Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཀ་མཁའ་འགྲོའི་བདག་འཇུག་དབང་དོན་རབ་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུམ་ཀ་མཁའ་འགྲོའི་བདག་འཇུག་དབང་དོན་རབ་གསལ།next

ཡུམ་ཀ་མཁའ་འགྲོའི་བདག་འཇུག་དབང་དོན་རབ་གསལ།


JLAZ010_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཀ་མཁའ་འགྲོའི་བདག་འཇུག་དབང་དོན་རབ་གསལ་བཞུགས། །


JLAZ010_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མེད་པའི་ཆོས་ཉིད་ཀྱི། །རྟེན་འབྱུང་རྣམ་པར་ཐར་བའི་སྒོ། །རྡོ་རྗེ་བཙུན་མོའི་མཁའ་དབྱིངས་ལ། །རྣམ་ཀུན་མཆོག་ལྡན་དྲན་པས་རོལ། །རིག་འཛིན་ཡུམ་ཀའི་བདག་འཇུག་ལ་སྤྱི་དོན་རྣམ་པ་གསུམ་ལས། དང་པོ་སྦྱོར་བ་ནི། གཞི་མ་དུལ་བ་ཡིན་ན་ས་ཆོག་སྔོན་དུ་འགྲོ་བས་རྡུལ་མཚོན་ནམ་རས་བྲིས་གྲུབ་ན་རབ། མ་ནུས་ན་སྟེགས་བུའི་ཁར་ཚོམ་བུ་ལ་བྷནྡྷ་བདུད་རྩིས་བཀང་བ་ཆོས་སྨན་དང་བུམ་རྫས་ཉེར་ལྔ་བྲན་པའི་སྟེང་མེ་ལོང་སིན་དྷུ་རས་བཅགས་པར་ཆོས་འབྱུང་བསྣོལ་མ་བྲིས་པའི་དབུས་སུ་དགའ་འཁྱིལ་དམར་པོ་མཚན་ཉིད་བཞི་ལྡན་ལ་ཏཱཾཿདང༌། མདུན་ནས་བརྩམས་པས་གཡས་བསྐོར་དུ་དགའ་འཁྱིལ་ཕྱོགས་མདོག་ཅན་བཞི་ལ་ཧ་རི་ནི་ས་ཡིག་མགོ་ཕྱིར་བསྟན་དུ་བཀོད། དེའི་སྟེང་དུ་དྲིལ་བུ་བཀབ་པ་དར་དམར་གྱི་ལྡིང་གུར་དང་བཅས་བཞུག ། སྨན་གཏོར་རཀྟ་དང་ཉེར་སྤྱོད་ཀྱིས་བསྐོར། ཉེ་ལོགས་སུ་ལས་བུམ་བཅུད་ལྡན་ཀྱང་གཞག་གོ། གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་དཀྱིལ་འཁོར་སྒྲུབ་པ་ནི། ཐ་མལ་གྱི་སྣང་ཞེན་མཁའ་འགྲོའི་དཀྱིལ་འཁོར་དུ་གསལ་ཐེབ་ན་བདག་མདུན་གྱི་གོ་ས་ལོགས་སུ་མ་བྱས་ཀྱང་རུང་ལ། རིག་པའི་མེ་ཏོག་དོར་བ་ཙམ་གྱིས་དཀྱིལ་འཁོར་དུ་འཇུག་པའི་དོན་རྫོགས་པ་ཡིན་ཀྱང༌། དེ་ལྟར་ལྷོངས་སུ་མ་གྱུར་བ་ལ་བདག་འཇུག་དམིགས་ཀྱིས་བསལ་བ་ཡིན་པས་བསྟོད་པའི་མཇུག་ཏུ་རྩ་སྔགས་ལ་ཕཊཿཛཿབཏགས་པའི་སྒྲ་གདངས་ཀྱིས་བདག་མདུན་ཐ་དད་དུ་དབྱེ་ནས་དོ་ལིའི་བཟླས་པ་དང་དེ་བཞིན་རང་བྱུང་བདེ་སྐྱོང་གི་བུམ་པའི་སྣོད་གཞལ་ཡས་ཁང་


JLAZ010_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བཅུད་ལྷ་ཡི་རང་བཞིན་གྱི་ངེས་པ་དྲན་པའི་བུམ་བཟླས་དམིགས་ཕྱེད་པའི་མཐར་མཆོད་བསྟོད་དང་བཅས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་ལ་འོད་ཞུ་བྱ། ལས་བུམ་དུ་རྟ་མགྲིན་ཐོད་དབྱུག་དང་སྡིགས་མཛུབ་མཛད་པ་བསྐྱེད་ལ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿཅེས་ཅི་རིགས་པར་བཟླས་ནས་ཀྱང་ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ལ་འོད་ཞུ་བྱའོ། །གཉིས་པ་བདག་འཇུག་ལ་དོན་བརྒྱད་ལས། དང་པོ་ནི། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་དབྱུང༌། ཕྱི་རོལ་པ་ལ་གཏོར་མ་བྱིན་ནས་སྲུང་འཁོར་སྒོམ། ཙཀྵུ་བྷནྡྷས་མིག་དར་འཆིང༌། ཨ་ཁཾ་ཝཱི་རས་མེ་ཏོག་བཟུང༌། མཎྜལ་འབུལ་བ་རྣམས་བྱའོ། །གཉིས་པ་གསོལ་གདབ་ནི། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅནཿ སོགས་ལན་གསུམ། གསུམ་པ་ཚོགས་བསག་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། བཞི་པ་སྡོམ་བཟུང་ནི། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། དེ་འདྲ་ཁོ་ནར་བདག་འགྱུར་ཤོག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང༌། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །ལན་གསུམ། བཞི་པ་དཀྱིལ་འཁོར་དུ་འཇུག་པ་ནི། དེ་ནས་རིག་པ་བདེ་གཤེགས་སྙིང་པོའི་ངོ་བོ་ཉིད་སློབ་དཔོན་གྱི་ཕྱག་ལ་འཇུས་ནས་ཚོགས་བརྒྱད་གློ་བུར་བའི་རྟེན་ཐིག་ལེ་ཉག་གཅིག་


JLAZ010_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོར་ཁྲིད་པར་བསམ་ལ། ཨ་ཁཾ་ཝཱི་ར་ཧཱུྃ་ཞེས་ལན་གསུམ་བརྗོད། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མ་ན་མ་ཧཱུྃ། ཞེས་སྐུ་གསུང་ཐུགས་ཕྱག་བྱ། ལྔ་པ་སྲས་སུ་བསྐྲུན་པ་ནི། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་མདུན་དུ་དབང་སྟེགས་པདྨ་འདབ་བརྒྱད་ལ་རང་ཉིད་འཁོད་པས་གཙོ་བོ་དང་རིགས་བདག་གིས་ཐུགས་ཀ་ནས་རཾ་ཡིག་དམར་པོ་བདེ་བའི་བདག་ཉིད་ཅན་དུ་བྱུང་བས་ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཏཱཾ་ཡིག་ཏུ་གྱུར་པ་རིགས་བདག་གི་ཞལ་དུ་དྲོང༌། སྐུའི་དབྱིབས་བརྒྱུད། ཡུམ་གྱི་མཁའ་གསང་དུ་ལྷུང༌། ཞུ་བདེ་དང་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་གྱུར་པ་སྔར་གྱི་དབང་སྟེགས་ལ་འཁོད་པ་གྱུར། དྲུག་པ་ཡེ་ཤེས་དབབ་པ་ནི། འོད་ཀྱི་རྣམ་པའི་སྟོང་གཟུགས་ལས། མཁའ་འགྲོ་བདེ་ཆེན་རྒྱལ་མོ་ནིཿ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམརཿ གཅེར་མོ་མཉམ་པའི་དོར་སྟབས་སོགས་ནས། སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགསཿ ཐུགས་ཀར་ཨཱརྱ་ཏཱ་རེ་མཿ ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཚུལཿ དེ་ཡི་ཐུགས་ཀར་ཡེ་ཤེས་ཀྱིཿཕག་མོ་གནག་སྣུམ་གྲི་ཐོད་ཅནཿ སེམས་དཔའ་སུམ་བརྩེགས་གནས་ལྔ་རུཿཕྱག་མཚན་ལྔ་དང་ས་བོན་ལྔསཿ མཚན་པ་དེ་ལས་འོད་འཕྲོས་


JLAZ010_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པསཿ འོག་མིན་གནས་དང་མཁའ་སྤྱོད་ཞིངཿ གཡུ་ལོ་བཀོད་དང་པདྨ་འོདཿ རང་བཞིན་གནས་ནས་ཡེ་ཤེས་པཿདྲངས་ཏེ་གཉིས་སུ་མེད་པར་བསྟིམཿ ཧཱུྃཿཡུལ་གྱི་མིང་ནི་རྒྱ་གར་ཡུལཿ སོགས་ཀྱི་མཐརཿ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛྙཱ་ན་ཝཱ་རཱ་ཧཱི་ཕེཾ་ཕེཾཿཞེས་སྤོས་རོལ་དང་བཅས་འཕར་གཡོ་འབྱུང་བ་ཙམ་དུ་ཡེ་ཤེས་པ་དབབ་བརྗེའི་ཏིཥྛ་བཛྲས་བརྟན་པར་བྱཿཔྲ་ཏཱིཙྪ་བཛྲ་ཧོཿཞེས་རིག་པའི་མེ་ཏོག་དོརཿ པྲ་ཏི་གྷྲི་ཧ་ན་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལཿ ཞེས་མེ་ཏོག་སྤྱི་བོར་བཞག་ལ་ལྷག་ལྷ་ཐིམ་པར་བསམཿ ཙཀྵུ་པྲ་བེ་ཤ་ཡ་ཕཊཿཅེས་པས་མཐོང་བ་བསྟན་པར་བསམཿ བདུན་པ་གསོལ་གདབ་ནི། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་ཡོངས་སུ་སྐྱོབ་པའི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །བརྒྱད་པ་དབང་བསྐུར་དངོས་ལ་བཞི་ལས། དང་པོ་བུམ་དབང་ནི། ཐོད་བུམ་སྤྱི་བོར་གཏུགས་ཤིང༌། ཧོཿགསང་སྔགས་དམ་ཚིག་བླ་ན་མེདཿ རང་བྱུང་ལྷུན་གྲུབ་བུམ་པའི་དབངཿ སངས་རྒྱས་ཀུན་ཀྱི་གསང་གསུམ་གྱིཿ དབང་བསྐུར་དམ་པ་ཁྱོད་ལ་སྦྱིནཿ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛྙཱ་ན་ཝཱ་རཱ་ཧཱི་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃཿཞེས་བུམ་བཅུད་མྱོང༌། གཉིས་པ་གསང་དབང་ནི། བདུད་རྩི་དེ་ཉིད་བླ་མ་ཡབ་ཡུམ་གྱི་བྱང་སེམས་དངོས་སུ་བསམ་ལ་


JLAZ010_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་མཁའ་གསང་ནས་བླངས་པར་མོས་ནས་ཧུབ་གང་བཏུང་སྟེ། ཧོཿབྱང་ཆུབ་སེམས་ཀྱི་དམ་ཚིག་ནིཿ རྩ་ཁམས་ཡི་གེའི་འཁོར་ལོར་བསྟིམཿ བརྗོད་པ་མེད་ལས་ཐམས་ཅད་སྐྱེསཿ གྲགས་སྟོང་གསུང་གི་དབང་ཐོབ་ཤོགཿ རྩ་སྔགས་དང་། བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿཞེས་དང་རྗེས་འབྲེལ་དུ་བགྲང་ཕྲེང་དང་བཅས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང༌། བདག་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ལ་འཁོར་བར་བསམ་ལ་རྩ་སྔགས་ལན་གསུམ་དང༌། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །གསུམ་གྱིས་མཐར། ཕྲེང་བ་མགོ་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་ནས་ཀྱང༌། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་བརྗོད། གསུམ་པ་ཤེར་དབང་ནི། དགའ་བ་བཞིའི་བདག་ཉིད་སིན་དྷུ་རའི་རྟེན་དྲིལ་བུའི་བརྟེན་པ་དང་བཅས་པ་བླངས་ལ་ཐབས་ཤེས་འབྲེལ་བའི་ཐར་པ་བསྟེན་པ་མོས་ལ། ཧོཿ ཡེ་ཤེས་རྣམ་པ་ཐམས་ཅད་པཿ དགའ་བ་བཞི་ལ་ཡང་དག་བསྟེནཿ ཐབས་ཤེས་འབྲེལ་བའི་དམ་ཚིག་གིཿ ཕྱག་རྒྱ་ཆེན་པོ་ཁྱོད་ཀྱིས་ལོངསཿ ཛཿཧཱུྃ་བཾ་ཧོཿཞེས་པས་རོལ་པ་ཆེན་པོའི་དམ་ཚིག་དང༌། ཨ་ཧོ་མ་ཧཱ་སུ་ཁས་བདེ་བས་


JLAZ010_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་བྱས་པའི་ལྷན་སྐྱེས་ལ་ངེས་པ་བརྟན་པར་བསམ་ཞིང་སིན་དྷུ་ར་སྙིང་གར་བྱུག །བཞི་པ་དོན་དབང་ནི། དྲིལ་བུ་དཀྲོལ་ཞིང་དེའི་སྒྲ་ལ་རིག་པ་གཏད་ནས། ཐབས་ལས་བྱུང་བའི་དཔེའི་ཡེ་ཤེས་ཀྱིས་ཀྱང་མི་མཚོན་པའི་ཆོས་ཉིད་ལ་མཉམ་པར་བཞག་ནས། ཧོཿསྒྲ་ནི་གྲགས་པ་ཉིད་ནས་སྟོངཿ དེ་བཞིན་སེམས་ལ་ངོ་བོ་མེདཿ ངོ་བོ་མེད་པའི་གནས་ལུགས་ལཿ བལྟ་བྱ་སྤངས་ནས་ཡང་དག་ལྟོསཿ ཨ་ཨཿཞེས་སྐྱེ་མེད་ཀྱི་དོན་ལ་བལྟའོ། །དེ་ལྟར་དབང་བཞི་སོ་སོའི་དག་བྱ་དག་འབྲས་ནི་བླ་མའི་རྣལ་འབྱོར་ལྟར་ཚིག་ཕྲད་བསྒྱུར་ནས་བརྗོད་པའང་རུང་སྟེ་དོན་ལ་ངེས་ཤེས་ལྷོངས་པར་བྱའོ། །གསུམ་རྗེས་ཀྱི་རིམ་པ་དམ་ཚིག་ཁས་བླང་བ་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི། དབང་བཞི་རྫོགས་པའི་དམ་ཚིག་ཏུཿརྡོ་རྗེ་སློབ་དཔོན་མི་སྤང་ཞིངཿ མར་ངོའི་ཚེས་བཅུ་རྒྱུན་མི་གཅདཿ གཞོན་ནུ་མ་ལ་བསྙེན་བཀུར་བྱཿརྟག་ཏུ་བྱང་ཆུབ་སེམས་གཉིས་སྒོམཿ ལན་གསུམ། གཉིས་པ། གཙོ་བོས་ཇི་ལྟར་བཀའ་སྩལ་པཿསོགས་ཤླཽ་ཀ་ལན་གསུམ་བརྗོད་ཅིང༌། ཚོགས་ཀྱི་འཁོར་ལོ་དང་བསྔོ་སྨོན་སོགས་རྗེས་ཆོག་སྤྱི་ལྟར་བྱའོ། །འདིས་ནི་ཉམས་ཆག་ཐམས་ཅད་འདག་ཅིང་རྒྱུད་ལ་བྱིན་རླབས་འཇུག་པ་ཡིན་པས་ཡང་ཡང་བླང་བར་བྱའོ། །ཞེས་པའང་བསམ་ཡས་ནས་རབ་བྱུང་སློབ་དཔོན་དམ་ཚིག་རྡོ་རྗེའི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ།། །།


previousཡུམ་ཀ་མཁའ་འགྲོའི་བདག་འཇུག་དབང་དོན་རབ་གསལ།next