Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ནང་སྒྲུབ་རིག་འཛིན་འདུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ནང་སྒྲུབ་རིག་འཛིན་འདུས་པ།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ནང་སྒྲུབ་རིག་འཛིན་འདུས་པ།


JLAZ010_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

༂ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ནང་སྒྲུབ་རིག་འཛིན་འདུས་པ་བཞུགསཿ


JLAZ010_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་གུ་རུ་བིདྱཱ་དྷ་ར་ཡེཿ ནང་སྒྲུབ་རིག་འཛིན་འདུས་པ་ནིཿ དབེན་ཞིང་ཉམས་དགའ་ས་ཕྱོགས་དམརཿ རྩི་ཤིང་ནགས་ཚལ་མེ་ཏོག་རྒྱསཿ བཀྲ་ཤིས་ཡིད་འོང་གནས་མཆོག་དེརཿ དཀྱིལ་འཁོར་མཆོད་པའི་ཡོ་བྱད་དངཿ སྤྱན་གཟིགས་ལ་སོགས་བློ་དང་སྦྱརཿ བདེ་བའི་སྟན་ལ་བག་ཕབ་ནསཿ སྦྱོར་དངོས་རྗེས་གསུམ་ཚང་བ་ཡིཿ རྟེན་འབྲེལ་ཟབ་མོས་ཉམས་སུ་བླངཿ ས་མ་ཡཿ དང་པོ་སྔོན་འགྲོའི་སྦྱོར་བ་ལཿ རྣམ་གྲངས་བདུན་ལས་དང་པོ་ནིཿ མདུན་མཁར་ཚོགས་ཞིང་གསལ་བཏབ་སྟེཿ ཁྱེད་ཤེས་དད་པས་སྐྱབས་སུ་འགྲོཿ ན་མོཿ བདག་དང་མཐའ་ཡས་སེམས་ཅན་ཀུནཿ མཆོག་གསུམ་ངོ་བོ་བླ་མ་དངཿ རིག་འཛིན་རྒྱ་མཚོ་དཀྱིལ་འཁོར་ལཿ སྙིང་


JLAZ010_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དད་པས་སྐྱབས་སུ་མཆིཿ ལན་གསུམ་གཉིས་པ་སེམས་བསྐྱེད་ནི། ཧོཿརིག་འཛིན་དཀྱིལ་འཁོར་འདིར་ཞུགས་ནསཿ ཕ་མ་འགྲོ་དྲུག་སེམས་ཅན་ཀུནཿ ཚད་མེད་སྙིང་རྗེས་སྒྲོལ་བའི་ཕྱིརཿ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེདཿ ལན་གསུམ། གསུམ་པ་ཚོགས་གསོག་ནི། ཧོཿཆུ་ལས་ཆུ་བུར་ཇི་བཞིན་དུཿ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷརཿ མངོན་སུམ་རིག་པས་ཕྱག་འཚལ་ལོཿ ཉམས་སྣང་གོང་འཕེལ་མཆོད་པར་འབུལཿ རིག་པ་ཚད་ཕེབས་ངང་དུ་བཤགསཿ ཆོས་ཉིད་ཟད་ལ་རྗེས་ཡི་རངཿ འཕོ་ཆེན་ཀློང་ནས་ཆོས་འཁོར་བསྐོརཿ འཇའ་ལུས་ཆེན་པོར་བཞུགས་གསོལ་འདེབསཿ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོཿ བཞི་པ་བགེགས་ལ་བཀའ་བསྒོ་བཿ ཧྲཱིཿ སྣོད་བཅུད་སྤྲུལ་


JLAZ010_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་འཁོར་འདིརཿ གླགས་ལྟ་བར་གཅོད་བདུད་ཀྱི་རིགསཿ གཏོར་མ་ལོང་ལ་གཞན་དུ་དེངསཿ བཀའ་ལས་འདས་ན་རྡོ་རྗེས་གཞོམཿ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིརཿ ལྔ་པ་སྲུང་འཁོར་བསྒོམ་པ་ནི། ཧྲཱིཿསྣང་སྲིད་དག་པ་རབ་འབྱམས་ལཿ བགེགས་དང་བར་གཅོད་མིང་ཡང་མེདཿ གློ་བུར་རྣམ་རྟོག་འཁྲུལ་པའི་གདོནཿ ཆོས་དབྱིངས་ངང་དུ་མཚམས་གཅོད་དོཿ དྲུག་པ་ཡེ་ཤེས་བྱིན་འབེབ་ནི། ཧཱུྃཿསྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནསཿ དང་པོའི་སངས་རྒྱས་ཀུན་ཏུ་བཟངཿ རིགས་ལྔ་ཡབ་ཡུམ་སྤྲུལ་འཁོར་བཅསཿ དགོངས་བརྒྱུད་བླ་མས་བྱིན་ཆེན་ཕོབཿ སྒྱུ་འཕྲུལ་རྡོ་རྗེའི་ཕོ་བྲང་ནསཿ དགའ་རབ་འཇམ་དཔལ་ཤྲཱི་སེང་སོགསཿ བརྡ་བརྒྱུད་བླ་མས་བྱིན་ཆེན་ཕོབཿ འགྲོ་འདུལ་སྤྲུལ་པའི་ཕོ་བྲང་ནསཿ རིག་འཛིན་བརྒྱད་དང་པདྨ་འབྱུངཿ རྗེས་འབངས་ཉི་ཤུ་རྩ་ལྔ་སོགསཿ སྙན་བརྒྱུད་བླ་མས་བྱིན་ཆེན་ཕོབཿ དཀྱིལ་འཁོར་འདི་ལ་བཀྲག་ཅིག་ཐོནཿ སྒྲུབ་རྫས་འདི་ལ་ཞག་ཅིག་སྐྱིལཿ ལུས་ངག་ཡིད་ལ་བདེ་ཆེན་སྦོརཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃཿབིདྱ་དྷཱ་རཱ་ཨེ་ཨ་ར་ལཱི་ཕེཾ་ཕེཾཿ ཧཱུྃཧཱུྃཧཱུྃཿ ཧཱུྃཧཱུྃཧཱུྃཿ ཧཱུྃཧཱུྃཧཱུྃཿ ཞེས་བརྗོད་རོལ་མོ་དྲག་ཏུ་བཀྲོལ། བདུན་པ་མཆོད་རྫས་བྱིན་བརླབས་ནི། ཨོཾ་ཨཱཿཧཱུྃཿ སྣང་སྲིད་ཐམས་ཅད་


JLAZ010_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་སྤྲིནཿ ཡེ་ཤེས་བདུད་རྩིར་བྱིན་རླབས་པསཿ ཕྱི་ནང་གསང་བའི་མཆོད་རྫས་ཀུནཿ ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུརཿ ཨོཾ་བཛྲ་ཨརྒྷཾ་སོགས། སརྦ་པཉྩ་རཀྟ་བ་ལིངྟ་མ་ཧཱ་སུ་ཁ་པཱུ་ཙ་ཨཱཿཧཱུྃཿལན་གསུམ་བརྗོད་པས་བྱིན་གྱིས་བརླབས། གཉིས་པ་དངོས་གཞིར་རྣམ་གྲངས་བདུན། དང་པོ་རྟེན་དང་བརྟེན་པར་བཅས། སྤྲོས་བྲལ་ངང་ནས་བསྐྱེད་པ་ནི། ཧཱུྃཿམ་བཅོས་རིག་པ་སྟོང་གསལ་ངངཿ ལྷག་མཐོང་སྣང་ཆའི་རྟེན་འབྲེལ་ཀུནཿ ལྷུན་གྲུབ་དག་པ་རབ་འབྱམས་ཀྱིཿ དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའིཿ ཕོ་བྲང་གཞལ་མེད་ཉམས་དགའ་བཿ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡནཿ བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའིཿ ཕྱི་ནང་ཟང་ཐལ་ཆེན་པོའི་དབུསཿ སྣ་ཚོགས་པདྨ་ཉི་ཟླའི་སྟེངཿ ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུཿ བདག་ཉིད་སངས་རྒྱས་ཀུན་ཀྱི་དངོསཿ སྣང་སྲིད་ཟིལ་གནོན་པདྨ་འབྱུངཿ ཞལ་གཅིག་ཕྱག་གཉིས་དཀར་དམར་མདངསཿ ཐེག་གསུམ་རྫོགས་པའི་བརྡ་རྟགས་སུཿ ཕོད་ཁ་ཆོས་གོས་བེར་འདུང་མནབསཿ ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྡིགསཿ གཡོན་པས་བྷནྡྷ་ཚེ་བུམ་བསྣམསཿ མཆན་ཁུང་གཡོན་ན་ལྷ་ལྕམ་མཛེསཿ དབུ་ལ་པདྨའི་མཉེན་ཞུ་གསོལཿ རྒྱལ་པོ་རོལ་པའི་སྟབས་སུ་འགྱིངསཿ དབུ་གཙུག་


JLAZ010_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཟེར་ཐིག་ལེའི་ཀློངཿ དགའ་རབ་རྡོ་རྗེ་ལོངས་སྐུའི་ཆསཿ དཀར་གསལ་རྡོར་དྲིལ་ཐུགས་ཀར་བསྣོལཿ དེ་ཡི་དབུ་གཙུག་ཐོག་མའི་མགོནཿ ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོགཿ ཕྱི་འཁོར་པདྨ་འདབ་བརྒྱད་སྟེངཿ འོད་ལྔའི་ཐིག་ལེ་ཟླུམ་སྐོར་དབུསཿ དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱདཿ ཀུན་ཀྱང་ཧེ་རུ་ཀ་པའི་ཆསཿ ཕྱག་གཉིས་ཌ་རུ་དྲིལ་བུ་འཁྲོལཿ སྟངས་སྟབས་ཕྱག་རྒྱ་གར་གྱིས་རོལཿ ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་མཐིངཿ སྒྲུབ་སྡེ་བརྒྱད་ཀྱི་ངོ་བོར་གསལཿ བར་མཚམས་རྒྱ་བོད་རིག་འཛིན་དངཿ སྤྲུལ་པའི་རྗེ་འབངས་ཉི་ཤུ་ལྔཿ རྣམ་འགྱུར་ཆ་ལུགས་མ་ངེས་ཤིངཿ རྡོ་རྗེའི་གར་སྟབས་ཅིར་ཡང་བསྒྱུརཿ སྟེང་ཕྱོགས་རྒྱུད་སྡེ་བཞི་དྲུག་གིཿ ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགསཿ ཏིལ་གྱི་གང་བུ་ལྟ་བུར་བཞུགསཿ ཕྱི་ཁྱམས་དཔལ་མགོན་བདུན་ཅུ་དངཿ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགསཿ བཀའ་སྡོད་དམ་ཅན་རླུང་ལྟར་འཚུབསཿ སྒོ་བཞིར་གིང་ཆེན་སྡེ་བཞི་གསལཿ ཀུན་ཀྱང་སྣང་སྟོང་རོལ་པའི་ངངཿ གསལ་ལ་མ་འདྲེས་ལྷུན་གྱིས་གྲུབཿ གནས་གསུམ་ཡི་གེ་གསུམ་གྱིས་མཚནཿ རྡོ་རྗེ་གསུམ་གྱི་ངོ་བོར་གྲུབཿ དེ་ལས་འོད་ཟེར་རབ་འཕྲོས་པསཿ རང་བཞིན་ཆོས་དབྱིངས་གནས་མཆོག་དངཿ ནུབ་ཕྱོགས་ཨོ་རྒྱན་


JLAZ010_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ཞིངཿ གནས་ཡུལ་དུར་ཁྲོད་བརྒྱད་སོགས་དངཿ ཁྱད་པར་རྔ་ཡབ་ལངྐའི་གླིངཿ ཟངས་མདོག་དཔལ་གྱི་རི་བོ་ནསཿ རིག་འཛིན་འདུས་པའི་དཀྱིལ་འཁོར་ལྷཿ སྤྱན་འདྲེན་གནས་འདིར་ས་མཱ་ཛཿ གཉིས་པ་སྤྱན་འདྲེན་སྤོས་རོལ་དང༌། གདུང་བ་དྲག་པོའི་དབྱིངས་ཀྱིས་འབོད། ཧཱུྃཿསྔོན་གྱི་བསྐལ་བའི་དང་པོ་ལཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོ་དངཿ རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལཿ གནས་མཆོག་འདི་རུ་བྱིན་ཕོབ་ལཿ བསྒྲུབ་མཆོག་བདག་ལ་དབང་བཞི་བསྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལཿ བཛྲ་ས་མ་ཡ་ཛཿཛཿགསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃཿཐབས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་འདིརཿ ཤེས་རབ་དབྱིངས་ནས་དྲངས་པའི་ལྷཿ རིག་འཛིན་བླ་མའི་དཀྱིལ་འཁོར་རྣམསཿ གཉིས་མེད་ངང་དུ་དགྱེས་པར་བཞུགསཿ བཛྲ་ས་མ་ཡ་ཏིཥྛ་ལྷནཿ བཞི་པ་བརྡ་ཕྱག་འཚལ་བ་ནི། ཧཱུྃཿ ལྷ་ཉིད་


JLAZ010_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་རང་ཉིད་ལྷཿ རང་བྱུང་སྤྲུལ་པའི་དཀྱིལ་འཁོར་ལཿ བཟང་ངན་བླང་དོར་མ་མཆིས་ཀྱངཿ རྟེན་འབྲེལ་བརྡ་ཡིས་ཕྱག་འཚལ་ལོཿ ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿལྔ་པ་མཆོད་པའི་བྱེ་བྲག་ནི། ཨོཾ་ཨཱཿཧཱུྃཿཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིནཿ ཉེར་སྤྱོད་འདོད་ཡོན་སྣ་ལྔ་དངཿ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུནཿ སྨན་གཏོར་རཀྟ་དྭངས་རེ་སྤྲོཿ སྒེག་བཞད་གཡོ་བའི་གར་མ་དངཿ བདེ་ཆེན་སྦྱོར་བའི་རིག་མ་འབུམཿ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུནཿ ཡེ་ཤེས་དབྱིངས་སུ་རྣམ་དག་པའིཿ མཆོད་པའི་ཕྱག་རྒྱ་ཆེན་པོ་སོགསཿ རིག་འཛིན་འདུས་པའི་ལྷ་ལ་འབུལཿ བཞེས་ནས་དབང་དང་དངོས་གྲུབ་སྩོལཿ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་རཱུ་པ་ཤཔྟ་གྷནྡྷེ་རཱ་ས་སྤརྴེ་ཨཱཿཧཱུྃཿསརྦ་པཉྩ་བ་ལིང་ཏ་རཀྟ་མ་ཧཱ་སུ་ཁ་དྷརྨ་དྷཱརྟུ་ཨཱ་ཧཱུྃཿདྲུག་པ་བསྟོད་པ་བྱ་བ་ནི། ཧྲཱིཿམ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུཿ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེཿ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུཿ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོདཿ བདེ་བྱེད་བརྩེགས་པར་ཟབ་བརྒྱའི་དངོས་གྲུབ་བརྙེསཿ དུར་ཁྲོད་བརྒྱད་དུ་དགོངས་པའི་བཙན་ས་ཟིནཿ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་མངའ་དབང་བསྒྱུརཿ མཆོག་གི་རིག་འཛིན་བརྒྱད་ལ་ཕྱག་འཚལ་


JLAZ010_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོདཿ དགོངས་པ་ཀློང་ཆེན་ཡངས་པའི་མཁའ་ལ་འཕྱོཿ རྣམ་འགྱུར་བརྟུལ་ཞུགས་སྤྱོད་པས་འགྲོ་བ་འདྲེནཿ རྨད་བྱུང་རྡོ་རྗེ་སྙིང་པོའི་དགོངས་སྲོག་འཛིནཿ ཐུགས་སྲས་རྗེ་འབངས་ཉེར་ལྔར་ཕྱག་འཚལ་བསྟོདཿ གཞན་ཡང་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་དུཿ དམ་ཚིག་ཐུགས་རྗེས་འཁོད་པའི་རྩ་གསུམ་ལྷཿ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ཕོ་ཉ་བཿ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་འཚལ་བསྟོདཿ བདུན་པ་འཛབ་དགོངས་གསལ་བ་ནི། ཐུགས་ཀར་པདྨ་ཉི་ཟླའི་སྟེངཿ ཧཱུྃ་ཡིག་མཐིང་གའི་མཐའ་སྐོར་དུཿ སྔགས་ཕྲེང་སྤུ་ཤད་ལྟ་བུས་བསྐོརཿ འོད་ཟེར་འཕྲོས་པས་སྣོད་བཅུད་སྦྱངསཿ རྣམ་དག་ལྷ་ཡི་དལ་དུ་བསྒོམཿ མ་གྲུབ་བར་དུ་མི་བཏང་ངོཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿབསྙེན་པ་ཆུ་བོའི་གཞུང་བཞིན་བསྐྱལཿ རེས་འགའ་ཧཱུྃ་གི་སྣང་གླུ་ལེན། ཤེས་པ་གཏད་མེད་ངང་དུ་བཏང༌། རྗེས་ཐོབ་ལུ་གུ་རྒྱུད་ལ་གཟིར། འདི་ཉིད་བསྒྲུབས་པའི་རྣལ་འབྱོར་ལ། རིག་འཛིན་རྒྱ་མཚོ་བྱིན་གྱིས་བརླབ། མ་དང་ཌཱཀྐིས་ལུང་ཡང་སྟོན། ཕྱི་མ་རྔ་ཡབ་དཔལ་གྱི་རིར། ཐེ་ཚོམ་མེད་དོ་ས་མ་ཡ། གབ་བྱང་ལས། བསྙེན་པ་འབྲུ་འབུམ་སྔོན་སོང་ནས། རིག་འཛིན་སྲོག་སྒྲུབ་སྙིང་པོ་ནི། ཐོག་མཐའ་ཨོཾ་དང་ཧཱུྃ་བཞག་ནས། བར་ན་བཅུ་གཉིས་གྲོང་མཛེས་པ། རིག་འཛིན་


JLAZ010_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་གི་ཡང་སྙིང་ཡིན། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿའབུམ་ཕྲག་བཅུ་གཉིས་དངོས་གྲུབ་ཐོབ། ཅེས་གསུངས་སོ། །རྗེས་ལ་ཚོགས་ཀྱི་རིམ་པ་ནི། སྲིད་པའི་འདོད་ཡོན་མཆོད་པར་བཤམ། ཁྱད་པར་ཤ་ཆང་མེད་མི་རུང༌། དང་པོ་བྱིན་གྱིས་བརླབས་པ་ནི། ཧཱུྃཿབདག་ཉིད་ཐུགས་ལས་རཾ་ཡཾ་ཁཾཿ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངསཿ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུརཿ འདོད་ཡོན་ནམ་མཁའ་མཉམ་པར་སྤེལཿ རཾ་ཡཾ་ཁཾཿཨོཾ་ཨཱཿཧཱུྃཿགཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི། ཧཱུྃཿའོག་མིན་བདེ་ཆེན་ཞིང་ཁམས་དངཿ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་གླིངཿ ཁྱད་པར་རྔ་ཡབ་དཔལ་གྱི་རིཿ གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནསཿ རིག་འཛིན་འདུས་པའི་ལྷ་ཚོགས་རྣམསཿ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལཿ དུར་ཁྲོད་ཚོགས་ཁང་ཉམས་རེ་དགའཿ མཁའ་འགྲོའི་འདུ་བ་བག་རེ་དྲོཿ རྣལ་འབྱོར་ཕོ་མོ་དམ་རེ་གཙངཿ འདོད་ཡོན་ཚོགས་མཆོད་མདངས་དང་ལྡནཿ འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ གསུམ་པ་ཚོགས་ཕུད་འབུལ་བ་ནི། ཧཱུྃཿརྩ་གསུམ་རིག་འཛིན་རྒྱ་མཚོ་དངཿ ཌཱཀྐི་ཆོས་སྲུང་དམ་ཅན་ལཿ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ག་ན་ཙཀྲ་པཱུ་ཙ་ཁཱ་ཧིཿ བཞི་པ་བར་བ་བཤགས་པ་ནི།


JLAZ010_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃཿབདག་གི་ཚེ་རབས་ཐོག་མེད་ནསཿ གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེཿ རྩ་བ་ཡན་ལག་དམ་ཉམས་པཿ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགསཿ བཛྲ་ས་མ་ཡ་ཨཱཿལྔ་པ་བསྒྲལ་ཞིང་བསྟབ་པ་ནི། ཧཱུྃཿམ་རིག་ལས་ཉོན་གཟུང་འཛིན་གྱིསཿ བསྐྱེད་པའི་བདག་འཛིན་རཱུ་ཏྲ་ཀུནཿ གཟུགས་ལ་ཕོབ་ཅིག་ནྲྀ་ཏྲི་ཛཿ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊཿ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལཿ རཱུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཁཱ་ཧིཿ དྲུག་པ་ལྷག་མ་བསྔོ་བ་ནི། ཧཱུྃཿདཀྱིལ་འཁོར་ཆེན་པོའི་མུ་རན་ལཿ གནས་པའི་དབང་ཕྱུག་གིང་ལངྐཿ ལྷག་མའི་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་སྒྲུབ་པའི་བར་ཆད་སྲུངསཿ ཨུཥྩི་ཊ་བཱ་ལིདྟ་ཁཱ་ཧིཿབདུན་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃཿབཞེངས་ཤིག་རིག་འཛིན་འདུས་པའི་ལྷཿ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལཿ བྱང་ཆུབ་བསྒྲུབ་པའི་བར་ཆད་ཐུལཿ སྣོད་བཅུད་འབྱུང་པའི་རྒུད་པ་སོལཿ རྩ་རླུང་དབང་ཐང་ཉམས་པ་གསོསཿ སྒྲུབ་པའི་འབྲས་བུ་མཆིས་པར་མཛོདཿ བརྒྱད་པ་ཆད་ཐོ་བྱ་བ་ནི། ཧཱུྃཿསྔོན་ཚེ་འོག་མིན་བདེ་ཆེན་ཞིངཿ ལྷ་གནས་གསུམ་སོགས་ཉམས་དགའ་བརཿ གསང་ཆེན་རྒྱུད་སྡེའི་གནས་བསྟན་ཚེཿ རྡོ་རྗེ་ཐེག་པའི་བཀའ་སྲུང་རྣམསཿ དམ་ཚིག་གཉན་པོའི་


JLAZ010_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ་དུ་བཞགཿ བར་དུ་གངས་ཅན་བོད་ཀྱི་ཡུལཿ སློབ་དཔོན་པདྨ་ཐོད་ཕྲེང་གིསཿ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེཿ སྲིད་པའི་ལྷ་སྲིན་ཆེ་དགུ་ཡིཿ སྲོག་སྙིང་འཕྲོགས་ཏེ་རྩིས་སུ་ཕབཿ ཐ་མ་འོད་གསལ་དག་པའི་ཞིངཿ བདེ་བ་ཆེན་པོའི་ཕོ་བྲང་དུཿ རིག་འཛིན་པདྨ་དབང་ཆེན་ལཿ པད་འབྱུང་དྲི་མེད་འོད་ཟེར་གྱིསཿ ཀློང་ཆེན་ཟབ་རྒྱའི་དབུགས་དབྱུང་ཞིངཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མསཿ ཀློང་གསལ་བརྡ་རིས་སྤྲད་པའི་ཚེཿ གཟའ་རྒོད་སྲོག་གི་སྤུ་གྲི་སོགསཿ བཀའ་སྲུང་གཉན་པོས་ཁས་བླངས་བཞིནཿ མཆོད་གཏོར་རྒྱན་ལྡན་འདི་བཞེས་ལཿ ལས་བཞིའི་ཕྲིན་ལས་འགྲུབ་པར་མཛོདཿ དགུ་པ་བརྟན་མ་སྐྱོང་བ་ནི། ཧཱུྃཿདཔལ་གྱི་བཀའ་ཉན་བོད་ཁམས་སྐྱོངཿ མ་སྲིང་བརྟན་མ་བཅུ་གཉིས་རྣམསཿ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེསཿ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོདཿ མ་མ་ཧྲཱིཾ་ཧྲཱིཾ་བ་ལིང་ཏ་ཁཱ་ཧིཿབཅུ་པ་རྟ་བྲོ་བྱ་བ་ནི། ཧཱུྃཿརིག་འཛིན་རྒྱལ་བའི་དཀྱིལ་འཁོར་འདིརཿ ལོག་པར་འདྲེན་པའི་དམ་སྲི་ཀུནཿ མནན་ནོ་ཐེག་པ་རིམ་དགུའི་རྒྱཿ ནམ་ཡང་ལྡང་བར་མ་གྱུར་ཅིགཿ སྟྭཾ་བྷ་ཡ་ནནཿ བཅུ་གཅིག་དངོས་གྲུབ་བླང་བ་ནི། ཧོཿརིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམསཿ བསྙེན་ཅིང་སྒྲུབ་པའི་དམ་ཚིག་


JLAZ010_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམསཿ རྡོ་རྗེ་སེམས་དཔའི་ནམ་ཡང་ལངསཿ དངོས་གྲུབ་སྩོལ་བའི་དུས་ལ་བབཿ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནསཿ མི་གནས་ཡེ་ཤེས་གསང་བ་མཆོགཿ རྡོ་རྗེ་གསུམ་གྱིས་བྱིན་རློབ་ལཿ མཆོག་དང་ཐུན་མོང་དངོས་གྲུབ་ཀུནཿ ད་ལྟ་ཉིད་དུ་ཐོབ་པར་སྩོལཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཀཱ་ཡ་ཝཱཀྐ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃཿབཅུ་གཉིས་ནོངས་པ་བཤགས་པ་ནི། ཧཱུྃཿརིག་འཛིན་འདུས་པའི་དཀྱིལ་འཁོར་དུཿ མཆོད་རྫས་མ་ཚང་སྒྲུབ་པ་གཡེལཿ ཏིང་འཛིན་བྱིང་རྨུགས་འཐིབས་ལ་སོགསཿ འགལ་འཁྲུལ་ནོངས་པ་བཟོད་པར་གསོལཿ བཛྲ་ས་ཏྭ་སོགས་བརྗོད། བཅུ་གསུམ་རྫོགས་རིམ་བསྡུ་བ་ནི། ཧོཿཆུ་ལ་ཆུ་བུར་རྡོལ་བ་བཞིནཿ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ ཡེ་ཤེས་དབྱིངས་སུ་བཛྲ་མུཿ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡངཿ བཅུ་བཞི་བསྔོ་སྨོན་མཚམས་སྦྱོར་ནི། ཧོཿདུས་གསུམ་བསགས་པའི་དགེ་རྩ་ཀུནཿ རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོཿ བདག་སོགས་འདུས་པར་བཅས་པ་རྣམསཿ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོགཿ ལན་གསུམ། བཅོ་ལྔ་བཀྲ་ཤིས་བརྗོད་པ་ནི། ཧོཿརིག་འཛིན་བརྒྱུད་པའི་བྱིན་རླབས་དངཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ གསང་སྔགས་ཟབ་མོའི་རྟེན་


JLAZ010_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་གྱིཿ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོགཿ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོགཿ སྣང་བ་དབང་འདུས་བཀྲ་ཤིས་ཤོགཿ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོགཿ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགསཿ སྒྲ་གྲགས་བདེ་ཆེན་སྔགས་སུ་དགཿ དྲན་རྟོག་འོད་གསལ་ཆོས་སྐུར་སྨིནཿ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོགཿ ཨེ་མཿ འདི་ལྟར་ཤིན་ཏུ་ཟབ་པའི་གནདཿ གཏེར་བཅུད་འདུས་པ་དགོངས་པའི་གཏེརཿ ཀློང་གསལ་དབྱིངས་ཀྱི་ཕོ་བྲང་དུཿ བརྡ་ཚིག་རྡོ་རྗེའི་རོལ་མོར་འཁྲོལཿ སྙིང་ལ་རྒྱས་བཏབ་སྦ་སྙམ་ཡངཿ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་ནསཿ ལས་ཅན་རྗེས་འཇུག་དོན་དུ་བཀོདཿ སྙིང་ལ་སྦོས་ཤིག་ས་མ་ཡཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ནང་སྒྲུབ་རིག་འཛིན་འདུས་པ།next