Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཆོ་ག་གསུམ་གྱི་སྤྱི་ཆིངས་དཔལ་ཆེན་ཞལ་ལུང་།
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཆོ་ག་གསུམ་གྱི་སྤྱི་ཆིངས་དཔལ་ཆེན་ཞལ་ལུང་།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཆོ་ག་གསུམ་གྱི་སྤྱི་ཆིངས་དཔལ་ཆེན་ཞལ་ལུང་།


JLAZ010_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཆོ་ག་གསུམ་གྱི་སྤྱི་ཆིངས་དཔལ་ཆེན་ཞལ་ལུང་བཞུགསཿ


JLAZ010_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་གདོད་མའི་ཀློང་ལ་འདུདཿ རིག་པ་ཐིག་ལེ་ཉག་གཅིག་ནིཿ ཆོས་རྣམས་ཀུན་ཀྱི་གྲོལ་ས་སྟེཿམདོ་སྔགས་ཐེག་པ་བསམ་ཡས་སུཿ བསྟན་ཀྱང་ཐེག་པ་གཅིག་ལས་མེདཿ འདི་ཉིད་མ་རིག་རྟོག་ཅན་རྣམསཿ ཐེག་པའི་ཚིག་ལ་རྩོད་པ་བྱེདཿ ཇི་སྲིད་སེམས་ཅན་བློ་མང་བཿ དེ་སྲིད་ཐེག་པ་བསམ་ཡས་སུཿ ཀུན་ཏུ་བཟང་པོ་ང་ཡིས་བསྟནཿ འོན་ཀྱང་འདིར་ནི་དབང་པོའི་ཁྱདཿ རབ་དང་འབྲིང་དང་ཐ་མ་གསུམཿ གསུམ་ཚན་གསུམ་དུ་དབྱེ་བ་ལསཿ ཐེག་པའི་རྣམ་གྲངས་དགུ་རུ་བསྟནཿ ཀུན་འབྱུང་འདྲེན་པའི་ཐེག་པ་དངཿ དཀའ་ཐུབ་རིག་བྱེད་ཐེག་པ་དངཿ དབང་སྒྱུར་ཐབས་ཀྱི་ཐེག་པའོཿདེ་ལས་ཚེ་གཅིག་མྱུར་གྲོལ་ལམཿ གང་ཟག་སྐལ་བ་མཆོག་ལྡན་ལཿ དབང་སྒྱུར་ཐབས་ཀྱི་ཐེག་པ་སྟེཿརབ་ལ་རྫོགས་པ་ཆེན་པོའི་ལམཿ འབྲིང་ལ་ཨ་ནུ་ཡོ་ག་ཆེཿདམན་ལ་མ་ཧཱ་ཡོ་གའོཿབསྐྱེད་པའི་ངོ་བོ་རིམ་གྱིས་ཏེཿགསང་སྔགས་ཀུན་ཀྱི་གཞི་ལྟ་བུཿརྫོགས་པའི་རང་བཞིན་ཅིག་ཆར་ཏེཿགསང་སྔགས་ཀུན་ཀྱི་ལམ་ལྟ་བུཿརྫོགས་པ་ཆེན་པོ་བློ་བྲལ་ཆོསཿ གསང་སྔགས་ཀུན་ཀྱི་འབྲས་བུར་བཤདཿ དེ་ལ་མ་ཧཱ་ཡོ་ག་ནིཿ དོན་དམ་མ་སྐྱེས་ཆོས་ཉིད་རྩལཿ ཏིང་འཛིན་གསུམ་གྱི་ཆོ་འཕྲུལ་ལསཿ སྣོད་བཅུད་འཛིན་ཞེན་


JLAZ010_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བའི་ཕྱིརཿ རྟེན་དང་བརྟེན་པའི་འཁོར་ལོ་ཤརཿ དེ་ཡང་རིག་པས་བསྐྱེད་པའི་ལྷརཿ རང་རྒྱུད་རྩིས་གདབ་མེད་པའི་ཕྱིརཿ རྟོག་པ་འདུལ་བའི་གཉེན་པོ་རུཿགཙོ་དང་འཁོར་གྱི་རོལ་པ་དངཿ ཞལ་ཕྱག་རྣམ་འགྱུར་མཐའ་ཡས་པའིཿརྟགས་དང་དོན་གྱི་བརྡ་མཚོན་ནསཿ སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་དུཿ སྒོ་གསུམ་ལྷ་སྔགས་ཏིང་འཛིན་གྱིསཿ གོམས་ལ་གདིང་དུ་གྱུར་པ་ལཿ བསླབ་ཕྱིར་བདག་སྲས་གཞན་སྲས་ནིཿ ཐུགས་རྗེའི་དབང་དང་ཤེས་རབ་དབངཿ ཡེ་ཤེས་ཕྱག་རྒྱའི་འཁོར་ལོ་ལསཿ དང་པོ་བསྙེན་པ་བྱ་བ་ནིཿ སྣང་སྲིད་འཁོར་འདས་ཆོས་རྣམས་དངཿ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུནཿ རྣམ་དག་ལྷ་ཡི་དཀྱིལ་འཁོར་ལུས་དཀྱིལཿ དུཿ ཤེས་པར་བྱ་བ་དག་བསླབས་པསཿ བདག་གི་སྲས་སུ་དེ་བཞིན་གཤེགསཿ མངོན་དུ་བྱས་པར་གྱུར་པ་ཡིནཿ གཉིས་པ་ཡེ་ཤེས་ལྷ་ཉིད་དངཿ ཉེ་ཕྱིར་ཉེ་བའི་བསྙེན་པ་ནིཿ དེ་ཡི་བྱིན་རླབས་རྒྱུད་སྨིན་ཅིངཿ བླ་ན་མེད་པའི་ཡེ་ཤེས་ལཿ མངོན་པར་བྱང་ཆུབ་ཉིད་ལ་སློབཿ གསེར་ལ་བསྲེག་བཅད་བརྡར་བ་བཞིནཿ རང་བཞིན་ནན་གྱིས་གོམས་པ་སྟེཿབདག་ཉིད་དེ་བཞིན་གཤེགས་པ་ཡིཿསྲས་སུ་བྱས་པ་ཉིད་དུའོཿ གསུམ་པ་བསྒྲུབ་པ་བྱ་བ་ནིཿ


JLAZ010_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྫོགས་གོམས་པའི་ཡེ་ཤེས་ཀྱིཿཚད་མེད་ཐུགས་རྗེ་ཆེན་པོའི་མཐུསཿ འགྲོ་བ་ཀུན་ཀྱི་དོན་མཐུན་པརཿ དམ་ཚིག་ཆེན་པོས་འཇུག་པ་སྟེཿའདི་ནི་བདག་གི་སྲས་ཉིད་དུཿ དེ་བཞིན་གཤེགས་པ་བྱས་པའོཿབཞི་པ་སྒྲུབ་པ་ཆེན་པོ་ནིཿ ཚོགས་གཉིས་ཆེན་པོ་ལ་བརྟེན་ནསཿ བདག་གཞན་གཉིས་ཀས་ཚོགས་སྒྲུབ་ཀྱིཿདཀྱིལ་འཁོར་བྱ་བ་ལ་ཞུགས་ཏེཿསྤང་རྟོགས་ཡོན་ཏན་མངོན་བྱས་པསཿ དོན་གཉིས་ལྷུན་གྱིས་གྲུབ་པ་སྟེཿའདི་ནི་དེ་བཞིན་གཤེགས་པ་ཡིཿསྲས་སུ་བདག་ཉིད་བྱས་པའོཿདེ་ལྟར་བསྙེན་སྒྲུབ་ཡན་ལག་བཞིའིཿརོལ་པ་རྣམ་བཀོད་ཆོ་འཕྲུལ་ལསཿ ཏིང་འཛིན་གདེང་དུ་གྱུར་བའི་མཐུསཿ ས་བཅུ་ལམ་ལྔའི་ཡོན་ཏན་ཀུནཿ ལུས་རྒྱའི་སྦུབས་ནས་རྫོགས་པའོཿདེ་ཡང་ཡུལ་གསུམ་གསལ་བ་དངཿ དགྲ་གསུམ་བསད་དང་བདུད་བཞིའི་བཅོམཿ འཕྲང་གསུམ་བསལ་བར་གྱུར་ཚུལ་ནིཿ བསོད་ནམས་དང་ནི་ཡེ་ཤེས་མཐུསཿ བསྐྱེད་རྫོགས་གདིང་དུ་གྱུར་པ་ལསཿ རྣམ་རྟོག་རགས་པ་ཆོམས་གྱུར་ཏེཿཡེ་ཤེས་ལྷ་ཡི་ཕྱག་རྒྱ་ཀུནཿ དང་པོ་ཡིད་ཀྱི་ཡུལ་དུ་གསལཿ དེ་ཡི་དངོས་སྣང་མཐུ་བརྟས་ཤིངཿ སེམས་ཉིད་ཤིན་ཏུ་སྦྱངས་བའི་མཐུསཿ རང་བཞིན་དབང་པོའི་ཡུལ་དུ་གསལཿ མཐར་


JLAZ010_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བདེན་གཉིས་དབྱེར་མེད་ཀྱིཿལུས་སེམས་ཤིན་སྦྱངས་ཐོབ་པའི་ལྷཿལུས་ཀྱི་ཡུལ་དུ་མངོན་སུམ་གསལཿ ཡུལ་གསུམ་གྱད་དུ་གྱུར་པ་ལསཿ མ་དག་ལུས་ཀྱི་དངོས་སྣང་ཆོམསཿ རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཆེཿལྷུན་གྲུབ་རིག་འཛིན་རྣམ་པ་བཞིའིཿགོ་འཕང་མཆོག་ལ་གནས་པའོཿདེ་ཚེ་བསྐྱེད་པའི་འཁོར་ལོ་ལཿ རྫོགས་རིམ་ཟབ་མོས་རྒྱས་ཐེབས་པསཿ ཕྱི་དགྲ་ང་ཡིར་འཛིན་པ་དངཿ ནང་དགྲ་བདག་ཏུ་འཛིན་པ་དངཿ གསང་དགྲ་ཉོན་མོངས་གཟུང་འཛིན་ཀུནཿ རྣམ་དག་ལྷ་ཡི་ཕུང་པོས་བཅོམཿ ཐ་མལ་ཕུང་པོའི་ཞེན་པ་ལསཿ ལྡོག་པ་དགྲ་གསུམ་བསད་པའི་ཚདཿ བདུད་བཞི་བཅོམ་པ་འདི་ལྟ་སྟེཿབདེ་བ་ཆེན་པོའི་མཁའ་ཀློང་དུཿ ཐབས་ཤེས་རྒྱུ་ཡི་ཧེ་རུ་ཀཿབདེ་སྟོང་ཆེན་པོར་རོལ་པ་ལསཿ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིནཿ བསམ་མི་ཁྱབ་པའི་ཡེ་ཤེས་ཀྱིཿའཕྲོ་འདུའི་བཀོད་པ་ཅིར་ཡང་སྣངཿ དུག་ལྔ་ཆགས་འཛིན་བྲལ་བར་སྤྱོདཿ འཕགས་པ་མཆོད་ཅིང་གཞན་དོན་བྱསཿ དེ་ཚེ་ཉོན་མོངས་བདུད་བཅོམ་མོཿ དེ་ཡང་ཆགས་སྡང་འཛིན་རྟོག་ཀུནཿ གཉིས་མེད་རང་བྱུང་ཡེ་ཤེས་རྩལཿ སྤངས་ཐོབ་བྲལ་བའི་ཆོས་ཉིད་ལཿ དགག་སྒྲུབ་ཕྱོགས་ལྷུང་ལས་འདས་པསཿ བསླུ་བྲིད་ལྟ་བུའི་


JLAZ010_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་བཅོམ་མོཿ རྡོ་རྗེ་ཕུང་པོའི་ཡན་ལག་ལྔཿརྫོགས་པའི་སངས་རྒྱས་ལྔར་ཤེས་ཤིངཿ རྣམ་དག་ལྷ་ཡི་སྐུར་གྱུར་པསཿ ཐ་མལ་ཕུང་པོའི་བདུད་བཅོམ་མོཿ ཚོགས་གཉིས་འབྲས་བུའི་ཐུས་ཀ་ལསཿ བསྐྱེད་རྫོགས་གདེང་གྱུར་སངས་རྒྱས་ཏེཿདེ་ལ་སྐྱེ་དང་འཆི་བ་ཡིཿརྣམ་རྟོག་རང་མཚན་མེད་པས་ནཿ འཆི་བདག་བདུད་ནི་བཅོམ་པའོཿཕྱོགས་རིས་བྲལ་བའི་ལྟ་བ་ཡིསཿ ཐེ་ཚོམ་ཡིད་གཉིས་འཕྲང་ལས་གྲོལཿ གསལ་འགྲིབ་མེད་པའི་སྒོམ་པ་ཡིསཿ བྱིང་རྒོད་གཉིས་འཛིན་འཕྲང་ལས་གྲོལཿ སྤྱོད་པ་མ་འཁྲུལ་དམ་ཚིག་གིསཿ ཐེག་པ་དམན་པའི་འཕྲང་ལས་གྲོལཿ དེ་ལྟར་སྦྱང་གཞི་ལུས་ངག་ཡིདཿ སྦྱོང་བྱེད་ལྷ་སྔགས་ཏིང་འཛིན་གྱིསཿ སྦྱངས་འབྲས་བདེ་གཤེགས་སྐུ་གསུང་ཐུགསཿ རྡོ་རྗེ་གསུམ་གྱི་འཁོར་ལོ་རུཿཡོངས་སྨིན་དོན་གྱི་སངས་རྒྱས་ཏེཿམ་ཧཱ་ཡོ་གའི་གྲུབ་མཐའ་རུཿསྤྱི་དཔལ་ཆེན་པོ་ངས་བཤད་དོཿས་མ་ཡཿལུང་ཆེན་ཨ་ནུ་ཡོ་ག་ནིཿ ཆོས་དབྱིངས་དོན་གྱི་ཀུན་བཟང་མོའིཿམཁའ་ཀློང་རྣམ་པར་དག་པ་ནསཿ རིག་པ་ཀུན་ཏུ་བཟང་པོར་ཤརཿ དེ་ཡང་ཚིག་ལ་མི་ལྟོས་པརཿ དབྱིངས་དང་ཡེ་ཤེས་དབྱེར་མེད་པའིཿརང་བཞིན་ལྷུན་གྲུབ་ལྟ་བའི་ངངཿ ཀུན་རྫོབ་ལྷ་ཡི་དཀྱིལ་དང་འཁོརཿ དྲན་རིག་རྩལ་གྱིས་


JLAZ010_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ལསཿ ལྷུན་འགྲུབ་ཟབ་མོའི་ཏིང་འཛིན་གྱིསཿ སྒྲིབ་གཉིས་དྲི་མ་རྣམ་སྦྱོང་ཞིངཿ སྐུ་བཞིའི་འབྲས་བུ་བསྐྱེད་པ་ལཿ རྫོགས་པ་ཨ་ནུ་ཡོ་གར་བཤདཿ དེ་ཡི་བདུད་བཞི་བཅོམ་ལུགས་ནིཿ དུག་གསུམ་ཡེ་ནས་སྐུ་གསུམ་དུཿ རྟོགས་པས་ཉོན་མོངས་ཡེ་སངས་རྒྱསཿ དགག་སྒྲུབ་བླང་དོར་ལས་འདས་པསཿ ཉོན་མོངས་བདུད་ནི་བཅོམ་པའོཿསྣང་བརྟགས་ཤེས་བྱས་སྤྲོ་བཏགས་པའིཿཆོས་དང་གང་ཟག་གཉིས་ཀའི་བློཿབདག་མེད་རོ་མཉམ་རྟོགས་པ་ཡིསཿ གཟུང་འཛིན་ལྟ་བུའི་བདུད་བཅོམ་མོཿ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུནཿ མ་བསྐྱེད་ཡེ་རྫོགས་ལྷའི་ཕྱག་རྒྱརཿ མཉམ་ལ་མ་འདྲེས་ལྷུན་གྲུབ་པསཿ ཞེན་འཛིན་ཕུང་པོའི་བདུད་བཅོམ་མོཿ ཆོས་ཉིད་རང་བཞིན་འགྱུར་མེད་ཀློངཿ སྐྱེ་ཤི་བར་དོའི་བར་ལག་འགྱེལཿ དབྱིངས་ལ་གསལ་འགྲིབ་མི་མངའ་བསཿ འཆི་བདག་བདུད་བཅོམ་རྫོགས་སངས་རྒྱསཿ ས་མ་ཡཿརང་བཞིན་རྫོགས་པ་ཆེན་པོ་ནིཿ ལྷ་ཉིད་བྱང་ཆུབ་སེམས་དངོས་ལཿ སེམས་ཉིད་སངས་རྒྱས་ཤེས་པ་ཡིསཿ བསྐྱེད་དུ་མེད་དེ་ཡེ་ནས་ཡིནཿ ངེས་མེད་ཅིང་ཡང་འཆར་བ་ལཿ མ་བཀག་མ་སྒྲུབ་རང་བཞིན་གསལཿ བསམ་བརྗོད་བྲལ་བའི་རང་མདངས་ལཿ མཚན་


JLAZ010_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དཔེའི་ཕྱག་རྒྱའི་ཅིར་ཡང་སྣངཿ སྣང་ཙམ་ཉིད་ནས་མ་གྲུབ་སྟོངཿ དེ་ཡི་བདུད་བཞི་བཅོམ་ལུགས་ནིཿ རིག་པ་ནམ་མཁའ་ལྟ་བུ་ལཿ དུག་ལྔའི་སྐྱོན་གྱིས་གོས་མ་མྱོངཿ དངུལ་ཆུ་ལྟ་བུའི་ཡེ་ཤེས་ཀྱིསཿ ཉོན་མོངས་བདུད་ཆེན་བཅོམ་པའོཿསྲིད་གསུམ་ཡེ་ནས་སངས་རྒྱས་ལཿ སྐུ་དང་ཞིང་ཁམས་ལྷུན་གྱིས་གྲུབཿ རྩོལ་སྒྲུབ་རྒྱུ་རྐྱེན་ལས་འདས་པསཿ ལྟར་སྣང་ལྷའི་བུའི་བདུད་ནི་བཅོམཿ བསམ་འདས་ཤེས་རབ་ཆེན་པོའི་དབྱིངསཿ དངོས་སྣང་བྲལ་བའི་ཆོས་ཉིད་ལཿ གཟུང་འཛིན་རྟག་ཆད་བློ་མེད་པསཿ འདུ་བྱེད་ཕུང་པོའི་བདུད་བཅོམ་མོཿ ངོས་བཟུང་མེད་པའི་རིག་པ་ལཿ དྲན་པ་གསལ་བའི་ཡེ་ཤེས་ཅནཿ སྐྱེ་འཆི་ལས་འདས་ཆོས་ཀྱི་སྐུསཿ འཆི་བདག་བདུད་བཅོམ་ཡེ་སངས་རྒྱསཿ ཨ་ཏིའི་གྲུབ་མཐའ་ཆེན་པོའོཿས་མ་ཡཿདེ་ལྟར་ཡོ་ག་རྣམ་པ་གསུམཿ ནང་གསེས་ཕྲ་མོར་དབྱེ་བ་ལཿ རྣམ་པ་དགུ་རུ་བསྟན་པ་ནིཿ དཀྱིལ་འཁོར་རིམ་གྱིས་བསྐྱེད་པ་ལཿ མ་ཧཱའི་མ་ཧཱ་ཞེས་བྱའོཿདཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ལཿ མ་ཧཱའི་ཨ་ནུ་ཞེས་བྱའོཿདོན་དམ་མ་སྐྱེས་ཆོས་དབྱིངས་ལཿ མ་ཧཱའི་ཨ་ཏི་ཞེས་སུ་གྲགསཿ དཀྱིལ་འཁོར་ཅིག་ཆར་རྫོགས་པ་ལཿ ཨ་ནུའི་མ་ཧཱ་ཞེས་སུ་འདོདཿ ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་ལཿ


JLAZ010_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་ཆོས་དབྱིངས་རྣམ་དག་པཿཨ་ནུའི་ཨ་ནུ་ཞེས་བྱའོཿལྷ་དང་རང་རིག་གཉིས་མེད་པཿཨ་ནུའི་ཨ་ཏི་ཡོ་གའོཿའཁོར་འདས་གདོད་ནས་དཀྱིལ་འཁོར་དུཿ ཤེས་པ་ཨ་ཏིའི་མ་ཧཱ་ལཿ རང་སེམས་ལྷ་སྐུར་ལྷུན་རྫོགས་པཿཨ་ཏིའི་ཨ་ནུ་ཞེས་བྱའོཿསེམས་ཉིད་ངོ་བོ་མེད་པའི་དབྱིངསཿ སྤྲོས་པ་ཀུན་དང་བྲལ་བ་ནིཿ ཨ་ཏིའི་ཨ་ཏི་ཞེས་བྱ་སྟེཿགཞི་དང་ལམ་དང་འབྲས་བུ་ཡིཿབསྐྱེད་རྫོགས་རྣམ་པ་གསུམ་གསུམ་ལསཿ དབྱེ་བ་དགུ་རུ་ངས་བཤད་དོཿ ༈འདི་ན་དམ་ཚིག་གི་རྣམ་བཤད་འདུག་སྟེ་སྒྱུར་འཕྲོ་བཞག་པས་མ་ཕེབསཿ ཀུན་ལས་ཁྱད་འཕགས་གསང་ཆེན་གནདཿ ཚིག་ཉུང་དོན་འདུས་རྒྱུད་སྡེའི་བཅུདཿ ཡོ་ག་གསུམ་གྱི་སྤྱི་ཆིངས་འདིཿའཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིསཿ བྱིན་གྱིས་བརླབས་པའི་རིག་པ་འཛིནཿ སྨིན་མཚམས་དཔའ་བོའི་རྒྱ་རྟགས་ཅནཿ དེ་ལ་ལས་ཀྱི་དབང་མོ་ཆེསཿ དགོངས་པའི་བརྡ་རིས་སྤྲད་པའི་ཚེཿམཁའ་འགྲོའི་གསང་མཛོད་ཆེན་མོ་ལཿ དབང་བསྒྱུར་ང་ཡི་དགོངས་པའི་མཐིལཿ དེ་ཡི་སྙིང་ལ་ཡང་དག་ཞུགསཿ སྣང་བ་ཚིག་དང་དཔེ་ཆར་ཤརཿ གཏེར་གྱི་ནང་ནས་ཡང་བཅུད་ཡིནཿ སྐལ་ལྡན་སྙིང་གི་བུ་གསུམ་གྱིསཿ ཐེ་ཚོམ་མེད་པར་ལེན་


JLAZ010_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོངཿ དེ་ལ་གཏད་རྒྱ་རྫོགས་པར་གྱིསཿ སྣོད་མིན་བཤད་ན་བཀའ་འདི་འཆལཿ སྔགས་ཀྱི་སྲུང་མས་བྱ་ར་གྱིསཿ འགྲོ་དོན་བསྟན་པ་མཐའ་རྒྱས་འགྱུརཿ ས་མ་ཡཿདྷ་ཐིམཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཆོ་ག་གསུམ་གྱི་སྤྱི་ཆིངས་དཔལ་ཆེན་ཞལ་ལུང་།next