Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཀ་མཁའ་འགྲོའི་ལས་ཚོགས་བཞི་བ་དང་འབྲེལ་བར། ཚེ་དབང་གི་མཚམས་སྦྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུམ་ཀ་མཁའ་འགྲོའི་ལས་ཚོགས་བཞི་བ་དང་འབྲེལ་བར། ཚེ་དབང་གི་མཚམས་སྦྱོར།next

ཡུམ་ཀ་མཁའ་འགྲོའི་ལས་ཚོགས་བཞི་བ་དང་འབྲེལ་བར། ཚེ་དབང་གི་མཚམས་སྦྱོར།


JLAZ010_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཀ་མཁའ་འགྲོའི་ལས་ཚོགས་བཞི་བ་དང་འབྲེལ་བར། ཚེ་དབང་གི་མཚམས་སྦྱོར་བཞུགས།


JLAZ010_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཆི་མེད་ཚེའི་དབང་བསྐུར་ཞུ་སྙམ་པའི་ཐུགས་བསྐྱེད་དེ་གསན་འཚལ། དེ་ལ་རང་ཅག་རྣམས་མི་ལུས་ཀྱི་རྟེན་ཁྱད་པར་ཅན་ཐོབ་པ་ནི་ད་རེ་ཙམ་ཡིན་ཏེ། ད་རེས་རྟེན་སྟོང་ལོག་ཏུ་སོང་ན་སླད་ནས་འདི་འདྲ་བའི་ལུས་རྟེན་རྙེད་པ་མ་ཡིན་པའི་ཚུལ། འདུལ་བ་རྣམ་འབྱེད་ལས། དགེ་སློང་དག་ངན་སོང་བའི་འགྲོ་བ་ལ་ལྟོས། ཕྱི་ཕྱིར་མི་ཉིད་ཀྱི་དངོས་པོ་ཐོབ་པ་ཡང་ཤིན་ཏུ་དཀའོ། །ལོག་པར་ལྟ་བའི་སྟོན་པ་འདི་དག་ལ་ལྟོས། ཡང་དག་པའི་དགེ་བའི་བཤེས་གཉེན་དང་ཤིན་ཏུ་འཕྲད་པར་དཀའོ། །ཞེས་


JLAZ010_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡིན་ལ། དེ་ཙམ་དུ་རྙེད་པར་དཀའ་བའི་རྒྱུ་མཚན་གང་ཡིན་ན། སྤྱིར་ངན་སོང་གསུམ་གྱི་འགྲོ་བ་ལ་ལྟོས་ན་མིའི་ལུས་རྟེན་ཐོབ་པ་མི་སྲིད་པའི་ཚོད་ཡིན་པས། མཐོང་ཆོས་སུ་མི་དང་སྲོག་ཆགས་གཞན་གྱི་མང་ཉུང་ཁོ་ནས་ཀྱང་ཤེས་ལ། མི་ཡང་ཆོས་ལྡན་གྱི་བྱ་བ་ལ་ཞུགས་པ་ནི་ཉིན་མོའི་སྐར་མ་ཙམ་ལས་མི་འདུག་ན། གནས་སྐབས་ཀྱི་བདེ་འབྱོར་ནི་རྟག་པ་མ་ཡིན་པས་འགྱུར་བའི་རང་བཞིན་ཅན་དང༌། དེའི་སྟེང་དུ་སྡུག་བསྔལ་གྱི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་རྟག་ཏུ་མནར་པས་རི་དྭགས་མཐའ་ལ་གཅུར་བ་ལྟ་བུའི་ངང་ནས་ད་ལྟའི་སྡུག་བསྔལ་ལ་སྤྱོད་ཅིང༌། ཕྱི་མའི་སྡུག་བསྔལ་གྱི་རྒྱུ་


JLAZ010_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ན་མཚང་ཤིན་ཏུ་ཆེ། དེ་བས་ན་འཁོར་བའི་རང་བཞིན་ནི་སྡུག་བསྔལ་གྱི་བཙོན་རྭ། འཕྲལ་ཉམས་དགའ་ཡང་ཕུགས་མཐའ་སྐྱོ་བ། བྱས་ཚད་སྡིག་པ། བསགས་ཚད་གཞན་དབང༌། བྱ་བ་མང་བ། དོན་ཉུང་བ། བསོད་ནམས་མ་ཡིན་པ་ཁོ་ན་དང་འབྲེལ་ཆེ་བས་འདི་ལས་ཐར་བའི་ཐབས་ལ་མ་འབད་ན་ཤི་འཕོས་ནས་ངན་སོང་དུ་འཁྱམས་པ་ལས་འོས་མེད། ངན་སོང་དུ་སྐྱེས་ན་དམྱལ་བ་ནི་ལྕགས་བསྲེགས་ཀྱི་ས་གཞི་མེ་འབར་བའི་ཀློང་དུ་སོག་ལེ་དང་སྤུ་གྲི་ལ་སོགས་པའི་མཚོན་ཆ་རྣོན་པོའི་དབལ་གྱིས་ལུས་བཤགས། རི་དབར་དུ་བཅར། མགོ་ལུས་དབྲལ། ཁྲོ་ཆུར་འཚོད། མཚོན་ཆའི་དབལ་ལ་འདྲད། གློ་སྙིང་ཡན་ཆད་མེར་འབར་བ་ལ་སོགས་པའི་ཚ་དམྱལ་བརྒྱད། ཁ་ཆར་བུ་ཡུག་རླུང་དང་བཅས་པའི་དཀྱིལ་ན་ལུས་སྤྲེབས་ཤིང༌། གྲང་ངད་ཀྱིས་ཤ་སྤགས་དུམ་བུར་གས་པའི་གྲང་དམྱལ་བརྒྱད། སྡུག་བསྔལ་གྱི་རྣམ་གྲངས་འདི་མི་འབྱུང་བྱ་བ་མེད་པའི་ཉི་ཚེ་ཉེ་འཁོར་བ་གཉིས་ཏེ་དམྱལ་ཁམས་བཅོ་བརྒྱད། ལོ་ཟླ་མང་པོར་ཡང་ཟས་སྐོམ་གྱི་མིང་མི་ཐོས་ཤིང་ཚ་གྲང་ཁོད་མི་སྙམས་པའི་ཡི་དྭགས་སྡེ་ཚན་གསུམ། མཐུ་ཆེ་བ་གང་ཡིན་པ་དེས་ཉམ་ཆུང་བ་དེ་ཟ་ཞིང༌། གཞན་ཡང་ལས་ཀྱི་དབང་


JLAZ010_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གཅིག་ལ་གཅིག་བཟའ་བ་དང༌། མིས་བཀོལ་བ་དང༌། ཤ་དང་པགས་པའི་དོན་དུ་གསོད་པ་དང༌། གསོད་ལུགས་མི་འདྲ་བས་སྡུག་བསྔལ་དང་འཇིགས་སྐྲག་དཔག་ཏུ་མེད་པ་དེ་རང་ཐོག་ཏུའང་འབབ་ངེས་པ་ཡིན་ན་དེའི་སྡུག་བསྔལ་ཇི་ལྟར་བཟོད་ནུས། གལ་ཏེ་བདེ་འགྲོ་ཐོབ་ཀྱང༌། མི་ལ་སྐྱེ་རྒ་ན་འཆི། ཡོད་པ་བྲི་ཡིས་དོགས་པ་དང༌། མེད་པ་བཙལ་གྱིས་མི་རྙེད་པ་དང༌། དགྲ་དང་འཕྲད་པ་དང༌། གཉེན་དང་བྲལ་བ་དང༌། དཔྱ་ཁྲལ་གྱིས་གདུངས་པ་ལ་སོགས་རང་རེས་མཐོང་ཞིང་མྱོང་བ་འདི་ལགས་མོད། དེ་བཞིན་དུ་འདོད་ཁམས་ཀྱི་ལྷ་རྣམས་ནི་རེ་ཞིག་བདེ་བ་ལྟར་སྣང་ཡང༌། ཧ་ཅང་བག་མེད་པས་གཡེངས་ནས་ཕྱི་མའི་དོན་བསྒྲུབ་པ་ལ་གཡེལ་བས། རེ་ཞིག་ན་སྔ་མའི་ལས་ཟད་དེ། སྟན་ལ་མི་དགའ་བ་དང༌། མེ་ཏོག་གི་ཕྲེང་བ་རྙིང་པ་དང༌། ལུས་ལ་རྔུལ་འབྱུང་བ་དང༌། ལྷ་ཟླ་བོས་སྤོང་ཞིང་འདུ་ཤེས་འཁྲུལ་པ་དང༌། ཕྱི་མ་སྐྱེ་འགྱུར་གྱི་གནས་རིགས་ངན་པ་མཐོང་ནས་འཇིགས་པ་ལ་སོགས་པའི་འཆི་བའི་ལྟས་མཐོང་ནས་སྡུག་བསྔལ་ཤིན་ཏུ་མི་བཟད་པ་ཡོད་ལ། ཁམས་གོང་མ་དག་ཀྱང་བསམ་གཏན་གྱི་བདེ་བས་འཚོ་བའི་ལས་ཟད་དེ་སྲིད་པ་འོག་མར་ལྷུང་བ་མང་


JLAZ010_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བས། འགྱུར་བའི་སྡུག་བསྔལ་གྱིས་གདུང་ཞིང༌། སྲིད་པ་ཕྱི་མར་འདུ་བྱེད་པའི་སྡུག་བསྔལ་གྱིས་ཉམ་ཐག་ལ། ཁྱད་པར་ལྷ་མ་ཡིན་རྣམས་ནི་ལྷའི་དཔལ་ལ་མི་བཟོད་པའི་ཕྲག་དོག་གིས་སེམས་རྣལ་དུ་མི་གནས་པས་རྟག་ཏུ་འཁྲུག་རྩོད་འབའ་ཞིག་གིས་གདུང་ཞིང༌། གཡུལ་ངོར་ཡན་ལག་ཆད་པ་དང༌། མཚོན་ཆས་སྣད་པ་ལ་སོགས་པས་ཤིན་ཏུ་སྡུག་བསྔལ་བའི་ཕྱིར་ན་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཚུལ། དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། །དེ་ལྟ་བུའི་འཁོར་བ་ལས་ཐར་པའི་ཐབས་ནི་དམ་པའི་ཆོས་ཁོ་ན་ལས་གཞན་གང་ཡང་མ་ཡིན་ཀྱང་རང་ཅག་རྣམས་ནི་ལས་ངན་ལ་གོམས་པས་མི་རྟག་པ་ལ་རྟག་པར་འཛིན། སྡུག་བསྔལ་བ་ལ་བདེ་བར་འཛིན་པས། དགེ་བའི་ཚོགས་སུ་ནི་བློ་འཇུག་པར་ཤིན་ཏུ་དཀའ། སྡིག་པའི་ལས་ནི་རྩེད་མོའི་ཞོར་ཙམ་


JLAZ010_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་འདུ་བྱེད་ཅིང༌། ཁྱད་པར་ཚེ་འདིའི་དོན་དུ་གཉེར་བའི་ལས་ཐམས་ཅད་ནི་དངོས་སམ་བརྒྱུད་ནས་སྡིག་པའི་གཡོ་བཀོལ་འབའ་ཞིག་ལས་མ་འདས་པ་ཡིན་པའི་ཚུལ། ཁྱིམ་པ་རང་བཞིན་པ་གཅིག་ལ་ལྟོས་ཀྱང༌། ཤ་ཁྲག་ལ་ཆགས་ནས་སྲོག་གཅོད། ཚོང་དང་གཡོ་སྒྱུ་ལ་བརྟེན་ནས་མ་བྱིན་ལེན་པས་མཚོན་མི་དགེ་བཅུ་ལ་རྟག་ཏུ་སྤྱོད་པ་ཡིན་ན། དེའི་འབྲས་བུ་ངན་སོང་དུ་འགྲོ་བ་ལས་འོས་ཅི་ཡོད། དེ་བས་ན་ད་ལྟ་རང་དབང་ཡོད་དུས་སྡིག་པ་སྤོང་ཞིང་དགེ་བའི་ལས་བསྒྲུབ་པ་ལ་བརྩོན་དགོས་ཏེ། སློབ་དཔོན་ཆེན་པོས། འདི་ནི་འཇིག་རྟེན་སྐྱོ་བའི་ཡུལ་ཡིན་པས། །སྐྱེ་བོའི་བདེ་སྐྱིད་ཕུན་སུམ་ཚོགས་འདྲ་བ། །དབྱར་གྱི་ཆུ་དང་རྨི་ལམ་ནོར་རྫས་ལྟར། །བདེན་པ་མེད་ཅིང་མྱུར་དུ་མི་རྟག་པས། །སྐྱོ་བའི་འདུ་ཤེས་རྟག་ཏུ་བསྐྱེད་འཚལ་ལོ། །འདི་ཉིད་ལས་ལོག་བག་ཆགས་ཆགས་པ་དང༌། །སྐྱེས་བུའི་དཔལ་ལ་ངོ་མཚར་ཆེར་བྱེད་པ། །དེ་ནི་བསོད་ནམས་དམན་པའི་རིགས་ཅན་ཏེ། །ཁྱེད་ཀྱི་སྙིང་ནི་ཤིང་སྡོང་ཁོང་རུལ་ལྟར། །ཕྱི་ནས་མཐར་བའི་ལོ་འབྲས་མི་འབྱུང་ངོ༌། །ཀྱེ་མ་ཀྱི་ཧུད་ཚེ་འདིའི་དཔལ་འབྱོར་ལ། །རྟག་ཅིང་ཕུན་སུམ་ཚོགས་འདྲར་ཤེས་པའི་བློ། །བྱིས་པའི་ནང་ནས་ཐ་ཤལ་སྐྱེས་བུ་སྟེ། །འཇིག་རྟེན་འདི་ན་དེ་བས་བླུན་པ་སུ། །སྔར་ཡང་མ་བྱུང་ཕྱིས་ཀྱང་མི་འབྱུང་ངོ༌། །ཅེས་སོ། །དེ་བས་ན་བ་འཆི་བ་ནམ་ཡོང་མི་ཤེས་ཤིང༌། དེའི་ཚེ་ད་ལྟའི་ནོར་རྫས་


JLAZ010_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དབང་ཐང་དང༌། ཉེ་འབྲེལ་དང༌། མཛའ་བཤེས་དང་འགྲོགས་དབང་ནི་མེད། རང་གི་ལུས་འདི་ཡང་དུར་ཁྲོད་འཇིགས་པར་འདོར་ཞིང་འབྲལ་དགོས། ད་ལྟ་གཏན་དུ་སྡོད་དབང་ཡོད་པ་ལྟ་བུའི་སེམས་ཀྱིས་རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང༌། ལོངས་སྤྱོད་དང་ཁ་དྲག་ལ་སོགས་པ་བསྒྲུབ་ཀྱང༌། དེ་རིང་ཡོད་པ་སང་ཉིན་ནས་མེད་པའི་གནས་སྐབས་ཉམས་སུ་མྱོང་ནས་སྲིད་པ་བར་དོའི་འཕྲང་ལ་བཤར་དགོས། དེའི་ཚེའི་དབང་ཡོད་དང༌། ནོར་རྫས་དང༌། གཉེན་བཤེས་ཀྱིས་ཕན་པ་ཏིལ་གྱི་འབྲུ་ཙམ་མེད་པས། སྐྱབས་དང་རེ་ལྟོས་སུ་གྱུར་པ་ནི་དམ་པའི་ཆོས་ལས་གཞན་སུ་ཡང་མེད་པའི་ཕྱིར། ད་ལྟ་ནས་བླ་མ་དཀོན་མཆོག་ལ་བློ་གཏད་དེ་བློ་གདེང་ཐུབ་པའི་ཆོས་ལ་འབད་དགོས། དེ་ལྟར་འབད་པའང་མིའི་ལུས་རྟེན་ཡུན་དུ་འཚོ་བ་ལ་ལྟོས་དགོས་པས་རྡོ་རྗེ་ཐེག་པའི་ལམ་ནས་ཚེ་བསྒྲུབ་ཅིང་ཡུན་དུ་བསྲིང་བའི་ཐབས་ཇི་སྙེད་གསུངས་པ་རྣམས་ལས་འདི་ནི་ལུང་བསྟན་བཀའ་རྒྱ་མ་ལས། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུཿ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེནཿ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུངཿ ཞེས་རྡོ་རྗེ་ལུང་གིས་དཔང་པོར་བྱས་པ་བཞིན། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་གི་སྤྲུལ་པ་ཀུན་མཁྱེན་རྫོགས་ཆེན་པ་རང་བྱུང་རྡོ་རྗེའམ།


JLAZ010_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་འཇིགས་མེད་གླིང་པ་ཉིད་ལ་གཡོ་རུ་སྒྲགས་ཀྱི་གྲོང་མོ་ཆེ་དང་ཉེ་བ་འཚོ་རྒྱལ་བླ་མཚོ་ནས་དཔལ་ལེན་པ་མེད་པའི་མཁའ་འགྲོའི་བརྡ་རིས་བབས་པ་ལས་བྱུང་བའི་ཆོས་སྡེ་མཁའ་འགྲོའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ་གྱི་ལས་ཚོགས་བཞི་པ། རྗེ་བཙུན་སྒྲོལ་མ་གཙུག་ཏོར་རྣམ་རྒྱལ་མ་ལ་བརྟེན་ནས་ཚེ་དབང་བསྐུར་བ་ཡིན་པས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། ལན་གསུམ་རྗེས། འདི་ལྟར་མིའི་ལུས་རྟེན་རྙེད་པའི་ཁྱད་པར་དཀོན་མཆོག་གི་མཚན་ཐོས་པ་ཙམ་ལའང་ཕན་ཡོན་དཔག་ཏུ་མེད་ན། དེ་ལ་སྙིང་ཐག་པ་ནས་སྐྱབས་སུ་སོང་ན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པ་སྨོས་ཅི་དགོས་ཏེ། མདོ་སྡེ་ལས་བརྒྱ་པ་ལས། བྱ་ཞིག་ནམ་མཁའ་ལས་བབས་ནས་ངའི་མདུན་དུ་འདུག་པ་མཐོང་ངམ། གསོལ་བ། བཙུན་པ་བཅོམ་ལྡན་འདས་མཐོང་ལགས་སོ། །བཀའ་སྩལ་པ། དགེ་སློང་དག་བྱ་དེ་ང་ལ་སེམས་དགའ་བར་གྱུར་ནས་སོང་བ་ལས་ཁྲས་བསད་དེ། དེ་ང་ལ་སེམས་དགའ་བཞིན་དུ་སེམས་འཕོས་ནས་


JLAZ010_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་ཁབ་འདི་ཉིད་དུ་ཚོང་དཔོན་གྱི་རིགས་སུ་སྐྱེས་ནས་ཆེར་སྐྱེས་པ་དང༌། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངོ༌། །དེ་རབ་ཏུ་འབྱུང་ནས་ན་ཚོད་ཀྱི་ལོ་བདུན་ལོན་པ་ཁོ་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དོ། །ཞེས་གསུངས་ནས། དཀོན་མཆོག་ལ་བརྟེན་པའི་རྒྱུ་འབྲས་ནི་བསམ་གྱིས་མི་ཁྱབ་པས་སྐྱབས་སུ་སོང་བ་གཅིག་པོའི་ཕན་ཡོན་ཀྱང་གཟུགས་ཅན་དུ་སོང་ན་ནམ་མཁའི་སྣོད་དུ་མི་ཆུད་པའི་ཚུལ། ཇི་སྐད་དུ། སྐྱབས་སོང་འདི་ལ་གཟུགས་མཆིས་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང༌། །རྒྱ་མཚོ་ཆེན་པོའི་ཆུ་ཡི་གཏེར། །ཕུལ་ལ་གཞལ་བས་ཟད་མི་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་གནས་སྐབས་ཀྱི་མངོན་མཐོ་དང་རང་ཞི་བདེ་ཙམ་ལ་དམིགས་པ་ནི། སྐྱབས་འགྲོ་ཉི་ཚེ་བ་ཡིན་པས། སྐྱེས་བུ་ཆེན་པོའི་སེམས་ཀྱིས། མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་པར་དམིགས་ལ། དེ་དག་གི་ཡོན་ཏན་ལ་ཡིད་ཁྱེད་ཤེས་ཀྱི་དད་པ་དང་བཅས། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་


JLAZ010_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་ཆེད་དུ་དམིགས་ནས། སྐྱབས་སུ་འགྲོ་ཞིང༌དེ་དང་རྗེས་སུ་འབྲེལ་བར་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་བྱམས་པ་དང༌། བྱས་པ་ཤེས་པའི་སྙིང་རྗེ་དང༌། དྲིན་དུ་བཟོ་བའི་དགའ་བ་དང༌། ཉེ་འཁོན་མེད་པའི་ཕན་སེམས་བཞིའི་ལྷག་བསམ་ལྡན་པས་སྨོན་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་དང་ཚོགས་ཀྱི། སོགས་ལན་གསུམ། དེ་ལྟར་སྐྱབས་སུ་སོང་ནས་བསླབ་བྱ་གསུམ་ལ་བསླབ་དགོས་ཏེ། དང་པོ་དགག་པའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་རང་ཉིད་འཁོར་བ་ན་འཁོར་བ་འཇིག་རྟེན་པའི་ལྷ་དང་དབང་པོ་ཆེ་ལ་སྐྱབས་སུ་མི་བཟུང༌། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་མི་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་ནམ་དེ་དང་ཕྱོགས་མཐུན་པ་ལ་མི་འགྲོགས། གཉིས་པ་སྒྲུབ་པའི་བསླབ་བྱ་ནི། སྐུའི་རྟེན་ཆག་དུམ་ཡན་ཆད་དང༌། གསུང་གི་རྟེན་གླེགས་བམ་གྱི་རས་མོ་དང༌། དགེ་འདུན་གྱི་རྟེན་ལྷན་པ་སེར་པོ་ཡན་ཆད་ལ་བསྟི་སྟང་དུ་བྱ། གསུམ་པ་ཆ་མཐུན་གྱི་བསླབ་བྱ་ནི། སྐྱེས་བུ་དམ་པ་ལ་བརྟེན། དམ་པའི་ཆོས་ལ་ཐོས་བསམ་བྱ། དགེ་འདུན་དང་རྗེས་སུ་མཐུན་པར་སྤྱོད། རྣམ་པ་ཐམས་ཅད་དུ་དཀོན་མཆོག་ཡིད་ལ་བྱེད་


JLAZ010_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་མ་བྲལ་བས་སྐྱབས་འགྲོ་འདོན་པ་ལ་བརྩོན་པར་བྱ་ཞིང༌། དེ་བཞིན་དུ་སྨོན་སེམས་ཀྱི་བསླབ་བྱ་སེམས་ཅན་ཐམས་ཅད་ནི་ཚེ་རབས་གཞན་དང་གཞན་དག་ཏུ་བདག་གི་ཕ་མར་གྱུར་པ་ཤ་སྟག་ཡིན་པ་ལ་དྲིན་ཤེས་པ་དང༌། དྲིན་དྲན་པ་དང༌། བྱས་པ་དྲིན་དུ་གཟོ་བའི་ལྷག་པའི་བསམ་པ་རྒྱ་ཆེན་པོས་བདག་ལས་གཞན་གཅེས་ཀྱི་ཕན་སེམས་དང༌། བདག་གཞན་བརྗེ་བ་དང༌། ཐ་ནའང་བདག་གཞན་མཉམ་པའི་སེམས་ཀྱིས་མཐུན་པར་བལྟས་ནས་ཕན་འདོགས་པ་འབའ་ཞིག་ལས་གནོད་སེམས་ཅུང་ཟད་ཀྱང་མི་བསྐྱེད་པ་ནི་རྒྱལ་བ་དགྱེས་པའི་བྱ་བ་སྒྲུབ་པ་ཡིན་པའི་ཚུལ། ཚིགས་སུ་བཅད་པ་བཅུ་གཅིག་པ་ལས། སེམས་ཅན་རྣམས་ལ་ཕན་མཆོག་དེ་ནི་ང་ལ་ཕན་མཆོག་ཡིན། སེམས་ཅན་རྣམས་ལ་གནོད་མཆོག་དེ་ནི་ང་ལ་གནོད་མཆོག་ཡིན། ང་དང་སེམས་ཅན་རྣམས་ནི་བདེ་སྡུག་མཚུངས་པས་ན། ང་ཡི་གཟུགས་ཀྱི་སྐུ་ནི་སེམས་ཅན་དོན་དུ་བསྒྲུབས་པ་ཡིན། ཞེས་གསུངས་པས། འདུས་བྱས་ཀྱི་དགེ་བ་ལ་བྱང་ཆུབ་ཀྱི་སེམས་ལས་རྣམ་པར་སྨིན་པ་རྒྱ་ཆེ་བ་མེད་ཅིང་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུ་མ་ནོར་བ་ཡིན་པས་རྟག་ཏུ་བསམ་པ་བཟང་པོ་ལ་གནས་འཚལ། དེ་ལྟ་བུ་ཀུན་སློང་བཅོས་ནས་བསོད་ནམས་ཀྱི་ཚོགས་


JLAZ010_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འདུ་བའི་སྒོ་ནས་ཡན་ལག་བདུན་པས་རྒྱུད་སྦྱང་བའི་ཕྱིར་ནམ་མཁའ་གང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་སྤྱན་སྔར་དད་པའི་སེམས་ཀྱིས། ཕྱག་འཚལ་བ་དང༌། མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ་དང༌། སྡིག་པའི་ལས་རྣམས་གནོང་འགྱོད་དྲག་པོས་བཤགས་པ་དང༌། རང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་བསྐྱེད་པ་དང༌། རྒྱལ་དང་དེ་སྲས་སྤྲུལ་པའི་གཟུགས་བརྙན་དང་བཅས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་པ་གདབ་པ་དང༌། དགེ་བ་རྫོགས་བྱང་དུ་བསྔོ་བ་སོ་སོའི་དོན་ལ་ངེས་ཤེས་ཁྱད་པར་ཅན་ཡིད་ལ་བྱེད་པས་འདིའི་རྗེས་ཟློས་མཛད་པར་འཚལ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་སོགས་བརྗོད། དེ་ནས་དབང་གི་དོན་པོ་ཚེ་དང་ཡེ་ཤེས་དབབ་པའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་ཆུས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སློབ་མ་རྣམས་ཀུན་གཞིའི་རྣམ་པར་ཤེས་པ་ཨ་དཀར་པོར་གསལ་བ་ཡོངས་སུ་གྱུར་པ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་འཕགས་མ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བདག་ཉིད་རྗེ་བཙུན་སྒྲོལ་མ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞབས་


JLAZ010_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་སྐྱིལ་གྱིས་བཞུགས་པའི་ཕྱག་གཡས་མཆོག་སྦྱིན་དང༌། གཡོན་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་མེ་ཏོག་ཨུཏྤལ་འཛིན་པའི་སྟེང་ན་ཚེ་བུམ་བཅུད་ལྡན་གྱིས་བརྒྱན་པའི། སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང་དངོས་གྲུབ། སྣོད་བཅུད་བརྟན་གཡོ་ཀུན་ཀྱི་དངས་བཅུད་བཀྲག་མདངས་དང་བཅས་པ་བསྡུས་ནས་བསྒྲུབ་བྱ་རྣམས་ལ་ཐིམ་པས། འཆི་བ་མེད་པའི་ཚེ་དང་རྡོ་རྗེ་ལྟ་བུའི་སྲོག་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ། ཚེ་འགུགས་ནི་མདའ་དར་གཡབ་ཅིང༌། ཧཱུྃཿཡེ་ཤེས་དབྱིངས་ནས་ཚེ་འགུགས་མཿ བདེ་གཤེགས་སངས་རྒྱས་མཁའ་འགྲོ་མཿ དམར་མོ་ཚེ་ཡི་བུམ་པ་འཛིནཿ ཆོས་ཀྱི་དབྱིངས་ནས་ཚེ་ཁུག་ཅིགཿ ཧཱུྃཿནམ་མཁའི་དབྱིངས་ནས་ཚེ་འགུགས་མཿ སངས་རྒྱས་མཁའ་འགྲོ་གཤིན་རྗེ་མོཿ སྔོན་མོ་ཚེ་ཡི་བུམ་པ་འཛིནཿ ནམ་མཁའི་ཁམས་ནས་ཚེ་ཁུག་གཅིགཿ ཧཱུྃཿརླུང་གི་ཁམས་ནས་ཚེ་འགུགས་མཿ རྡོ་རྗེ་མཁའ་འགྲོ་སྐྱོད་བྱེད་མཿ མཐིང་ནག་ཚེ་ཡི་བུམ་པ་འཛིནཿ རླུང་གི་ཁམས་ནས་ཚེ་ཁུག་ཅིགཿ ཧཱུྃཿ མེ་ཡི་ཁམས་ནས་ཚེ་འགུགས་མཿ རིན་ཆེན་མཁའ་འགྲོ་སྲེག་བྱེད་མཿ སེར་མོ་ཚེ་ཡི་བུམ་


JLAZ010_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཛིནཿ མེ་ཡི་ཁམས་ནས་ཚེ་ཁུག་ཅིགཿ ཧཱུྃཿ ཆུ་ཡི་ཁམས་ནས་ཚེ་འགུགས་མཿ པདྨ་མཁའ་འགྲོ་རྨོངས་བྱེད་མཿ དམར་མོ་ཚེ་ཡི་བུམ་པ་འཛིནཿ ཆུ་ཡི་ཁམས་ནས་ཚེ་ཁུག་ཅིགཿ ཧཱུྃཿ ས་ཡི་ཁམས་ནས་ཚེ་འགུགས་མཿ ལས་ཀྱི་མཁའ་འགྲོ་ཙན་ཏི་ཀཿལྗང་གུ་ཚེ་ཡི་བུམ་པ་འཛིནཿ ས་ཡི་ཁམས་ནས་ཚེ་ཁུག་ཅིགཿ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུར་ད་ཏེ་བྷྲཱུྃ་སྭཱ་ཧཱཿདེ་ནས་དབང་བསྐུར་བའི་སྔོན་དུ་རྗེ་བཙུན་མ་ལ་ཕྱག་འཚལ་བ་འདིའི་རྗེས་ཟློས་མཛོད། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བ་སྐྱེད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བརྟེན་མ། ཞེས་པའི་རྗེས་ཚེ་དབང་དངོས་དང་རྒྱས་གདབ་ནི་བདུད་རྩི་བུམ་བཅུད་བཞིན་ནོ། །ཞེས་དད་མེད་ཀྱི་མདུན་སར་རང་བསྟོད་ཀྱི་མཚམས་སྦྱོར་སྒྲོགས་པ་ནི་འཇིག་རྟེན་གྱི་གྲགས་ཚོད་དང་ཡང་འགལ་བར་ཤེས་ཀྱང་རྗེ་བཙུན་དཔལ་ལྡིངས་པའི་ཐུགས་འདོད་ནན་ཆེས་པས་རེ་དོགས་མེད་པའི་ངང་ནས་སྨྲས་པའོ།། །།


previousཡུམ་ཀ་མཁའ་འགྲོའི་ལས་ཚོགས་བཞི་བ་དང་འབྲེལ་བར། ཚེ་དབང་གི་མཚམས་སྦྱོར།next