Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཀ་མཁའ་འགྲོའི་ལས་ཚོགས་ལས། གཏེར་བུམ་སྒྲུབ་པའི་ལྷན་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུམ་ཀ་མཁའ་འགྲོའི་ལས་ཚོགས་ལས། གཏེར་བུམ་སྒྲུབ་པའི་ལྷན་ཐབས།next

ཡུམ་ཀ་མཁའ་འགྲོའི་ལས་ཚོགས་ལས། གཏེར་བུམ་སྒྲུབ་པའི་ལྷན་ཐབས།


JLAZ010_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཀ་མཁའ་འགྲོའི་ལས་ཚོགས་ལས། གཏེར་བུམ་སྒྲུབ་པའི་ལྷན་ཐབས་བཞུགས། །


JLAZ010_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྒྲོལ་མ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོའི་ལས་ཚོགས་བཅུ་གཅིག་པའི་སྒོ་ནས་གཏེར་བུམ་སྒྲུབ་པ་དང༌། གཡང་འགུགས་ལྷན་ཐབས་ནི། རིན་པོ་ཆེའམ། རྫ་ཡི་བུམ་པ་བྲེ་གང་ཤོང་བ་ལས་མི་ཆུང་བར་ལི་ཁྲི་བྱུགས་པ་ལ། བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བྲི། པྲ་རྩིས་མནན། ནང་གི་མིང་ཞབས་སུ་ཞིང་ས་བཟང་པོ་དགུ། རྒྱ་བོད་ཀྱི་གནས་ཆེན་དང༌། རི་རྒྱུད་བཟང་པོ་བཀྲ་ཤིས་པ་ལ་སོགས་པའི་ས་རྡོ་ཆུ་ཤིང༌། ཕྱུགས་འཕེན་གྱི་ལག་ནས་བྱུང་བའི་འབྲུ་སྣ་དང་གོས་དར། ནོར་དབྱིག་གཙང་མ། རིན་པོ་ཆེ་སྣ་ལྔ། དར་སྣ། ནས་འབྲས། གྲོ་སྲན། ལ་སོགས་པའི་འབྲུ་སྣ་བཟང་པོ། ཛཱ་ཏི། ལི་ཤི། གུར་གུམ། ཙན་དན། དབང་ལག །འབྲས་བུ་གསུམ། གེ་སར་གསུམ། དུག་རིགས་མེད་པའི་སྨན་སྣ། ཀླུ་སྨན་ཁྲོལ་བུ་ཚོགས་པ་དང༌། ཁྱད་པར་སའི་སྙིང་པོ་གསེར། ཆུ་ཡི་སྙིང་པོ་སྤུག །


JLAZ010_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་སྙིང་པོ་ཤེལ། རླུང་གི་སྙིང་པོ་ག་བུར་སོགས་དང༌། དཀར་གསུམ་མངར་གསུམ་བཅུད་སྨན་ཉེར་ལྔ། གཞན་ཡང་ཤིང་ཏོག་སོགས་བཟའ་བཅའ་བཟང་པོས་བཀང་བའི་སྟེང་དུ་ཐུགས་རྗེ་ཆེན་པོའི་པྲ་ཁྲིད་ལས་བཤད་པའི་ནོར་རྒྱུན་མའི་ཙཀྲ་ཇི་བཞིན་ལ་རྟེན་སྙིང་ནང་དུ་མུ་ཁྱུད་མཐོལ་གཅིག་བསྐོར་བར་ལས་སྒྲུབ་གཟུངས་འབྲི། ཙན་དན་དང་དྲི་བཟང་གིས་བྱུགས་པའི་ལྟེ་བ་མ་ཆག་པར་ལྟེབ། འབྱོར་ན་གནོད་སྦྱིན་མོ་དགུའི་འཁོར་ལོས་ཕྱི་ནས་དྲིལ། གཉིས་ཀ་ལ་དར་གྱི་ན་བཟའ་གསོལ། བུམ་པའི་མདུན་རྟགས་དང་འཁོར་ལོའི་ཞལ་ཕྱོགས་བསྒྲིགས། རྒྱ་ཤོག་ལ་གྲང་གསེར་གྱིས་ནམ་མཁའ་མཛོད་ཀྱི་སྔགས་འདོད་གསོལ་དང་བཅས་བྲིས་པའི་ཤོག་དྲིལ་ཀྱང་བཙུད། ཁ་བལ་ཚོན་སྣ་ལྔས་བཅད། ཤིང་ལ་སོགས་པའི་ཁ་གཅོད་ཀྱི་ནང་ལ་པདྨ་འདབ་བཞིའི། དབུས་སུ་མུྃ། ཤར་དུ་ལཱཾ། ལྷོར་མཱྃ། ནུབ་ཏུ་བཱྃ།


JLAZ010_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་ཏཱྃ། ཞེས་དང༌། ཕྱི་ལ་ནོར་བུ་འམ་གཡུང་དྲུང་བྲིས། སྲོག་ཆགས་དང་རླན་གཤེར་མི་འཇུག་པའི་བཅའ་ག་བྱ། རྟེན་འཛུགས་བྱེད་ན་ཤོད་ཁང་སོགས་མི་གཙང་དྲི་ངའི་གནས་མ་ཡིན་པར་རི་གླིང་རོལ་མཚོ་དང་བཅས་པའི་བཀོད་པ་བྲིས་པའམ་སྨན་སྣ་བསྲེས་པའི་བཀྲ་ཤིས་ཀྱི་ས་ལ་བྱ། དེའི་སྟེང་བུམ་པ་དར་གྱི་ན་བཟའ་དང་བཅས། རྩི་བཅུད་ལས་གྲུབ་པའི་ནོར་བུ་འབར་བས་ཁ་བརྒྱན་པ་བཞག །བང་རིམ་རྣམས་ལ་བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་བདུན་རལ་གྲི། རྒྱ་མཚོའི་ཀླུའི་པགས་པ། མལ་ཆ་མཐོ་དམའ་ཅན། སྐྱེད་ཚལ། ཁང་བཟང༌། གོས། ལྷྭམ་སྟེའི་ཉེ་བའི་རིན་ཆེན་བདུན་དང༌། འདོད་ཡོན་གྱི་ལྷ་མོ་བྲིས་འབུར་ཅི་རིགས་པ་གདུགས་དང་རྒྱལ་མཚན་བ་དན་དང་བཅས་པ་བཞག །འཇུག་བདེ་ཉིན་ཆོག་མ་ལྟ་བུར། ཕྱིང་དཀར་སྟེང་ཙན་དན་གྱི་ཕྱེ་མས་སྦགས་པའི་འབྲུ་དཀར་གྱི་གཡུང་དྲུང་བྲིས་པའི་སྟེང་དུ་བཀོད། རྒྱབ་ཏུ་མདའ་དར། གཡས་སུ་བྱེ་མར་དཀར་མོ་ལག་གཡས། གཡོན་དུ་གཡང་ཆང༌། མདུན་དུ་མཆོད་གཏོར་དང་ཉེར་སྤྱོད། ཅི་རིགས་པར་གཡང་འགུགས་ཀྱི་ཕོ་ཉ་ཚེ་རིང་མའི་རྟེན་གཏོར་དང་གཡང་གཏོར་ནོར་བུ་མིག་གསུམ་པ་མདའ་བྱ་རྒོད་མས་བརྒྱན་པ། མ་མགོན་ལྕམ་དྲལ་གྱི་གཏོར་མ་ཀུན་ཀྱི་མཐའ་སྐོར་ཟས་ནོར་སྲིད་བའི་ཕུན་ཚོགས་འབྱོར་ཚད་བཤམས། དེ་ནས་མཁའ་འགྲོའི་ལས་གཞུང་གིས་བདག་མདུན་མཉམ་བསྒྲུབ་བྱ། བསྟོད་པའི་མཚམས་སུ། མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེངཿ ནོར་སྟེར་དམར་སེར་ཁྲོ་གཉེར་ཅནཿ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུངཿ ཕྱག་གཡས་


JLAZ010_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྦྱིན་གཡོན་པ་ནིཿ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱསཿ ཨུཏྤལ་ལ་གནས་གཏེར་བུམ་འཛིནཿ འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་སོགསཿ ས་གཞི་སྐྱོང་བའི་ཕོ་ཉ་བསྐུལཿ ལྷ་ཀླུའི་མི་ཡིད་དཔལ་འབྱོར་དངཿ ལོངས་སྤྱོད་ཆར་དུ་བབས་པ་ཡིསཿ ཡུལ་ལྗོངས་དང་ནི་ཁྱིམ་གང་བསམ། ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་པཱ་སུ་པུཥྟིཾ་ཀུ་རུ་སྭཱ་ཏཱ། ཞེས་རྩ་སྔགས་དང༌། ལས་སྒྲུབ་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ས་མ་ས་མ། སི་མི་སི་མི། སུ་མུ་སུ་མུ། ཙནྡྷ་ཙནྡྷ། ས་ར་ས་ར། ཙ་ར་ཙ་ར། ཀ་ར་ཀ་ར༌། ཀུ་རུ་ཀུ་རུ༌། མུ་རུ་མུ་རུ། ས་ཏྲཱ་ཡ་ནི། ཨ་ད་མ་ཡ་ནི། དྷ་ར་རུ་སྭཱ་ཧཱ། ན་མོ་བཻ་ཤྲ་མ་ཎ་ཡེ། ཧ་ན་ཧ་ན། སྡུད་དུ་སྡུད་དུ། མ་མ་ཀུན་ནེ་ཀུན་ནེ་ན་ཡེ་སྭཱ་ཧཱ། ཞེས་ཅི་ལྕོགས་བཟླ། རྒྱལ་ཆེན་སྡེ་བཞི་ལ་སོགས་དཔལ་མགོན་བདུན་ཅུ། ས་གཞི་སྐྱོང་བའི་ཚོགས་ལས་ལ་བཀོལ་བས་སྲིད་པའི་ལོངས་སྤྱོད་ཆར་དུ་བབས་པས་ཡུལ་ལྗོངས་དང་ཁྱིམ་ཐམས་ཅད་གང་བར་བསམ། ཐུན་མཐར་མཆོད་ཅིང༌། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཞེས་


JLAZ010_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཚར་བརྗོད། སྐབས་འདིར་མ་མགོན་དང་ཚེ་རིང་མའི་གསོལ་ཁ་བྱ། བསོད་ནམས་འཕེལ་བ་ལས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་ཡིན་པས་ཚོགས་སྐོང་ཀྱང་ཅི་ནུས་བགྱིད། དེ་ནས་གཡང་འགུགས་ནི། མདའ་དར་གཡོབ་ཅིང༌། ཧཱུྃ། ཤར་གྱི་ཕྱོགས་ནས་གཡང་འགུགས་མ། །རྡོ་རྗེ་ཡུམ་ཆེན་སངས་རྒྱས་སྤྱན། །ཕྱག་ན་མདའ་དར་བུམ་པ་འཛིན། །འབྱུང་བ་ས་ཡི་བཀྲགས་མདངས་བཅུད། །ཕྱྭ་དང་གཡང་དུ་འདིར་ཁུག་ཅིག །ལྷོ་ཡི་ཕྱོགས་ནས་གཡང་འགུགས་མ། །རིན་ཆེན་ཡུམ་ནི་མཱ་མ་ཀཱི། །ཕྱག་ན་མདའ་དར་བུམ་པ་འཛིན། །འབྱུང་བ་ཆུ་ཡི་བཀྲག་མདངས་བཅུད། །ཕྱྭ་དང་གཡང་དུ་འདིར་ཁུག་ཅིག །ནུབ་ཀྱི་ཕྱོགས་ནས་གཡང་འགུགས་མ། །པདྨ་ཡུམ་ཆེན་ན་བཟའ་དཀར། །ཕྱག་ན་མདའ་དར་བུམ་པ་འཛིན། །འབྱུང་བ་མེ་ཡི་བཀྲགས་མདངས་བཅུད། །ཕྱྭ་དང་གཡང་དུ་འདིར་ཁུག་ཅིག །བྱང་གི་ཕྱོགས་ནས་གཡང་འགུགས་མ། །ལས་རབ་ཡུམ་ཆེན་དམ་ཚིག་སྒྲོལ། །ཕྱག་ན་མདའ་དར་བུམ་པ་འཛིན། །འབྱུང་བ་རླུང་གི་བཀྲག་མདངས་བཅུད། །ཕྱྭ་དང་གཡང་དུ་འདིར་ཁུག་ཅིག །དབུས་ཀྱི་ཕྱོགས་ནས་གཡང་འགུགས་མ། །དབྱིངས་ཀྱི་དབང་ཕྱུག་ཀུན་ཏུ་བཟང༌། །ཕྱག་ན་མདའ་དར་བུམ་པ་འཛིན། །འབྱུང་བ་ནམ་མཁའི་བཀྲག་མདངས་བཅུད། །ཕྱྭ་དང་གཡང་དུ་འདིར་ཁུག་གཅིག །


JLAZ010_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོ་དཔལ་ལྡན་ནོར་གྱི་རྒྱུན། །སྐུ་མདོག་བཙོ་མ་གསེར་གྱི་མདོག །ཞལ་གཅིག་ཕྱག་གཉིས་ཕྱེད་སྐྱིལ་བཞུགས། །ཤིང་ཏོག་བི་ཛ་པུ་ར་དང༌། །རིན་ཆེན་འབྲས་ཀྱི་སྙེ་མ་འཛིན། །ཤིན་ཏུ་མཛེས་ལྡན་དབུ་སྐྲ་གྲོལ། །མུ་ཏིག་ནོར་བུའི་དོ་ཤལ་དང༌། །ཨུཏྤལ་མེ་ཏོག་ཕྲེང་བས་བརྒྱན། །འབྲས་ལྡན་བྱང་ཆུབ་ཤིང་ལ་བརྟེན། །རིན་ཆེན་འབྲུ་ཡི་བང་མཛོད་དང༌། རྟ་དང་བ་ལང་གཡག་ལུག་ཕྱུག །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། །ཆང་ལྟར་འབབ་པའི་གཡང་ཁུག་གཅིག །ཟླ་བའི་འོད་ཟེར་དབྱངས་ཅན་མ། །འཕགས་མ་དང་ནི་སྦས་མ་དང༌། ནོར་སྦྱིན་མ་དང་རབ་སྦྱིན་མ། །ལྷ་མོ་མཛེས་མ་རབ་བཟང་དང༌། །དབུལ་བ་སེལ་བ་ཁྱེད་རྣམས་ཀྱིས། །རིན་ཆེན་འབྲུ་ཡི་བང་མཛོད་དང༌། །རྟ་དང་བ་གླང་གཡག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་ཀྱི་དངོས་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡང་ཁུག་ཅིང༌། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང༌། །མཁས་ཤིང་བུ་མང་དཔལ་དང་ལྡན། །དྲི་ཟ་ཀུན་ཀྱི་བདག་པོ་ཡིན། །སྨིན་དྲུག་ལ་སོགས་ཤར་སྐར་བདུན། །རྒྱལ་དང་རྣམ་པར་རྒྱལ་མ་དང༌། །དོན་གྲུབ་མ་དང་མི་ཕམ་མ། །


JLAZ010_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་མཆོག་མ་དང་དགའ་བདེ་དང༌། །དགའ་ཅན་མ་དང་དགའ་འཕེལ་མ། །ལྷ་མོ་གཞོན་ནུ་བརྒྱད་རྣམས་ཀྱིས། །རིན་ཆེན་འབྲུ་ཡི་བང་མཛོད་དང༌། །རྟ་དང་བ་གླང་གཡག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡང་ཁུག་ཅིག །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །མཁས་ཤིང་བུ་མང་དཔལ་དང་ལྡན། །གྲུལ་བུམ་ཀུན་ཀྱི་བདག་པོ་ཡིན། །མཆུ་དང་གྲེ་སོགས་ལྷོ་སྐར་བདུན། །དཔལ་ལྡན་མ་དང་གྲགས་ལྡན་མ། །གྲགས་པ་ཐོབ་དང་གྲགས་འཛིན་མ། །ལེགས་པར་ལངས་དང་རབ་སྔ་དང༌། །ལེགས་པར་སད་དང་བདེ་སྒྲུབ་མ། །ལྷ་མོ་གཞོན་ནུ་བརྒྱད་རྣམས་ཀྱིས། །རིན་ཆེན་འབྲུ་ཡི་བང་མཛོད་དང༌། །རྟ་དང་བ་གླང་གཡག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡང་ཁུག་ཅིག །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང༌། །མཁས་ཤིང་བུ་མང་དཔལ་དང་ལྡན༌། །ཀླུ་རྣམས་ཀུན་ཀྱི་བདག་པོ་ཡིན། །ལྷ་མཚམས་ལ་སོགས་ནུབ་སྐར་བདུན། །རྣ་ཆ་སྲ་མཁྲེགས་མ་དང་ནི། །པདྨ་དཀར་དང་སྐྱ་རེངས་དང༌། །ཆ་མེད་གཅིག་དང་དགུ་པ་དང༌། །རོལ་དང་


JLAZ010_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གནག་དང་སྟོབས་མྱུར་སྲིད། །ལྷ་མོ་གཞོན་ནུ་བརྒྱད་རྣམས་ཀྱིས། །རིན་ཆེན་འབྲུ་ཡི་བང་མཛོད་དང༌། །རྟ་དང་བ་གླང་གཡག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡང་ཁུག་གཅིག །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །མཁས་ཤིང་བུ་མང་དཔལ་དང་ལྡན། །གནོད་སྦྱིན་ཀུན་ཀྱི་བདག་པོ་ཡིན། །མོན་གྲུ་ལ་སོགས་བྱང་སྐར་བདུན། །རབ་ཆགས་ལྷ་མོ་སྟོང་ལྷ་མོ། །ས་དང་དེ་བཞིན་པདྨ་ཅན། །རྒྱལ་པོ་ཆེ་ལ་ཉེ་གནས་དང༌། །རི་དང་ཁྲིལ་ཡོད་དཔལ་ལྡན་མ། །ལྷ་མོ་གཞོན་ནུ་བརྒྱད་རྣམས་ཀྱིས། །རིན་ཆེན་འབྲུ་ཡི་བང་མཛོད་དང༌། །རྟ་དང་བ་གླང་གཡག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡང་ཁུག་ཅིག །རི་རྒྱལ་ལྷུན་པོ་སྟེང་ཕྱོགས་ན། །དབང་པོ་ལ་སོགས་ལྷ་ཆེན་བརྒྱད། །རོལ་མཚོ་ལ་གནས་ཀླུ་ཆེན་སྡེ། །གོ་ལའི་ཁྱིམ་གྱི་དྲང་སྲོང་ཚོགས། །ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་སོགས། །དཔལ་མགོན་བདུན་ཅུའི་ཚོགས་རྣམས་ཀྱིས། །རིན་ཆེན་འབྲུ་ཡི་བང་མཛོད་དང༌། །རྟ་དང་བ་གླང་གཡག་ལུག་ཕྱུགས། །ཚེ་


JLAZ010_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡང་ཁུག་ཅིག །གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། །རི་རབ་ཟོམ་དང་གསེར་རི་བདུན། །རོལ་མཚོ་ལྷ་གནས་རྒྱ་མཚོའི་རུམ། །ས་ཆུ་མེ་རླུང་ནམ་མཁའི་ལྷ། །རི་དང་ནགས་ཚལ་སྐྱེད་མོས་ཚལ། །གཙུག་ལག་ཁང་དང་རྒྱལ་པོའི་ཁབ། །གྲོང་དང་གྲོང་ཁྱེར་ལ་གནས་པའི། །ལྷ་ཡི་ཕྱྭ་དང་སྣོད་ཀྱི་གཡང༌། །རིན་ཆེན་འབྲུ་ཡི་བང་མཛོད་དང༌། །རྟ་དང་བ་གླང་གཡག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡང་ཁུག་ཅིག །མཁར་གྱི་རྩེ་དང་སྒྱེད་པོའི་ལྷ། །ཐབ་ལྷ་ཡུ་མོ་འབར་བ་དང༌། །མུ་དར་སྣང་དང་མཁར་གོང་ལ། །གནས་པའི་ཞིང་ལྷ་ཚངས་པ་དང༌། །ཁྱིམ་ལྷ་གེལ་ཐུང་ནང་ལྷ་དང༌། །སྒོ་ལྷ་རྟ་གཡག་ཕྱུགས་ཀྱི་ལྷ། །རྨ་གཡང་ཚོང་ལྷ་དོན་གྲུབ་དང༌། །རྟ་ལྷ་དམག་དཔོན་ནོར་ལྷ་མཆོག །ཁ་རྗེ་དབང་ཐང་སྙན་གྲགས་ལྷ། །སྦུ་གུ་མི་ལ་འགོ་བ་ཡི། །སྲོག་ལྷ་མོ་ལྷ་དགྲ་ལྷ་དང༌། །ཕོ་ལྷ་ཡུལ་ལྷ་ལོ་ཟླ་ཞག །སྤར་སྨེ་ཚེས་གྲངས་དུས་ཚོད་ལྷའི། །སྣོད་ཀྱི་ཕྱྭ་དང་བཅུད་ཀྱི་གཡང༌། །རིན་ཆེན་འབྲུ་ཡི་བང་མཛོད་དང༌། །རྟ་


JLAZ010_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དང་བ་གླང་གཡག་ལུག་ཕྱུགས། །ཚེ་དང་བསོད་ནམས་དབང་ཐང་གཏེར། །ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། །ཆར་ལྟར་འབབ་པའི་གཡང་ཁུག་ཅིག །ཁྱད་པར་གཡང་ཅན་ནོར་གྱི་ལྷ། །ཇོ་མོ་བཀྲ་ཤིས་ཚེ་རིང་མ། །མཁའ་འགྲོའི་རྒྱལ་མོ་སྤུན་ལྔ་ཡི། །འཆི་མེད་ཚེ་དང་རིགས་བརྒྱུད་བུ། །རྨ་གཡང་ནོར་དང་རྐང་བཞི་ཕྱུགས། །མངོན་ཤེས་གཏེར་དང་ཟས་གོས་ནོར། །ལོ་ཏོག་བཅུད་དང་བཟའ་ཤིང་དཔལ། །ཆར་ཆུ་རྒྱས་ཤིང་ལོ་འབྲས་འཕེལ། །ཕན་ཚུན་འཛའ་དང་ནད་ཡམས་མེད། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཡང༌། །འབད་པ་མེད་པ་དེང་འདིར་ཁུག །མདོར་ན་ལྷ་དང་མིའི་དྲང་སྲོང༌། །ཚོགས་ཀྱི་བདག་པོ་གནོད་སྦྱིན་སྡེ། །ནམ་མཁའ་ལྡིང་དབང་མིའམ་ཅི། །ལྟོ་འཕྱེ་ཆེ་དང་འཕྲོག་མའི་བུ། །སྣ་ཚོགས་གཟུགས་སྤྲུལ་རྫུ་འཕྲུལ་ཅན། །སྲིད་པ་ཆགས་པའི་སྣོད་དང་བཅུད། །མ་ལུས་ལུས་པ་མེད་པ་ཡི། །ཕྱྭ་གཡང་མ་འཁྱམ་ཁྱི་ལི་ལི། །ཕྱྭ་གཡང་མ་ཡར་ནུ་རུ་རུ། །ཕྱྭ་གཡང་མ་གོད་ཏ་ལ་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །བླ་དང་ཚེ་དང་བསོད་ནམས་དང༌། །དབང་ཐང་རྟེན་དུ་གནས་འདིར་བཞུགས། །དགའ་འཁྱིལ་བཞིན་དུ་ཀྱི་ལི་ལི། །གཡུང་དྲུང་བཞིན་དུ་


JLAZ010_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་རུ་རུ། །རྒྱ་མཚོ་བཞིན་དུ་མེ་རེ་རེ། །གནས་འདིར་བརྟན་པའི་བཀྲ་ཤིས་སྩོལ། །ཞེས་གཡང་འགུགས་པ་དང་ལས་སྒྲུབ་གཟུངས་སྔགས་བཟླ་བ་སྤེལ་མར་ཅི་ནུས་བྱ། རྗེས་ཀྱི་བྱ་བ་ལ་གཡང་གཏའ་སྡོམ་པ་སོགས་བོན་ལུགས་དང་འབྲེལ་བས་འདིར་ཤིས་པ་བརྗོད་པ་ཉིད་སྐབས་སུ་བབ་སྟེ། ཡོན་བདག་གོས་རྒྱན་གསར་བས་བཀླུབས། སྟན་བཟང་པོ་ལ་འདུག །ཕྱེ་མར་ལ་སོགས་བཟའ་བཏུང་གིས་ཞལ་བསྲོ། དེ་ནས་མེ་ཏོག་འཐོར་བཞིན་པས་གྲུབ་ན་མདོ་སྡེ་བཀྲ་ཤིས་བརྩེགས་པ་སྒྲོག །འཇུག་བདེར། མ་ཆགས་ཐོགས་མེད་འཁོར་ལོ་རིན་པོ་ཆེ། །འཁོར་ལོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐེག་ཆེན་སྟོབས་ལྡན་གླང་པོ་ནི་པོ་ཆེ། །གླང་པོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅང་ཤེས་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །རྟ་མཆོག་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཀུན་ལ་དབང་སྒྱུར་བློན་པོ་རིན་པོ་ཆེ། །བློན་པོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོག་རྟོག་དཔུང་འཇོམས་དམག་དཔོན་རིན་པོ་ཆེ། །དམག་དཔོན་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །


JLAZ010_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀུན་སྐྱེད་བཙུན་མོ་རིན་པོ་ཆེ། །བཙུན་མོ་རིན་ཆེན་བཀྲ་ཤིས་ཡིན་པ། །བཀྲ་ཤིས་དེང་ཀྱང་དེར་འདིར་བདེ་ལེགས་ཤོག །དེ་མ་ཐག་ཏུ་བདག་ཅག་བདེ་ལེགས་ཤོག །བསམ་འཕེལ་དོན་གྲུབ་ནོར་བུ་རིན་པོ་ཆེ། །ནོར་བུ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བདག་དང་སྐལ་ལྡན་རིགས་ཀྱི་བུ། །དེང་གི་རྒྱུ་སྦྱོར་ཡོན་གྱི་བདག །སངས་རྒྱས་རྣམས་ཀྱིས་བྱིན་རླབས་ནས། །བཀྲ་ཤིས་དམ་པའི་མདོ་སྡེ་འདི། །ང་ཡིས་བརྗོད་པའི་བསོད་ནམས་ཀྱིས། །ནམ་མཁའ་ལྟ་བུར་ཀུན་ཁྱབ་ཅིང༌། །ཉི་ཟླ་ལྟ་བུར་ཀུན་གསལ་ཏེ། །སྐར་ཚོགས་ལྟ་བུར་གྲངས་མང་ཞིང༌། །སྤྲིན་ཚོགས་ལྟ་བུར་ལྷུན་སྡུག་སྟེ། །འཇའ་ཚོན་ལྟ་བུར་མཛེས་སྡུག་ཅིང༌། །རི་རབ་ལྟ་བུར་བརྟན་བརྗིད་ཆེ། །ས་གཞི་ལྟ་བུ་ཀུན་སྐྱེད་ཅིང༌། །རྒྱ་མཚོ་ལྟ་བུར་གཏིང་ཟབ་ལ། །ལྗོན་ཤིང་ལྟ་བུར་འདབ་རྒྱས་ཏེ། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །དགོས་འདོད་བཀྲ་ཤིས་ཆར་ལྟར་འབབ་གྱུར་ཅིག །ཨོཾ་ཨཱཿཧཱུྃ་རཏྣ་བྲུཾ་ནི་ཨ། བཀྲ་ཤིས་པར་གྱུར་ཅིག །ཅེས་པའང་གཙང་དཔལ་ལྡིངས་རྗེ་བཙུན་མས་རིང་མོ་ཉིད་ནས་བསྐུལ་ཞིང༌། མདོ་ཁམས་པ་ཚོགས་གཉིས་ཅན་གྱིས་བཏུད་ནས་བསྐུལ་བའི་ངོར་གཡོ་རུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་ལྷན་ཐབས་སུ་བཀོད་པའོ།། །།


previousཡུམ་ཀ་མཁའ་འགྲོའི་ལས་ཚོགས་ལས། གཏེར་བུམ་སྒྲུབ་པའི་ལྷན་ཐབས།next