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་འདི་སྟ་སྟེཿཨོཾ་མ་ཧཱ་ཤུ་ནྱ་ཏས་སྟོང་པར་སྦྱངསཿ སྟོང་པའི་ངང་ལས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྡོ་རྗེ་བཙུན་མོའི་བྷ་ག་རྣམ་ཐར་གསུམ་དང་ལྡན་པའི་ཆོས་འབྱུང་བསྣོལ་མས་མཚན་པའི་དབུས་སུ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་འདུ་བའི་ཞིང༌། ཨོ་རྒྱན་དྷཱུ་མ་ཐ་ལ་གཙོ་བོར་གྱུར་པའི་མཐའ་སྐོར་དུཿ ཛ་ལནྡྷ་རཿ པུལླཱི་ར་མ་ལཿ ཨརྦུ་ཏཿརསྨི་ཤྭ་རཱཿགཽ་ཏ་ཝཱ་རཱིཿདེ་ཝཱི་ཀོ་ཊཱཿམཱ་ལ་ཝ་སྟེ་གནས་དང་ཉེ་བའི་གནས་རྣམ་པ་བརྒྱདཿ ཀཱ་མ་རཱུཿཨཽ་ཊི་ཡཿཏྲི་ཤ་ཀུཿཀོ་ས་ལཿ ཀ་ལིངྐཿལཾ་པཱ་ཀ་སྟེ་ཞིང་དང་ཉེ་བའི་ཞིང་རྣམ་པ་དྲུགཿ ཀཉྩི་ཀ་དང་ཧི་མཱ་ལ་ཡ་སྟེ་ཚནྡྷོ་རྣམ་པ་གཉིསཿ པྲེ་ཏ་པུ་རིཿགྲྀ་ཧ་དེ་ཝཿསོ་རཱཥྚཿསུ་ཝརྞ་དྭཱི་པ་སྟེ་འདུ་བ་དང་ཉེ་བའི་འདུ་བ་རྣམ་པ་བཞིཿནཱ་ག་རཿ སིནྡྷུཿམ་རུཿཀུ་ལུ་ཏཱ་སྟེ་འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད་རྣམ་པ་བཞི་རྣམས་ལས་ཡུལ་ཉི་རྩ་བཞིའམཿ ཧེ་རུ་ཀའི་གནས་བཅུཿའཁོར་བ་མྱང་འདས་སུ་སྒྲོལ་བའི་དུར་ཁྲོད་ཆེན་པོ་བརྒྱདཿ མདོར་ན་ས་བཅུ་དང་ལམ་ལྔའི་ཡོན་ཏན་སྟོབས་སུ་གྱུར་བའི་གནས་སུམ་ཅུ་རྩ་གཉིས་ལ་སོགས་པ་རྣམས་དང༌། རང་བཞིན་གར་བཞུགས་ཀྱི་གནས་ནས་དཔའ་བོ་དང་མཁའ་འགྲོའི་ཚོགས་ཏིལ་གྱི་གང་བུ་རྡོལ་བ་བཞིན་དུ་སྤྱན་དྲངས་པར་གྱུརཿ སྤོས་རོལ་


JLAZ010_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱངས་སྙན་པོས། ཧཱུྃཿཡུལ་གྱི་མིང་ནི་རྒྱ་གར་ཡུལཿ གནས་ཀྱི་མཆོག་གྱུར་ཨོ་རྒྱན་གནསཿ དྷཱུ་མ་ཐ་ལ་མཁའ་འགྲོའི་གྲོངཿ གླིང་གི་གླིང་མཆོག་རྔ་ཡབ་གླིངཿ དོན་ལ་འོག་མིན་བདེ་ཆེན་ཞིངཿ རྣམ་པ་མཁའ་སྤྱོད་སྤྲུལ་པའི་གནསཿ རབ་ཏུ་དགའ་དང་དྲི་མ་མེདཿ གནས་དང་ཉེ་བའི་གནས་ཡིན་ཏེཿདེ་བཞིན་ཞིང་དང་ཉེ་ཞིང་དངཿ ཚནྡྷོ་ཉེ་བའི་ཚནྡྷོ་དངཿ འདུ་དང་ཉེ་བའི་འདུ་བ་དངཿ འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་ཉིདཿ ཕ་རོལ་ཕྱིན་བཅུའི་སར་རྫོགས་པཿཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིནཿ དཔེ་མེད་ཡེ་ཤེས་ཡེ་ཤེས་ཆེཿརྡོ་རྗེ་འཛིན་དབང་ས་རྣམས་ནསཿ དཔའ་བོ་དང་ནི་རྣལ་འབྱོར་མཿ མཁའ་འགྲོ་དང་ནི་མཁའ་འགྲོ་མཿ མ་ལུས་འདིར་སྤྱོན་དགྱེས་པར་བཞུགསཿ གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་པདྨོ་ཡི་གེ་ནི་ཛྙཱ་ན་ཝཱ་རཱ་ཧཱི་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿཞེས་སྤྱན་དྲངསཿ དེ་ལྟར་དྲངས་པའང་ནང་ལྟར་དུ་རང་ལུས་ཀྱི་ཁམས་ཉི་ཤུ་རྩ་བཞི་པོ་དང་དབྱེར་མེད་དུ་གདོད་ནས་འདྲེས་པའི་ངེས་པ་བརྟན་པར་བྱས་པ་ལ་ཚོགས་ཀྱི་འཁོར་ལོ་ཕྱི་ནང་གསང་གསུམ་གྱིས་མཉེས་པར་བྱས་པས་ཁམས་ཀྱི་ཐིག་ལེའི་ཚོགས་ཀྱི་རྣམ་


JLAZ010_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་མི་བརྟན་ལ་རྒས་ཤིང་རྒུད་པ་དང་འཆི་བའི་ངང་ཚུལ་ལས་བཟློག་པར་བྱེད་པ་ནི་དོན་དམ་པར་མཁའ་འགྲོའི་བསུན་མ་བཟློག་པའི་གནད་ཕལ་གྱིས་མི་རྟོགས་པ་ཉིད་ཡིན་པ་ལསཿ དང་པོ་ཕྱིའི་ཚོགས་ནིཿ ཧཱུྃཿབདེ་བ་ཆེན་པོའི་སྣོད་མཆོག་ཏུཿཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ནིཿ སོགས་ལས་བྱང་ལྟར་ལྷག་མའི་བར་བྱའོཿདེ་ནས་ནང་དང་གསང་བའི་ཚོགས་ནི་མན་ངག་ལྟར་བྱའོཿདེ་ནས་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་གི་བསུན་ཁ་བཟློག་པ་ནིཿ གཞོན་ནུ་མ་གྲོང་པའི་ཆོས་ཀྱིས་མ་གོས་པ་ལྔའམཿ དེ་ཡང་རིགས་བཟང་དཔལ་ཅན་འཛོམ་ན་རབཿ དེ་མིན་ཆས་ཞུགས་པ་ལྔས་དང་པོ་བསུ་བའི་ཚུལ་དུ་རང་མདོག་དང་མཐུན་པའི་དར་ཚོན་གཅིག་པ་རེ་ལག་པ་གཉིས་ཀས་བཟུང་བའི་སྣེ་མོ་རྡོ་རྗེ་སློབ་དཔོན་གྱི་སྟན་འོག་ཏུ་ཚུད་པ་ནས་ཅུང་ཟད་གཡབ་ཅིངཿ ཀྱེཿགསོན་ཅིག་འདིར་ཚོགས་སྐྱེས་བུ་རྣམསཿ ཁྱེད་ལ་འབོད་པའི་དོན་ཅི་འཚལཿ བདག་ལ་འོང་བའི་གལ་འདི་མཆིསཿ འདི་ནས་ཤར་གྱི་ཕྱོགས་རོལ་ནཿ མངོན་པའི་དགའ་བའི་ཞིང་ཁམས་ཡོདཿ དེ་བཞིན་ལྷོ་ན་དཔལ་ལྡན་བརྩེགསཿ ནུབ་ན་པདྨ་བརྩེགས་པ་དངཿ བྱང་ན་ལས་རབ་གྲུབ་པ་ཡོདཿ ཤར་ལ་སོགས་པའང་བཏགས་པ་ཙམཿ བརྟགས་པ་ཙམ་ནས་མིང་ཞིག་གྲུབཿ དེ་ལ་ཞིང་དང་གནས་ཞེས་གྲགསཿ ཁྱད་པར་དཔའ་བོ་མཁའ་འགྲོ་ཡིཿ སྤྲུལ་པའི་ཞིང་ཁམས་བསམ་ལས་འདསཿ མཁའ་སྤྱོད་


JLAZ010_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དག་པའི་ཞིང་ནས་འོངསཿ ཉི་ཤུ་རྩ་བཞིའི་ཡུལ་ནས་འོངསཿ དུར་ཁྲོད་ཆེན་པོ་བརྒྱད་ནས་འོངསཿ དཔའ་བོ་མཁའ་འགྲོའི་གནས་ནས་འོངསཿ འོང་བ་གང་གི་དོན་ཡིན་ནཿ འདི་ན་བཞུགས་པའི་སྐྱེས་མཆོག་ལཿ གདུང་ཞིང་འཕྲེང་བའི་སེམས་ཀྱིས་འོངསཿ སྐྱེ་བོ་དད་མེད་བསམ་བརླག་ལཿ ཁྲེལ་ཞིང་གཤུང་བའི་སེམས་ཀྱིས་འོངསཿ ཚེ་ལ་ལོག་ལྟ་སྒྲོ་སྐུར་གཟནཿ གྲིབ་ལ་དམ་ཚིག་ཉམས་པ་ཐུཿནད་ལ་འདུ་བ་རྣམ་བཞི་ལྡངཿ རྩ་རླུང་ཐིག་ལེའི་གནད་འཕྱུགས་ནཿ སྐྱེས་མཆོག་བཞུགས་པའི་གནས་མ་མཆིསཿ ང་ནི་རྡོ་རྗེ་ཌཱཀྐི་ནིཿ འཁོར་ཡང་འབུམ་ཕྲག་ཡངས་པས་བསྐོརཿ འཇའ་ཚོན་དཀར་པོའི་དར་ལམ་ལཿ རིག་འཛིན་བླ་མ་གཤེགས་རེ་རནཿ མངོན་པར་དགའ་བ་ཉམས་རེ་དགའཿདེ་ན་སྐྱེ་དང་འཆི་བ་མེདཿ རྒ་དང་ན་བ་ག་ལ་སྲིདཿ དེ་ན་དམ་ཚིག་ཉམས་པ་མེདཿ དེ་ན་ལོག་ལྟ་ཅན་ཡང་མེདཿ བླ་མའི་བཞུགས་གནས་དེ་རུ་བཟངཿ ལམ་ལ་དར་ལམ་དཀར་པོ་འཇམཿ སྐྱེ་བུ་ཆེན་པོ་དེར་གཤེགས་ཤིགཿ ང་ནི་རིན་ཆེན་ཌཱཀྐི་ནིཿ འཁོར་ཡང་འབུམ་ཕྲག་ཡངས་པས་བསྐོརཿ འཇའ་ཚོན་སེར་པོའི་དར་ལམ་ལཿ རིག་འཛིན་བླ་མ་གཤེགས་རེ་རནཿ དཔལ་ལྡན་བརྩེགས་པ་དྭངས་རེ་སྤྲོཿདེ་ན་སྐྱེ་དང་འཆི་བ་མེདཿ རྒ་དང་ན་བ་ག་ལ་སྲིདཿ དེ་ན་དམ་ཚིག་


JLAZ010_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་མེདཿ དེ་ན་ལོག་ལྟ་ཅན་ཡང་མེདཿ བླ་མའི་བཞུགས་གནས་དེ་རུ་བཟངཿ ལམ་ལ་དར་ལམ་སེར་པོ་འཇམཿ སྐྱེས་བུ་ཆེན་པོ་དེར་གཤེགས་ཤིགཿ ང་ནི་པདྨ་ཌཱཀྐི་ནིཿ འཁོར་ཡང་འབུམ་ཕྲག་ཡངས་པས་བསྐོརཿ འཇའ་ཚོན་དམར་པོའི་དར་ལམ་ལཿ རིག་འཛིན་བླ་མ་གཤེགས་རེ་རནཿ པདྨ་བརྩེགས་པ་མདངས་དང་ལྡནཿ དེ་ན་སྐྱེ་དང་འཆི་བ་མེདཿ རྒ་དང་ན་བ་ག་ལ་སྲིདཿ དེ་ན་དམ་ཚིག་ཉམས་པ་མེདཿ དེ་ན་ལོག་ལྟ་ཅན་ཡང་མེདཿ བླ་མའི་བཞུགས་གནས་དེ་རུ་བཟངཿ ལམ་ལ་དར་ལམ་དམར་པོ་འཇམཿ སྐྱེས་བུ་ཆེན་པོ་དེར་གཤེགས་ཤིགཿ ང་ནི་ཀརྨ་ཌཱཀྐི་ནིཿ འཁོར་ཡང་འབུམ་ཕྲག་ཡངས་པས་བསྐོརཿ འཇའ་ཚོན་ལྗང་གུའི་དར་ལམ་ལཿ རིག་འཛིན་བླ་མ་གཤེགས་རེ་རནཿ ལས་རབ་གྲུབ་པ་བྱིན་རེ་ཆགསཿ དེ་ན་སྐྱེ་དང་འཆི་བ་མེདཿ རྒ་དང་ན་བ་ག་ལ་སྲིདཿ དེ་ན་དམ་ཚིག་ཉམས་པ་མེདཿ དེ་ན་ལོག་ལྟ་ཅན་ཡང་མེདཿ བླ་མའི་བཞུགས་གནས་དེ་རུ་བཟངཿ ལམ་ལ་དར་ལམ་ལྗང་གུ་འཇམཿ སྐྱེས་བུ་ཆེན་པོ་དེར་གཤེགས་ཤིགཿ ང་ནི་དེ་བཞིན་གཤེགས་པའི་རིགསཿ འཁོར་ཡང་འབུམ་ཕྲག་ཡངས་པས་བསྐོརཿ འཇའ་ཚོན་མཐིང་གའི་དར་ལམ་ལཿ རིག་འཛིན་བླ་མ་གཤེགས་རེ་རནཿ མེ་རི་འབར་བ་བཀྲག་དང་ལྡནཿ དེ་ན་སྐྱེ་


JLAZ010_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཆི་བ་མེདཿ རྒ་དང་ན་བ་ག་ལ་སྲིདཿ དེ་ན་དམ་ཚིག་ཉམས་པ་མེདཿ དེ་ན་ལོག་ལྟ་ཅན་ཡང་མེདཿ བླ་མའི་བཞུགས་གནས་དེ་རུ་བཟངཿ ལམ་ལ་དར་ལམ་སྔོན་པོ་འཇམཿ སྐྱེས་བུ་ཆེན་པོ་དེར་གཤེགས་ཤིགཿ དེ་ནས་བསུན་མའི་ཚོགས་ལ་སྐྱེམས་དྲངས་ལ་འདི་སྐད་དོཿཀྱེཿབསུན་མའི་མགྲོན་རྣམས་ཚུར་གསོན་དངཿ འདི་ན་བཞུགས་པའི་སྐྱེས་མཆོག་ལཿ གདུང་ཞིང་འཕྲེང་བ་ཁྱེད་བདེན་ཏེཿའགྲོ་བའི་བསམ་པ་ཐ་དད་པསཿ འདྲེན་པ་སྤངས་རྣམས་རྨོངས་པའི་སྐྱོནཿ ཐེག་པ་ཆེན་པོའི་སྐྱེས་བུ་རྣམསཿ དེ་ལ་ཁྲོ་བའི་སྐབས་མི་དབྱེཿབསོད་ནམས་ལྡན་པའི་སྐྱེ་བོའི་ཚོགསཿ དམ་པ་རྣམས་ལ་དད་ཅིང་འདུནཿ འདི་ཕྱིའི་ལམ་སྟོན་རེ་བས་ནཿ འདི་མེད་འཇིག་རྟེན་ལོང་བར་འགྱུརཿ སངས་རྒྱས་བསྟན་པ་སུ་ཡིས་འཛིནཿ ཁྱད་པར་གསང་སྔགས་ཟབ་མོ་ཡིཿདམ་ཚིག་གཉེན་པོས་འབྲེལ་བ་ལཿ ཉམས་པའི་བཀའ་ཆད་བྱུང་སྲིད་ནཿ སླར་ལ་གནོང་ཞིང་བཤགས་པས་སྦྱངསཿ དབྱིངས་ཀྱི་མཁའ་འགྲོ་གཡེལ་བའི་རྒྱུཿལྟ་བ་ནོར་ན་དབུ་མར་སྦྱོརཿ རྟག་ཆད་མེད་པས་ཐུགས་དམ་བསྐངཿ སྒོམ་པ་ཡེངས་ན་རིག་པ་འཛིནཿ ལྷག་མཐོང་གསལ་བས་ཐུགས་དམ་བསྐངཿ སྤྱོད་པ་ནོར་ན་ཚོགས་ཀྱིས་བསྐངཿ འགྱོད་ཚངས་ཆེན་པོས་ཐུགས་དམ་བསྐངཿ འཇིག་


JLAZ010_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འདས་ཀྱང་འཁོར་བའི་ཚུལཿ ཡེ་ཤེས་གྲུབ་ཀྱང་ཕོ་ཉར་སྟོནཿ ལེགས་ཉེས་སྟངས་འཛིན་བདག་པོ་རྣམསཿ སྐྱོན་མཐོང་ཙམ་ན་བར་ཆོད་རྩོམཿ ཁྱེད་རྣམས་ཐུགས་དང་འགལ་སྲིད་ནཿ ཚོགས་དང་གཏོར་མ་རྒྱན་དང་ལྡནཿ སྐུ་མཁར་འབྲང་རྒྱས་རྣམ་པ་ལྔསཿ སྐུ་ཡི་དམ་ཚིག་ཉམས་པ་བསྐངཿ ཕྲིན་ལས་གྱེར་དབྱངས་བཟླས་བརྗོད་ཀྱིསཿ གསུང་གི་དམ་ཚིག་ཉམས་པ་བསྐངཿ ནམ་རྒྱང་མདའ་འཕང་ཤིང་རིས་ཀྱིསཿ ཐུགས་ཀྱི་དམ་ཚིག་ཉམས་པ་བསྐངཿ མཐུན་པའི་དམ་རྫས་དཀོར་ཆ་དངཿ གསེར་སྐྱེམས་གཡུ་སྐྱེམས་ཕུད་ལྷག་གིསཿ ཚངས་པ་ལ་སོགས་དབང་ཕྱུག་དངཿ དྲི་ཟ་གྲུལ་བུམ་མི་འམ་ཅིཿའབུམ་ཕྲག་ཡངས་པའི་མཁའ་འགྲོ་ཡིཿཐུགས་དམ་གཉེན་པོ་བསྐངས་གྱུར་ནསཿ གྲིབ་དང་བར་ཆད་དབྱིངས་སུ་གསོལཿ རྩ་རླུང་ཐིག་ལེ་ཉམས་པ་གསོསཿ ཁྱད་པར་བསུན་མའི་མགྲོན་རྣམས་ལཿ སྔགས་དང་ཕྱག་རྒྱ་ཏིང་འཛིན་མཐུསཿ མི་ལས་དགའ་བའི་གླུད་བཟང་འབུལཿ མི་ལས་གླུད་འདི་མི་དགའ་རྒྱུཿདངོས་ལས་བྱད་དང་རྣམ་འགྱུར་མཛེསཿ སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང༌། རྒྱལ་དུ་ཞི་བའི་མཆོད་གཏོར་བཞེསཿ རྡོ་རྗེ་མཁའ་འགྲོའི་དར་ཐག་བསྡུསཿ མི་ལས་གླུད་འདི་མི་དགའ་རྒྱུཿ དངོས་ལས་བྱད་དང་རྣམ་འགྱུར་མཛེསཿ དབང་


JLAZ010_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྣ་ལྔ་འདི་ལ་ཚངཿ རྒྱལ་དུ་རྒྱས་པའི་མཆོད་གཏོར་བཞེསཿ རིན་ཆེན་མཁའ་འགྲོའི་དར་ཐག་སྡུསཿ མི་ལས་གླུད་འདི་མི་དགའ་རྒྱུཿདངོས་ལས་བྱད་དང་རྣམ་འགྱུར་མཛེསཿ ཕུང་པོ་སྣ་ལྔ་འདི་ལ་ཚངཿ རྒྱལ་དུ་དབང་གི་མཆོད་གཏོར་བཞེསཿ པདྨ་མཁའ་འགྲོའི་དར་ཐག་བསྡུསཿ མི་ལས་གླུད་འདི་མི་དགའ་རྒྱུཿདངོས་ལས་བྱད་དང་རྣམ་འགྱུར་མཛེསཿ ཁམས་ཆེན་བཅོ་བརྒྱད་འདི་ལ་ཚངཿ རྒྱལ་དུ་དྲག་པོའི་མཆོད་གཏོར་བཞེསཿ ལས་ཀྱི་མཁའ་འགྲོའི་དར་ཐག་སྡུསཿ མི་ལས་གླུད་འདི་མི་དགའ་རྒྱུཿདངོས་ལས་བྱད་དང་རྣམ་འགྱུར་མཛེསཿ རྟོགས་ན་གདན་གསུམ་ཚང་བའི་ལྷཿརྒྱལ་དུ་མཆོག་གི་མཆོད་གཏོར་བཞེསཿ དེ་བཞིན་རིགས་ཀྱི་དར་ཐག་སྡུསཿ བསྡུས་ནས་འདི་ན་གནས་མེད་ཀྱིཿདཔའ་བོ་མཁའ་འགྲོའི་བསུན་མ་རྣམསཿ ད་ནི་གཤེགས་ཤིག་ཏ་ལ་ལཿ ད་ནི་བཞུད་ཅིག་སི་ལི་ལིཿརྒྱལ་བའི་བཀའ་ལ་མི་ཉན་མེདཿ བདེན་པའི་ཚིག་ལ་མི་བརྟེན་མེདཿ བརྔན་དང་ནོར་ལ་མི་ཆགས་མེདཿ རྟེན་འབྲེལ་རྒྱུ་འབྲས་འཆོལ་བ་མེདཿ བདག་དང་རྒྱུ་སྦྱོར་སློབ་མ་ཡིཿལྷག་བསམ་རྣམ་དག་བདེན་པའི་མཐུསཿ བསུན་མའི་མགྲོན་ལ་རྫོངས་བཏབ་པསཿ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ལཿ གནས་པའི་དཔའ་བོ་མཁའ་འགྲོའི་སྲོགཿ


JLAZ010_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་རྩ་དང་གཡོ་བ་རླུངཿ བཀོད་པ་བྱང་ཆུབ་སེམས་མཆོག་གིཿརྟེན་འབྲེལ་གནས་མལ་འཕྱུགས་པ་ལསཿ བླ་ཡི་རྟེན་མཁར་ཞིག་པ་དངཿ ཚེ་ཡི་རྒྱ་མདུད་དྲལ་བ་དངཿ སྲོག་གི་ལྗོན་ཤིང་ཆག་པ་དངཿ རླུང་གི་དུས་སྦྱོར་འགགས་པ་སོགསཿ སྐད་ཅིག་ཉིད་ལ་སོར་ཆུད་ནསཿ བླ་ཚེ་ཡར་ངོའི་ཟླ་བ་ལྟརཿ འཕེལ་ཞིང་བརྟན་པའི་ཕྲིན་ལས་མཛོདཿ ཅེས་བརྗོད་བསུན་མའི་མགྲོན་རྣམས་ཀྱིསཿ གླུད་གཏོར་མི་མངོན་གནས་སུ་བསྐྱལཿ རྟེན་འབྲེལ་བདེན་པ་མཐུ་ཆེ་བསཿ ངེས་པར་བསུན་ཁ་བཟློག་པར་འགྱུརཿ ས་མ་ཡཿ༈དེ་ནས་བརྟན་བཞུགས་དང་འབྲེལ་ནཿ སྣ་ཚོགས་རྡོ་རྗེའི་རེ་ཁཱ་ལཿ སློབ་དཔོན་བཞུགས་བྱས་རྨེ་བརྩེགས་ཀྱིསཿ བུམ་ཆུས་ཁྲུས་གསོལ་རས་ཀྱིས་ཕྱིཿའདི་ནི་སྦྱིན་པའི་རང་བཞིན་ཆུཿསེར་སྣའི་དྲི་མ་སྦྱོང་མཛད་ཅིངཿ གཏོང་བ་དྲི་ཡིས་ལེགས་བགོས་ཆུཿཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོཿའདི་ནི་ཚུལ་ཁྲིམས་རང་བཞིན་ཆུཿའཆལ་བའི་དྲི་མ་སྦྱོང་མཛད་ཅིངཿ བསྲུངས་པ་དྲི་ཡིས་ལེགས་བགོས་ཆུཿ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོཿ འདི་ནི་བཟོད་པའི་རང་བཞིན་ཆུཿ ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིངཿ རླབས་ཆེན་དྲི་ཡིས་ལེགས་བགོས་ཆུཿ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོཿ འདི་ནི་བརྩོན་འགྲུས་རང་བཞིན་ཆུཿ ལེ་ལོའི་དྲི་མ་སྦྱོང་མཛད་ཅིངཿ ནན་ཏན་དྲི་ཡིས་


JLAZ010_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བགོས་ཆུཿ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོཿ འདི་ནི་བསམ་གཏན་རང་བཞིན་ཆུཿརྣམ་གཡེང་དྲི་མ་སྦྱོང་མཛད་ཅིངཿ མཉམ་གཞག་དྲི་ཡིས་ལེགས་བགོས་ཆུཿཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོཿའདི་ནི་ཤེས་རབ་རང་བཞིན་ཆུཿརྨོངས་པའི་དྲི་མ་སྦྱོང་མཛད་ཅིངཿ ལྷག་མཐོང་དྲི་ཡིས་ལེགས་བགོས་ཆུཿཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོཿཞེས་དང་སྒྲུབ་སྔགས་དག་ཀྱང་བརྗོདཿ སློབ་དཔོན་ཚེ་མཐའ་ཡས་པར་བསྒྲུབཿ ཤུ་ནྱ་ཏཱས་སྟོང་པར་སྦྱངསཿ སྟོང་བའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་སྟེགས་ཀྱི་ཤར་དུ་གླང་པོ་ཆེཿལྷོར་རྟ་མཆོགཿ ནུབ་ཏུ་རྨ་བྱཿབྱང་དུ་ཤང་ཤངཿ ཟུར་བཞིར་སེང་གེ་བརྒྱདཿ སྟེང་དུ་པདྨ་དང་ཉི་ཟླའི་གདན་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་འཁོར་ལོ་དང་སྣ་ཚོགས་རྡོ་རྗེའི་སྟན་ལ་ཧྲཱིཿལས་རྡོ་རྗེ་སློབ་དཔོན་རིགས་ཐམས་ཅད་ཀྱི་བདག་ཉིད་རྒྱལ་བ་འོད་མཚན་སྟོང་འབར་སྤྲུལ་སྐུའི་ཆ་བྱད་ཅན་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ལྷུང་བཟེད་ལ་གནས་པའི་ཚེའི་བུམ་པ་དང་བདུད་རྩིའི་བཅུད་ལྡན་གྱིས་གང་བ་བསྣམས་པའི་སྤྱི་བོར་ཨོཾཿམགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་རབ་འབྱམས་ནམ་མཁའི་མཐའ་ཀླས་པའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་བདེ་གཤེགས་ཚེ་མཐའ་


JLAZ010_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པའི་དཀྱིལ་འཁོར་རྒྱ་མཚོའི་རྣམ་པར་བྱོན་ནས་རྡོ་རྗེ་སློབ་དཔོན་དང་རོ་གཅིག་ཏུ་འདྲེས་པར་གྱུརཿ ཚེ་མདའ་གཡབ་ཅིངཿ ཧཱུྃཿ ཤར་ནས་རྡོ་རྗེ་མཁའ་འགྲོ་སྲ་བའི་དབྱིངསཿ ལྕགས་ཀྱུ་ཐོགས་པའི་ཕོ་ཉ་འབུམ་ཕྲག་གིསཿ ཤ་ཡི་ཁམས་ནས་ཡར་བའི་བླ་ཚེ་སྡུསཿ དྲི་ཟའི་ལག་ནས་བླ་དང་ཚེ་ཁུག་ཅིགཿ ལྷོ་ནས་རིན་ཆེན་མཁའ་འགྲོ་མཉེན་པའི་དབྱིངསཿ ཞགས་པ་ཐོགས་པའི་ཕོ་ཉ་འབུམ་ཕྲག་གིསཿ ཁྲག་གི་ཁམས་ནས་ཡར་བའི་བླ་ཚེ་སྡུསཿ གྲུལ་བུམ་ལག་ནས་བླ་དང་ཚེ་ཁུག་ཅིགཿ ནུབ་ནས་པདྨ་མཁའ་འགྲོ་དྲོ་བའི་དབྱིངསཿ ལྕགས་སྒྲོག་ཐོགས་པའི་ཕོ་ཉ་འབུམ་ཕྲག་གིསཿ ཁྲག་གི་ཁམས་ནས་ཡར་བའི་བླ་ཚེ་སྡུསཿ ཀླུ་དབང་ལག་ནས་བླ་དང་ཚེ་ཁུག་ཅིགཿ བྱང་ནས་ཀརྨ་མཁའ་འགྲོ་གཡོ་བའི་དབྱིངསཿ དྲིལ་བུ་ཐོགས་པའི་ཕོ་ཉ་འབུམ་ཕྲག་གིསཿ རླུང་གི་ཁམས་ནས་ཡར་བའི་བླ་ཚེ་སྡུསཿ གནོད་སྦྱིན་ལ་གནས་བླ་དང་ཚེ་ཁུག་ཅིགཿ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཨཱ་ཡུར་ད་ཏེ་བྷྲཱུྃ་སྭཱ་ཧཱཿདེ་ནས་ཚེ་བུམ་ཕྱག་ཏུ་ཕུལཿ ཧྲཱིཿ སྣང་སྲིད་གཞོན་ནུ་བུམ་པའི་སྐུཿ སྐྱེ་འཆི་བྲལ་བའི་བཅུད་ཀྱིས་གཏམསཿ རིག་འཛིན་ཁྱེད་ལ་ཕུལ་བ་ཡིསཿ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོགཿ རྩ་སྔགས་ཤམ་བུརཿ ཨཱ་ཡུར་ད་ཏེ་བྷཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾཿ བདུད་རྩི་ཕུལ་ལཿ


JLAZ010_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ བདེ་ཆེན་ཡུམ་ལྔའི་བྷན་དྷ་རུཿ འཆི་མེད་བྱང་སེམས་བདུད་རྩིར་བསྐྱིལཿ རིག་འཛིན་ཁྱེད་ལ་ཕུལ་བ་ཡིསཿ སྐྱེ་འཆི་མེད་པའི་དབང་ཐོབ་ཤོགཿ རྩ་སྔགས་དངཿ ཝཀྐ་ཨ་བྷི་ཥིཉྩ་ཨཱཿཚེ་རིལ་ཕུལ་ལཿ ཧྲཱིཿབརྟན་གཡོའི་ཁམས་དང་སྟོབས་བཅུའི་དཔལཿ ཡོངས་ཀྱི་བཅུད་བདུས་ཚེའི་རིལ་བུཿརིག་འཛིན་ཁྱེད་ལ་ཕུལ་བ་ཡིསཿ རྡོ་རྗེའི་སྲོག་ལ་དབང་ཐོབ་ཤོགཿ རྩ་སྔགས་མཐརཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾཿཚེ་མདའ་བསྣོལ་ནས་རྒྱས་གདབ་ཅིངཿ ཨཱཿའབྱུང་ལྔའི་དབྱིངས་སུ་འཁྱམས་པའི་ཚེཿཡུམ་ལྔའི་ཀློང་དུ་རྒྱས་བཏབ་པསཿ ཡེ་ཤེས་ལྔ་ལ་སྐྱེ་འཆི་མེདཿ སྐུ་ལྔའི་དབྱིངས་སུ་ཚེ་སྦས་པཿརིགས་ལྔའི་རྒྱལ་བས་ཀྱང་མི་གཟིགསཿ དྷརྨ་དྷཱརྟུ་བཛྲ་རཀྵཿཞེས་བརྗོད་ཡོན་དང་མཎྜལ་ཕུལཿ དེ་ནས་རྡོ་རྗེ་སློབ་དཔོན་ནིཿ གདན་གསུམ་ཚང་བའི་དཀྱིལ་འཁོར་གྱིཿ བདག་ཉིད་ཆེན་པོར་བརྟན་བཞུགས་བྱཿཧོཿརྡོ་རྗེ་སློབ་དཔོན་གཟུགས་ཀྱི་ཕུང་པོ་ནིཿ སྣང་མཛད་རྒྱལ་པོ་དེ་བཞིན་གཤེགས་པའི་རིགསཿ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དངཿ འདུ་ཤེས་རྒྱལ་པོ་སྣང་བ་མཐའ་ཡས་ཞལཿ འདུ་བྱེད་རྒྱལ་པོ་དོན་ཡོད་གྲུབ་པ་ཆེཿརྣམ་པར་ཤེས་པ་མི་བསྐྱོད་རྒྱལ་པོའི་ཕྱིརཿ རྟག་པར་རྒྱུན་གྱི་འཁོར་ལོའི་ཆོས་ཉིད་ལཿ རིགས་ལྔའི་རང་བཞིན་ཉིད་དུ་བརྟན་པར་བཞུགསཿ ས་ཁམས་རྣམ་པར་དག་པ་སངས་རྒྱས་སྤྱནཿ ཆུ་ནི་མཱ་མ་ཀཱི་དང་མེ་གོས་དཀརཿ རླུང་ཁམས་དམ་ཚིག་སྒྲོལ་མ་ནམ་མཁའི་དབྱིངསཿ ཡུམ་ལྔའི་རང་བཞིན་ཉིད་


JLAZ010_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྟན་པར་བཞུགསཿ དེ་བཞིན་མིག་ལ་སོགས་པའི་སྐྱེ་མཆེད་རྣམསཿ རྡོ་རྗེ་མཐོང་ཐོས་སྣོམ་དང་མྱོང་བ་དངཿ བྱ་བའི་རང་བཞིན་དེ་ཡི་བཙུན་མོ་བཞིཿཕྱི་སེམས་བཞི་ཡི་ངོ་བོར་བརྟན་པར་བཞུགསཿ བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་ཐོས་སྣོམཿ མྱོང་བར་བྱེད་པའི་བཙུན་མོ་དུས་བཞི་སྟེཿཡུལ་དང་ཡུལ་ཅན་སྦྱོར་བའི་ནང་སེམས་བཞིའིཿརང་བཞིན་ཉིད་ལས་མི་འགྱུར་བརྟན་པར་བཞུགསཿ སྒོ་གསུམ་འཛིན་པར་བཅས་པ་ཁྲོ་བོ་བཞིཿརྟག་ཆད་བདག་མཚན་ལྟ་བ་རིགས་ཀྱི་ཡུམཿ ཚད་མེད་བཞི་ཡི་ངང་ལས་མི་གཡོ་བའིཿསྒོ་མ་བཞི་ཡི་ངོ་བོར་བརྟན་པར་བཞུགསཿ མདོར་ན་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་ནིཿ གདན་གསུམ་ཚང་བའི་ངོ་བོ་ཉིད་ཀྱི་ཕྱིརཿ རྒྱུ་འབྲས་སྤང་གཉེན་དག་པའི་རང་བཞིན་ཅནཿ འཁོར་འདས་མཉམ་པ་ཉིད་དུ་བརྟན་པར་གསོལཿ ཞེས་པའི་དོན་ལ་ངེས་ཤེས་བསྐྱེདཿ དོན་གྱི་བརྟན་བཞུགས་བླ་ན་མེདཿ དེ་ནས་ཚོགས་ཀྱི་འཁོར་ལོ་ཡིསཿ ཞལ་བསྲོ་བཀྲ་ཤིས་རྫས་བརྒྱད་འབུལཿ ཤིས་པ་བརྗོད་ཅིང་དགེ་བ་བསྔོཿས་མ་ཡཿབསུན་མ་བཟློག་ཐབས་མང་ན་ཡངཿ གནད་ཀྱི་གདམས་པ་འདི་ཉིད་ཡིནཿ མཁའ་འགྲོའི་གསང་མཛོད་མ་གཏོགས་པཿཀུན་འབྱུང་བློ་ལ་འདི་མི་འཆརཿ བསྟན་པ་འཛིན་སྐྱོང་སྤེལ་བ་ཡིཿསྐྱེས་བུ་རྣམས་ཀྱི་དཔལ་དུ་ཤོགཿ དྷ་ཐིམཿ གུ་ཧྱ་རྒྱཿརིག་འཛིན་འཇིགས་མེད་གླིང་པས་དཔལ་ས་སྐྱའི་གཙུག་ལག་ཆེན་པོའི་ཟུར་ལྕོགས་རིག་འཛིན་ཕོ་བྲང་དུ་ནམ་མཁའ་མཛོད་ཀྱི་བརྡ་ལས་བསྒྱུར་བའོ།། །།


previousཡུམ་ཀ་མཁའ་འགྲོ་བདེ་ཆེན་རྒྱལ་མོ་ལསཿ མཁའ་འགྲོའི་བསུན་ཟློག་ངོ་མཚར་སྣང་བ།next