Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ།next

བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ།


JLAZ010_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་ཞེས་པ་བཞུགས།


JLAZ010_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་ཞེས་བྱ་བ། སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །འདི་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་ལས་དང་པོ་སྦྱོར་བ་ལའང་དྲུག་གི །དང་པོ་ཤོམ་ནི་གང་དུ་བྱ་བའི་གནས་ཁང་བྱི་དོར་བྱས་ཞིང་རྒྱན་བཀོད་དང༌། སྐུ་གསུང་ཐུགས་རྟེན་དགྲམ། མཆོད་པ་སྣ་ལྔ་བརྒྱ་རྩ་འབྱོར་ན་རབ། མ་མཐའ་ཡང་བཅུ་ཕྲག་རེ་ལས་མི་ཉུང་བ་བཤམ། གཞན་དོན་སྦྱོང་བ་དང་འབྲེལ་ན་བུམ་སྟེགས་པདྨ་འདབ་བརྒྱད་ལ་ཁྲུས་བུམ་ལ་སོགས་འོག་ཏུ་དགོས་པ་རྣམས་ཀྱང་བཤམ། གཉིས་པ་ནི། གྲུབ་ན་དཀར་ཆ་བཞི་དང༌། མ་ནུས་ན་གཞི་བགེགས་སོ་སོར་གཏོར་མ་བཤམ་ལ། བགེགས་ལ། ཨ་ཀཱ་རོ་དང༌། གཞི་བདག་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་


JLAZ010_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཕུན་སུམ་ཚོགས་པའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་བསྔོ། །གསུམ་པ་སྐྱབས་སུ་འགྲོ་བ་དང་སྨོན་སེམས་བསྐྱེད་པ་ནི། སངས་རྒྱས་ཆོས་དང་ཚོགས་


JLAZ010_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཆོག་རྣམས་ལ། །སོགས་ལན་གསུམ། བཞི་པ་འཇུག་པའི་དོན་དུ་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ལན་གསུམ། ལྔ་པ་བྱང་སྡོམ་བླངས་བ་དངོས་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་སློབ་པར་བགྱི། ལན་གསུམ། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །བདག་གིས་དེ་རིང་སྐྱོབས་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་བགྱི། ལན་གསུམ། དྲུག་པ་ས་གཞི་བྱིན་བརླབ་ནི། ཐམས་ཅད་དུ་ཡང་ས་གཞི་བྱིན་དག །གསེག་མ་ལ་སོགས་མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །


JLAZ010_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་ཅིང་བསམ་མོ། །གཉིས་པ་དངོས་གཞི་ལ། བདག་མདུན་གཉིས་ལས། དང་པོ་བདག་བསྐྱེད་ནི། པདྨ་དྲ་བའི་རྒྱུད་ཀྱི་དགོངས་པ། ཨོཾ་མཱ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཧྲཱིཿམཁའ་ཁྱབ་གཞལ་ཡས་ཞིང་གི་བཀོད་པ་ནི། །ཞིང་ཁམས་ཆེན་པོ་གསེར་གྱི་ས་གཞིའི་དབུས། །འབྱུང་བ་ཡོངས་རྫོགས་དྭངས་མའི་རིན་ཆེན་མཚོ། །ཡོངས་སུ་རྒྱས་པའི་དབུས་སུ་སྐྱེས་པ་ཡི། །པདྨའི་སྡོང་པོ་ཁྲི་འཕང་གསུམ་དང་ལྡན། །ཡལ་ག་མེ་ཏོག་འབྲས་བུའི་ཕུར་གྱི་ལྡིང༌། །ཆུ་བྱ་སྣ་ཚོགས་ཐེག་གསུམ་ཆོས་སྒྲ་སྒྲོག །ཕན་ཚུན་ཆོས་ཀྱི་རོས་ཚིམས་གར་སྟབས་བསྒྱུར། །ཡལ་འདབ་རེ་རེའང་མཆོད་པའི་ལྷ་མོས་བརྒྱན། །སྙན་པའི་གླུ་དབྱངས་མཛེས་པའི་གར་གྱིས་མཆོད། །རིག་འཛིན་དུ་མ་གསེར་གཡུ་བྱུ་རུ་ཡི། །མདོག་མཚུངས་བུང་བའི་ཚུལ་བཟུང་ཐེག་ཆེན་ཆོས། །བརྡ་དང་སྟོབས་ཀྱིས་སྐལ་ལྡན་རྣམས་ལ་སྒྲོགས། །རིན་ཆེན་ནེའུ་སེང་བྲག་རིའི་ཚལ་གྱིས་བསྐོར། །དེ་དག་རྣམས་ལ་དྲང་སྲོང་རིག་འཛིན་གནས། །མ་ཡེངས་བསམ་གཏན་ཏིང་འཛིན་རོས་གང་བའི། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པར་བཞུགས། །ཕྱོགས་མཚམས་མ་ལུས་ཡེ་ཤེས་འོད་ཀྱི་གུར། །རབ་མཛེས་མདངས་བཀྲ་རིམ་གསུམ་རྣམ་པར་གསལ། །སྟེང་ཕྱོགས་ནམ་མཁའི་འོད་ཀྱི་སྤྲིན་


JLAZ010_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ན། །རིག་འཛིན་ལྷ་དང་མཁའ་འགྲོ་དཔག་མེད་ཀྱིས། །བདུད་རྩིའི་ཁྲུས་གསོལ་མེ་ཏོག་མནྡྷ་ར། །ཁ་དོག་སྣ་ཚོགས་ཆར་འབེབས་རོལ་མོ་སྒྲོག །རི་བོ་ཆེན་པོ་པོ་ཏ་ལ་འདྲ་ཡི། །ཇི་ལྟར་རབ་འབྱམས་དག་པའི་ཞིང་གི་དབུས། །འོད་སྣང་དཀྱིལ་འཁོར་ཆུ་སྐྱེས་ཟླ་བའི་སྟེང༌། །སྐད་ཅིག་དྲན་རྫོགས་ཆུ་ལས་ཉ་འཕར་ལྟར། །བདག་ཉིད་ཧྲཱིཿདཀར་མདངས་ལྡན་འོད་འཕྲོས་པས། །རྒྱལ་བ་སྲས་བཅས་སྤྱན་དྲངས་ཧྲཱིཿལ་ཐིམ། །སླར་འཕྲོས་འགྲོ་དྲུག་སྡུག་བསྔལ་སེལ་བྱས་ནས། །དེ་ལྟར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། །བདག་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སེམས་ཉིད་ངལ་གསོ་ཞལ་གཅིག་ཕྱག་གཉིས་པ། །དཀར་གསལ་མདངས་ལྡན་ཞི་མཛུམ་བཞད་པའི་ཚུལ། །ཕྱག་གཡས་མཆོག་སྦྱིན་དགོས་འདོད་རེ་བ་སྐོང༌། །གཡོན་པ་སྟ་ཟུར་ནས་བརྐྱངས་གདན་བརྟེན་མཛད། །པད་དཀར་ཡུ་བ་མཐེབ་མཛུབ་ལ་གནས་པའི། །ཡལ་ག་ལོ་འདབ་སྙན་ཤལ་ཕྱོགས་ཀུན་མཛེས། །སྲིད་ཞིར་མི་གནས་ཞབས་གཉིས་བརྐྱང་བསྐུམ་ཚུལ། །ཡིད་འོང་མཚན་དང་དཔེ་བྱད་ལྷུན་གྱིས་གྲུབ། །སྨིན་མཚམས་མཛོད་སྤུར་འོད་ལྔའི་ཐིག་ལེར་འཁྱིལ། །ཞི་ཚུལ་དགུ་ལྡན་རྒྱན་ཆ་བཅུ་གསུམ་འཆང༌། །དབུ་སྐྲ་ཐོར་ཚུགས་ཟུར་ཕུད་ནོར་བུས་སྤྲས། །


JLAZ010_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་བཀྲག་མདངས་འོད་དང་གཟི་བརྗིད་འབར། །ཐུགས་རྗེས་བརྩེ་བས་འགྲོ་ལ་ལྷགས་གེར་གཟིགས། །འོད་ཕུང་སྟུག་པོ་སྤྲིན་ལྟར་འཁྲིགས་པའི་ནང༌། །འགགས་མེད་ཆོས་ཀྱི་སྐུ་དང་དབྱེར་མེད་བཞུགས། །ཞེས་གསལ་བཏབ་ལ་བཟླ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་ཅི་རིགས་བཟླའོ། །གཉིས་པ་མདུན་བསྐྱེད་ལ་བདུན་ལས། དང་པོ་མཆོད་པ་བྱིན་བརླབ་ནི། དངོས་འཛིན་དང་འབགས་བཙོག་ཏུ་གྱུར་པ། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ལྷ་རྫས་ལས་གྲུབ་པའི་མཆོད་སྤྲིན་འཕགས་པ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་དང་གཉིས་སུ་མེད་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝཱ་ཏེ། བཛྲ་སཱ་ར་པྲ་མརྟ་ནེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛྭ་བཛྲེ། མ་ཧཱ་བིདྱ་སྭཱ་ཧཱ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨཱ་ཨ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་ལན་གསུམ། གཉིས་པ་ཚོགས་ཞིང་བསྒྲུབ་པ་ལ། རྣམ་བྱང་དང་མཐུན་པའི་མོས་པ་ལམ་བྱེད་ཀྱིས་བསྐྱེད་ཆོག་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་དང༌། གཟུང་འཛིན་ལྟར་སྣང་བའི་ཡུལ་ལྔ་ཡིད་ཤེས་དང་བཅས་པ་འཆི་སྲིད་ཆོས་སྐུ་དང་གཉིས་སུ་མེད་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བར་དོའི་སྲིད་པ་དང༌།


JLAZ010_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཤེས་རྫུས་སྐྱེས་ཀྱི་གནས་ངན་ལེན་ཀུན་ནས་རྣམ་པར་དག་པ་བདེ་བ་ཅན་གྱི་ཞིང་ཁམས་ས་གཞི་ཐམས་ཅད་ལག་མཐིལ་ལྟར་ཀུན་ཏུ་མཉམ་ཞིང་ཆུ་ཞེང་དང་སྲིད་དུ་མི་མངོན་པའི་ཐ་གྲུ་ཀུན་ནས་ཡངས་པ་ལ་འཇིག་རྟེན་ན་མི་སྤྱོད་པའི་རིན་པོ་ཆེ་རྣམ་པ་སྣ་ཚོགས་གཅལ་དུ་བཀྲམ་པས་བཀྲག་ཏུ་བརྟས་པ། རི་ནག་པོ་དང༌། ལྷུན་པོ་དང༌། ཆུ་གཏེར་དང༌། འཁོར་ཡུག་ལ་སོགས་པའི་བསྟི་གནས་ཕལ་པ་མེད་པས་ཀུན་ནས་ཉམས་དགའ་ཞིང་ཤིན་ཏུའང་བལྟ་ན་སྡུག་པ། འབྱོར་བ་རྒྱས་པ། བདེ་བ་ལོ་ལེགས་པ་ལྷ་དང་མི་འབའ་ཞིག་པ་ལས་ངན་སོང་དང་ལྷ་མིན་མེད་པ། རིན་པོ་ཆེའི་རིགས་ཁ་དོག་སྣ་ཚོགས་ལས་གྲུབ་པའི་ཤིང་ལྗོན་པ་རྩ་བ་དང༌། ཡལ་ག་དང༌། ལོ་འདབ་དང༌། མེ་ཏོག་དང་འབྲས་བུ་རྣམས་གསེར་དང༌། དངུལ་དང༌། བཻ་ཌཱུརྱ་དང༌། སྤུག་དང༌། མུ་ཏིག་དམར་པོ་དང༌། ཤེལ་དང༌། རྡོའི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་བལྟ་ན་སྡུག་པ་དཔག་ཚད་སྟོང་དང་དྲུག་བརྒྱའི་དབང་དང་ལྡན་པ། གསེར་གྱི་དྲྭ་བས་བརྒྱན་པ་རྣམས་རླུང་གིས་བསྐྱོད་པ་ལས། སྙན་པ་དང༌། མཐུན་པ་དང༌། ཡིད་དུ་འོང་བའི་སྒྲ་དབྱངས་ཆོག་མི་ཤེས་ཤིང༌། དྲི་བསུང་རྒྱས་པའི་མེ་ཏོག་གིས་མི་འགྲེང་བདུན་གྱི་སྲིད་དུ་ཀུན་ནས་བཀྲམ་པ་རྣམས་ནི་མནན་ན་སོར་བཞིས་ནེམ་


JLAZ010_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། བཏེག་ན་དེ་སྙེད་ཀྱིས་མཐོ་བ། གཞན་ཡང་ལྷའི་མེ་ཏོག་ཨུཏྤལ་དང༌། པདྨ་དང༌། ཀུ་མུད་ཏ་དང༌། པདྨ་དཀར་པོའི་ཚལ་ཡིད་དུ་འོང་ཞིང༌། འདམ་རྫབ་སྤངས་པའི་གསེར་གྱི་བྱེ་མ་བརྡལ་བ་ལ་སྤྲུལ་པའི་བྱ་ངང་པ་དང༌། བཞད་དང༌། ཁྲུང་ཁྲུང་དང༌། ངུར་པ་དང༌། ཀ་རན་ད་དང༌། ནེ་ཙོ་དང༌། རི་སྐེགས་དང༌། ཀུ་ལ་ན་དང༌། ཀ་ལ་པིངྐ་དང༌། རྨ་བྱ་སོགས་པས་མགྲིན་པའི་རྒྱུད་མངས་འཁྲོལ་བ་སྤོས་ཆུའི་ཀླུང་ཀུན་ཏུ་བཀྲམ་པ་དག་ཀྱང་འབབ་སྟེགས་བདེ་བས་ཅ་ཅོའི་སྒྲ་གཏན་ནས་མི་འབྱུང་ཞིང་རྣམ་པར་བདེ་བ་དང༌། ཡིད་ལ་འབབ་པ་དང༌། མཉན་པས་ཆོག་མི་ཤེས་པ་དང༌། མི་རྟག་པ་དང༌། ཞི་བ་དང༌། བདག་མེད་པ་དང༌། ཚད་མེད་བཞི་དང༌། དཀོན་མཆོག་གསུམ་དང་། ས་དང་ཕ་རོལ་ཏུ་ཕྱིན་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། རྣམ་པར་ཐར་བའི་སྒོ་གསུམ་དང༌། མངོན་པར་ཤེས་པ་ལྔ་དང༌། འོད་ཟེར་ཆེན་པོའི་དབང་བསྐུར་བ་ཐོབ་པའི་སྒྲ་འབྱུང་བས་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་ཅིང༌། སྡུག་བསྔལ་བ་དང༌། ཀུན་འབྱུང་བ་དང༌། སྒྲིབ་པ་དང༌། ངན་སོང་དང༌། ངན་འགྲོ་ལ་སོགས་པ་ཚོར་བ་སྡུག་


JLAZ010_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བའི་སྒྲ་ཙམ་ཡང་མེད་པར་དགྲ་བཅོམ་འགོག་པའི་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་དང་ལྡན་པས་བདེ་བ་ཅན་ཞེས་བྱ་ལ། དེ་བཞིན་དུ་གོས་དང༌། རྒྱན་དང༌། སྐྱེད་མོས་ཚལ་དང༌། བར་སྣང་ལ་འབྱུང་བའི་གཞལ་མེད་ཁང་དང༌། རོལ་མོའི་བྱེ་བྲག་དང༌། མཆོད་རྫས་ལ་སོགས་པ་ཡོངས་སུ་སྤྱད་པར་བྱ་བའི་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་མཚུངས་པར་ལྡན་ཞིང་དྭངས་མའི་ཟས་ཀྱིས་ཚིམས་པར་འགྱུར་བ། གཟའ་དང༌། རྒྱུ་སྐར་དང༌། ཉིན་མཚན་དུ་གདགས་པ་དང༌། ཁྱིམ་ཡོངས་སུ་འཛིན་པའི་འདུ་ཤེས་ཀྱང་མེད་ལ་དུས་དང་དུས་སུ་སྤོས་ཆུའི་སྤྲིན་ཆར་མངོན་པར་འབབ་ཅིང་ལྷའི་མེ་ཏོག་དང༌། རིན་པོ་ཆེ་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། བླ་རེ་དང༌། རྔ་མའི་བསིལ་ཡབ་ལ་སོགས་པ་ནམ་མཁའ་ལ་འཛིན་ཅིང༌། ལྷའི་བུ་མོ་དག་ཀྱང་རོལ་མོའི་སྒྲ་དབྱངས་དང་བཅས་གར་བྱེད་པ། མདོར་ན་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་ཕ་རོལ་ཏུ་སོན་པས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་བདེ་བའི་རྒྱུ་དང་ཡོན་ཏན་གྱི་ཚོགས་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་དེའི་བླ་དཔག་ཚད་བརྒྱད་སྟོང་པའི་གཞལ་མེད་ཁང་གིས་མཛེས་


JLAZ010_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབུས་སུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་སྟེགས་རབ་ཏུ་མཐོ་བ་རྨ་བྱ་ཟློས་གར་རྩེན་པའི་དབུས་སུ་པཾ་ལས་པདྨ་དམར་པོ་འདབ་མ་སྟོང་དུ་བརྡལ་བ། དེའི་སྟེང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ས་བོན་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་རྒྱལ་བའི་དབང་པོ་དེའི་མཚན་ཡོངས་སུ་བརྗོད་ཅིང་བསྔགས་པ་བརྗོད་པ་ལ་ཞུགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྣང་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་ཅིང་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པའི་གཟི་བྱིན་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྟེང་དུ་ལྷུང་བཟེད་ཀྱིས་མཚན་པའི་ཕྱག་གཉིས་མཉམ་པར་བཞག་ཅིང་དར་དམར་སེར་གྱི་ཤམ་ཐབས། སྔོན་པོའི་བླ་གོས། དམར་པོའི་སྣམ་སྦྱར་ཅན། དབུའི་གཙུག་ཏོར་བལྟར་མི་མངོན་པ་ལ་སོགས་པའི་མཚན་དཔེའི་རྒྱན་མ་ཚང་བ་མེད་པས་བརྒྱན་པའོ། །དེའི་


JLAZ010_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། གཡོན་དུ་མཐུ་ཆེན་ཐོབ་གཉིས་གཙོ་བོ་ལ་ཞལ་ཕྱོགས་པས་འདུག་པ། མཐའ་བསྐོར་དུ་སངས་རྒྱས་ཀྱི་ཞིང་འདི་དང༌། ཞིང་གཞན་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བའི་དགེ་བའི་རྩ་བ་དང༌། རྒྱལ་བའི་ཡེ་ཤེས་ཆགས་པ་མེད་པ་ལ་ནེམ་ནུར་གྱི་བློས་བར་དུ་གཅོད་པ་དང་མ་ཡིན་པའི་ཁྱད་པར་ལས། ཉན་ཐོས་འགོག་པ་ཆོས་ཅན་ལ་སོགས་ཏེ་པདྨའི་མངལ་ལ་སྐྱེད་མོས་ཚལ་དང་གཞལ་མེད་ཁང་དུ་འདུ་ཤེས་ཤིང་བཤང་གཅི་མེད་པར་ལོ་ལྔ་བརྒྱར་གནས་ནས་འབྱུང་ལ། ཉེས་པ་ཟད་པ་རྣམས་ནི་སེམས་དང་བ་ཙམ་ལ་པདྨ་རྣམས་ལ་སྐྱིལ་མོ་ཀྲུང་བཅས་ཏེ་སྐད་ཅིག་ལ་རྫུས་ཏེ་འབྱུང་བའི་བྱང་ཆུབ་སེམས་དཔའ་ཡོངས་སུ་གྲུབ་པ་གྲངས་དང་བློས་མི་ཐུགས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་དང༌། ལྷ་དང་མིའི་རྣམ་པ་ཅན་བར་སྣང་ལ་ཆགས་ཐོགས་མེད་པར་འགྲོ་བ། དེ་དག་ཀྱང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། ལུས་ཡོངས་སུ་རྫོགས་པ་བསམ་གཏན་དང་མངོན་པར་ཤེས་པ་ལ་མཁས་པ། ཤེས་རབ་ཀྱི་རབ་ཏུ་དབྱེ་བ་བཟོད་པ། དབང་པོ་རྣོ་བ། མ་


JLAZ010_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས་པ་མེད་པ། ཀུན་ཤེས་པ། མ་ཞུམ་པ། དབང་པོ་མི་གཡོ་བ། བཟོད་པ་ཐོབ་པ། སངས་རྒྱས་མཐོང་བ་དང༌། ཆོས་ཉན་པ་དང་མི་འབྲལ་བ། ལོག་པར་མི་ལྟུང་བ། ཡོན་ཏན་མཐའ་ཡས་མུ་མེད་པ་ཤ་སྟག་གོ། དེ་ལྟར་དུ་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་དཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང༌། བདེ་བ་ཅན་གྱི་ཞིང་ཁམས་ནས་མགོན་པོ་འོད་དཔག་ཏུ་མེད་པ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་དང༌། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བ་བསྐོར་བ་སྤྱན་དྲངས་པར་གྱུར། ཞེས་སྙན་བརྣན་ལ། གསུམ་པ་སྤྱན་དྲང་བ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་བའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲངས། བཞི་པ་བཞུགས་གསོལ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡེ་སྟྭཾ། གྱིས་གཙོ་འཁོར་རྣམས་


JLAZ010_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གདན་འབུལ་ནས་བཞུགས་གསོལ་བྱ། ལྔ་པ་མཆོད་བསྟོད་ལ་སོགས་པ་སྤྱོད་འཇུག་ལས། དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པ་གང་ཞིག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །གཞན་ཡང་མཆོ་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་ནས། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་


JLAZ010_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་འདི་དག་བཞེས། །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་འདི་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་འཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བར་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟའ་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་


JLAZ010_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་རྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་གྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡྷ་ར་དང་པདྨ་དང༌། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱད་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །


JLAZ010_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་ལེགས་བལྟ་ན་སྡུག་པ་སྒྲེང་པ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམས་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་ལྟར་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །དྲུག་པ་བསྙེན་པ་བྱ་བ་ནི། མདུན་བསྐྱེད་གསུང་རྡོ་རྗེ་འོད་དཔག་མེད་དུ་གསལ་བའི་ཐུགས་ཀར་ཉི་གདན་ལ་ཧྲཱིཿཡིག་དམར་པོས་མཚན་པའི་མཐའ་བསྐོར་དུ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་པར་དམིགས་ལ། ཨོཾ་ཨ་མི་ཏ་བྷ་ཧྲཱིུཿཨཱཾ་ཨ་རོ་ལིཀ་ཧཱུྃ། ཞེས་བཟླ། བདུན་པ་ལས་སྦྱོར་ལ་གཉིས་ལས་དང་པོ་གསོན་པོའི་དོན་དུ་ཚེ་སྒྲུབ་བྱེད་ན་


JLAZ010_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་མཚན་ཚེ་བུམ་དུ་སྒྱུར། སྙིང་གར་པདྨ་འདབ་བཞིའི་དབུས་སུ་ཉི་སྟེང་ཧྲཱིཿདམར་པོ་ལས་འོད་ཟེར་ཀུན་ཏུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉི་ཟླ་ལ་སོགས་པའི་ཚེ་དང་བསོད་ནམས་གཟི་བརྗིད་ཐམས་ཅད་བསྡུས་པས་རང་ལུས་གང་བར་བསམས་ཏེ། རླུང་ཁ་སྦྱར་ནས་ཐུགས་སྲོག་ལ་ཡིད་བཟླས་བྱ། ཐུན་བསྡུ་བ་ན་སྣོད་བཅུད་འོད་དུ་ཞུ་བའི་དྭངས་མ་ཧྲཱིཿཡིག་ལ་བསྡུས་པས་རྡོ་རྗེའི་སྲོག་ཐོབ་པར་བསམ་ལ་དགེ་བ་བསྔོ་བར་བྱའོ། །གཉིས་པ་ཁྲུས་ཆོག་འབྲེལ་བར་གཤིན་པོ་ལ་ལམ་བསྟན་བྱེད་ན། ཁྲུས་བུམ་དུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་རལ་གྲི་དང་དྲིལ་བུ་འཛིན་པ་བསྐྱེད་ལ། ཏྲཱཾ་ཨ་གརྦྷ་ཡ་སརྦ་དུརྒ་ཏེ་སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ལ་མཐར་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་ཞུ་བྱའོ། །རང་གཞན་གང་གི་དོན་ཡིན་ཡང༌། འདི་ནི་ཚོགས་བསགས་པ་དང་ཞིང་ཁམས་སྦྱོང་བ་གཙོ་བོར་གྱུར་བའི་ལམ་ཡིན་པས་བཟླས་པ་བརྒྱ་འཁོར་རེའི་མཚམས་སུ་ཡན་ལག་བདུན། ཨོཾ་ཨཱ་ཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བ་དང་བཟང་སྤྱོད་སྦྲེལ་ནས་གྲངས་གསོག་བྱ་ལ་གསོན་གཤིན་གཉིས་ཀའི་དོན་ལ་འདྲའོ། །གཤིན་པོ་ལ་ལམ་བསྟན་གྱི་ཚེ་དང་པོ་རྟེན་ལ་རྣམ་ཤེས་དགུག་པ་ནི། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ནྲི་ཡོངས་སུ་གྱུར་པ་ལས་ཚེ་འདས་ཀྱི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་གསོན་གྱི་གནས་སྐབས་ཇི་ལྟ་བར་གྱུར།


JLAZ010_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང༌། དཀོན་མཆོག་གསུམ་གྱི་བདེན་པ་དང༌། ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པའི་བདེན་པ་དང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པའི་བདེན་པ་དང༌། ཐུགས་བསྐྱེད་དང་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་བྱིན་རླབས་ལ་བརྟེན་ནས་ཚེ་ལས་འདས་པ་ཆྒཻ་མོའི་རྣམ་པར་ཤེས་པ་འགྲོ་བ་རིགས་དྲུག་སྲིད་པ་བར་དོ་གང་ན་གནས་ཀྱང་རྟེན་འདི་ལ་མཆིས་པར་གྱུར་ཅིག །ལན་གསུམ། གཉིས་པ་བགེགས་ལ་གཏོར་མ་སྦྱིན་པ་ནི། ཨོཾ་སརྦ་བིགྷ་ནན་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ཚེ་ལས་འདས་པའི་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་རྣམས་གཏོར་མ་འདིས་བརྔན་གྱིས་ལ་སོང་ཞིག །ལན་གསུམ། ཏིང་ལོ་ཆང་བུ་དང་བཅས་བསྐོར་ཞིང༌། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃཿགྲྀ་ཧྞཱ་གྲྀ་ཧྞཱ་ཧཱུྃཿགྲྀ་ཧྞཱ་པཱ་ཡ་གྲྀ་ཧྞཱ་པཱ་ཡ་ཧཱུྃཿཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛ་ཡ་ཧཱུྃ་ཕཊཿཏིང་ལོས་སྣང་བ་དང་ཆངས་བུས་བཟའ་བ་གྱིས་ལ་སོང་ཞིག །གསུམ་པ་མཚམས་བཅད་པ་ནི། མེའི་རྒྱ་བསྟན་ཏེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་རཎྞ་ཧཱུྃ་ཕཊཿབཞི་པ་སྡིག་པ་སྦྱོང་བ་ལ་ལྔ་ལས། དང་པོ་རིག་སྔགས་ཀྱིས་སྦྱོང་བ་ནི་རྣམ་རྒྱལ་མའི་རྩ་རིགས་ཡིག་བརྒྱ་སོགས་བཟླས་པའི་བྱེ་མ་དང་


JLAZ010_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར་གྱིས་བྲབ་ཅིང༌། ཨོཾ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨཱ་ཨཱ་ཝ་ར་ནི་བི་ཤུདྡྷེ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་ཝཱ་ཏེ་སརྦ་དུརྒ་ཏེ་པ་རི་ཤྭ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བྷུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤྭ་དྷ་ནི་ཤྭ་དྷུ་ནི། བི་ཤྭ་དྷ་ནི་བི་ཤྭ་དྷ་ནི། སརྦ་པཱ་པཾ་བི་ཤྭ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨཱ་ཨ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཨོ་སརྦ་བིདྱཱ་སརྦ་ཨཱ་ཝ་ར་ཎ་བི་ཤྭ་དྷ་ཡ་ཧ་ན་ཧཱུྃ་ཕཊཿཨོཾ་སརྦ་བིད་ཧཱུྃ། ཨོཾ་སརྦ་བིད་ཕཊཿཨོཾ་སརྦ་བིད་ཨཱཿཨོཾ་སརྦ་བིད་ཏྲཊཿཨོཾ་སརྦ་བིད་ཨོཾཿཨོཾ་སརྦ་བིད་སྭཱཿཨོཾ་སརྦ་བིད་ཨཱཿཨོཾ་སརྦ་བིད་ཧཱུྃཿཨོཾ་སརྦ་བིད་ཏྲཊཿཨོཾ་ཤཿཨོཾ་བྷཿརིག་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས་ཚེ་ལས་འདས་པའི་སྡིག་སྒྲིབ་དང་ངན་སོང་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་གང་མང་བརྗོད། གཉིས་པ་བུམ་ཆུས་མེ་ལོང་ངོས་སམ། རུས་བུ་སོགས་ལ་དངོས་སུ་བཀྲུ་ཤིང༌། འོད་དཔག་མེད་མགོན་སྨོན་ལམ་དང༌། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །སྦྱིན་པའི་ཆུ་བོ་ལ་བརྟེན་ནས། །སེར་སྣའི་རྒྱུ་འབྲས་དག་པར་ཤོག །ཨོཾ་ཨ་མི་ཏེ་ཨ་མི་ཏེ། ཨ་མི་ཏོད་བྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲནྟེ། ཨ་མི་ཏ་བི་ཀྲནྟེ་ག་མི་ནི་སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་ར་སྭཱ་ཧཱ། ནམཿ ས་མནྟ་བུདྡྷཱ་ནཱཾ། ཨཱ་ཀ་ཤ་ས་མ་


JLAZ010_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ནུ་ག་ཏ་པི་ཙི་ཏྲཾ་བ་ར་དྷ་ར་སྭཱ་ཧཱ། སྤྱན་རས་གཟིགས་ཀྱི་སྙིང་རྗེ་དང༌། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །ཚུལ་ཁྲིམས་ཆུ་བོ་ལ་བརྟེན་ནས། །ཁྲིམས་འཆལ་རྒྱུ་འབྲས་དག་པར་ཤོག །ན་མཿ ས་མནྟ་བུདྡྷཱ་ནཱཾཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཀཱ་རུ་ཎ་མཱ་ལ་ར་ར་ར་ཧཱུྃ་ཛ་སྭཱ་ཧཱ། མཐུ་ཆེན་ཐོབ་པའི་ནུས་སྟོབས་དང༌། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །བཟོད་པའི་ཆུ་བོ་ལ་བརྟེན་ནས། །ཁོང་ཁྲོའི་རྒྱུ་འབྲས་དག་པར་ཤོག །ན་མཿ ས་མནྟ་བུདྡྷ་ནཱཾ་ཛིཾ་ཛིཾ་སྭཱ་ཧཱ། སྒྲིབ་པ་རྣམ་སེལ་བྱིན་རླབས་དང༌། ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས༌། །བརྩོན་འགྲུས་ཆུ་བོ་ལ་བརྟེན་ནས། །ལེ་ལོའི་རྒྱུ་འབྲས་དག་པར་ཤོག །ན་མཿ ས་མནྟ་བུདྡྷ་ནཱཾ། ཨཥྟ་ས་ཏྭ་ཧི་ཏ་ཨ་བྷྱ་ག་ཏ་ཏཾ་ཏཾ་རཾ་རཾ་སྭཱ་ཧཱ། བྱམས་པ་དང་ནི་སའི་སྙིང་པོ། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །བསམ་གཏན་ཆུ་བོ་ལ་བརྟེན་ནས། །རྣམ་གཡེང་རྒྱུ་འབྲས་དག་པར་ཤོག །ན་མཿ ས་མནྟ་བུདྡྷ་ནཱཾ། ཨ་ཛི་ཏཉྫ་ཡ་སརྦ་ཏྭ་ཤ་ཡ་ཨ་ནུ་ག་ཏ་སྭཱ་ཧཱ། ཧ་ཧ་ཧ་བུ་ན་ཏ་ནུ་སྭཱ་


JLAZ010_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། འཇམ་དཔལ་དབྱངས་དང་ཀུན་ཏུ་བཟང༌། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །ཤེས་རབ་ཆུ་བོ་ལ་བརྟེན་ནས། །རྨོངས་པའི་དྲི་མ་དག་པར་ཤོག །ན་མཿ ས་མནྟ་བུདྡྷ་ནཱཾ། ཧེ་ཧེ་ཀུ་མ་རཱ་ཀ་ནི་མུགྟེ་པ་ཐ་པ་ཐ་ཏ་སྨ་ར་སྨ་ར་པྲ་ཏི་ཛྙཱ་ན་སྭཱ་ཧཱ། ས་མནྟ་ནུ་ཀ་ཏ་བི་རཱ་ག་དྷརྨཱ་ནི་རཱ་ཛ་ཏ་མ་ཧཱ་མ་ཧཱ་སྭཱ་ཧཱ། གསུམ་པ་མཆོག་གསུམ་གྱི་བདེན་པས་སྦྱོང་བ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །བཅོམ་ལྡན་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་བཅོམ་མོ། །བཞི་པ་འབྱུང་བཞིའི་དུག་སྦྱོང་བ་ནི། སོ་སོའི་སྟེང་དུ་ཀུ་ཤས་དབྱུང་བའི་ཚུལ་དུ༌། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན༌། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ས་ཡི་ནང་དུ་སོང༌། །ཆུ་ནི་དུག་གི་ཕ་ཡིན་ཏེ། །ཆུ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ཆུ་ཡི་ནང་དུ་སོང༌། །མེ་ནི་དུག་གི་ཕ་ཡིན་ཏེ། །མེ་ནི་དུག་གི་མ་ཡང་ཡིན། །


JLAZ010_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་མེ་ཡི་ནང་དུ་སོང༌། །རླུང་ནི་དུག་གི་ཕ་ཡིན་ཏེ། རླུང་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་རླུང་གི་ནང་དུ་སོང༌། །ལྔ་པ་ཤིས་པ་བརྗོད་པ་ནི། བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་རྣམས་དྲུག་པོ་གཡོས་གྱུར་ཅིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་ཞིང༌། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། ཐམས་ཅད་ཆོས་ཀྱི་ཕམ་མཛད་ཅིང༌། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །དེ་ནས་ཟས་བསྔོ་བ་ནི། བཟའ་བཏུང་གྱ་ནོམ་པ་དང༌། དྲི་བསུང་ཞིམ་པོའང་སྦྱང་ལ། ཨ་ཀཱ་རོས་བསྔོས་ལ། འགྲོ་བ་གང་དག་སྔ་མའི་ལུས་རྟེན་བོར་ཕྱི་མའི་ལུས་མ་རྙེད། སྲིད་པ་བར་དོར་ཉམ་ང་བའི་འཕྲང་ལ་སྐྱབས་དང་སྐྱོབ་པ་མེད་པ། མགོན་དང་དཔུང་གཉེན་བྲལ་བ། མིང་བཞི་འདུས་པའི་ཕུང་པོ། ཚོར་བ་སྡུག་བསྔལ་གྱི་རང་བཞིན། འཇིགས་སྐྲག་འཁྲུལ་སྣང་གིས་མནར་བ་གར་འགྲོའི་གཏད་པ་དང་བྲལ་བའི་བར་དོའི་སེམས་ཅན་ཆྒཻ་མོས་གཙོ་བྱས་པ་རྣམས་ལ་འབུལ་ལོ། །


JLAZ010_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བར་དོའི་སྡུག་བསྔལ་དང་བྲལ་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང༌། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འགྲུབ་གྱུར་ཅིག །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུམ་པ་རྗེས་ཀྱི་རིམ་པ་ལ་ལྔ་ལས། དང་པོ་བཤགས་པ་དང་འབྲེལ་བར་ཐུགས་རྗེ་བསྐུལ་བ་ནི། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཐུགས་རྗེ་ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་ཡིན་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །བདག་གི་དཀོན་མཆོག་གསུམ་དང་ནི། །ཕ་


JLAZ010_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་ངག་དང༌། །ཡིད་ཀྱིས་གནོད་བགྱིས་གང་ལགས་དང༌། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ཅན་བདག་གི་སྡིག་པ་གང༌། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམ་ལ་བཤགས། །བདག་གི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་འཆི། །དེ་བས་འདི་ལས་ངེས་ཐར་བྱ། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་ཀྱི་ཀྱང༌། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཐམས་ཅད་བོར་ཏེ་ཆ་དགོས་པར། །བདག་གིས་དེ་ལྟར་མ་ཤེས་པས། །མཛའ་དང་མི་མཛའི་དོན་གྱིས་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མི་མཛའ་རྣམས་ཀྱང་མེད་འགྱུར་ཞིང༌། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དངོས་པོ་གང་དང་གང་སྤྱད་པ། །དེ་དེ་དྲན་པའི་ཡུལ་དུ་འགྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར། །རེ་ཞིག་གསོན་ཚེ་འདི་ཉིད་ལ། །མཛའ་དང་མི་མཛའ་དུ་མ་འདས། །དེ་དག་དོན་དུ་བྱས་པའི་སྡིག །མི་བཟད་གང་ཡིན་མདུན་ན་གནས། །དེ་ལྟར་བདག་ནི་


JLAZ010_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གློ་བུར་ཞེས། །བདག་གིས་རྟོགས་པར་མ་གྱུར་པས། །གཏི་མུག་ཆགས་དང་ཞེ་སྡང་གིས། །སྡིག་པ་རྣམ་པ་དུ་མ་བྱས། །ཉིན་མཚན་སྡོད་ས་ཡོད་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌། །བསྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་ཀྱིས་མཐའ་བསྐོར་ཀྱང༌། །སྲོག་འཆད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་སྐྱབས་གཅིག་པ། །དེ་ཡང་བདག་གིས་མ་བསྟེན་ཏོ། །མགོན་པོ་བག་མེད་བདག་གིས་ནི། །འཇིགས་པ་འདི་འདྲ་མ་འཚལ་ནས། །མི་རྟག་ཚེ་འདིའི་ཆེད་དག་ཏུ། །སྡིག་པ་མང་པོ་ཉེ་བར་བསྒྲུབས། །སྐྱེ་བོ་ཡན་ལག་བཅད་པའི་སར། །དེ་རིང་ཁྲིད་པའང་བྲེད་གྱུར་ཏེ། །ཁ་སྐམ་མིག་རྩ་ངན་ལ་སོགས། །སྔ་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་འགྱུར་ཞིང༌། །འཇིགས་ཆེན་ནད་ཀྱིས་ཐེམས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་


JLAZ010_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་བ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་པས། །ཀུན་ཏུ་བཟང་ལ་བདག་ཉིད་དབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གིས་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །


JLAZ010_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་གཞན་དོན་ལ་ཚིག་ཕྲད་བསྒྱུར། དེ་ནས་སྦྱོང་བ་དང་འབྲེལ་ན་ལམ་བསྟན་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཁོར་བ་སྡུག་བསྔལ་ཅན་ཕུང་པོར། །འགྱུར་དང་འདུ་བྱེད་ཉིང་འཁྲུལ་ཅན། །ལས་ལ་སྐྱེ་ཞིང་ལས་ལ་བརྟེན། །དེ་ཕྱིར་དེ་ལ་མ་ཆགས་པར། །བླ་མ་དཀོན་མཆོག་རྣམས་ཀྱི་མཐུ། །དད་པའི་ཡུལ་ལ་ཤིན་ཏུ་སྣང༌། །མོས་གུས་བསྐྱེད་ཅིག་རིགས་ཀྱི་བུ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་ཞིང་ཁམས་ཡོད༌། །མགོན་པོ་འོད་དཔག་མེད་པ་བཞུགས། །གང་ཞིག་ཡིད་ལ་དྲན་པའི་མོད། །ཁྱེད་ཀྱང་དེ་རུ་ཕྱིན་འགྱུར་བས། །མགོན་པོ་དེ་ཡི་མཚན་ཟུང་ལ། །ཡིད་གཉིས་སྤོངས་ལ་དེར་གཤེགས་ཤིག །སྦྱང་བྱའི་རྣམ་ཤེས་ཧཱུྃ་གི་རྣམ་པ་བདེ་བ་ཅན་དུ་འཕངས་པའི་དེ་མ་ཐག་བྱང་བུ་བསྲེག་ཅིང༌། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །སོགས་ཀྱིས་སྨོན་ལམ་བཏབ། གཉིས་པ་ཐུན་མཚམས་ཀྱི་རྣལ་འབྱོར་ནི། སྔགས་སྤྱིའི་བསྐྱེད་རིམ་ལྟར་རྟག་ཆད་ཀྱི་མཐའ་བསལ་བའི་དོན་


JLAZ010_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་མི་དགོས་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་ནི་ད་ལྟ་འཚོ་ཞིང་གཞེས་པའི་སངས་རྒྱས་ཀྱི་ཞིང་ཡིན་པས་རྣམ་པ་ཐམས་ཅད་དུ་དེ་སྒོམ་ཞིང་ཡིད་ལ་བྱེད་པ་དང་མི་འབྲལ་བས་ཐ་མལ་གྱི་སྣང་བ་ཞིང་ཁམས་སུ་གོམས་པ་ལ་སློབ་པའི་ཚུལ། གང་ཞིག་སྟོན་པའི་མདོ་སྡེ་ལས། ཀུན་དགའ་བོ་གང་དག་ཡང་དེ་བཞིན་གཤེགས་པ་དེ་ཡིད་ལ་བྱེད་ཅིང་དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུད་དུ་བསྐྱེད་ལ་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཡང་དག་པར་གཏོད་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེའི་ཁ་དོག་དང༌། དབྱིངས་དང༌། ཆུ་ཞིང་དང། ཞབས་འབྲིང་བ་དགེ་སློང་གི་དགེ་འདུན་ནི་འདྲ་བས་སངས་རྒྱས་ཀྱི་སྤྲུལ་པ་དག་མདུན་དུ་གནས་པར་གྱུར་ཏེ། དེ་དག་དེ་བཞིན་གཤེགས་པ་མཐོང་བའི་རབ་ཏུ་དང་བ་ལ་དམིགས་པའི་ཏིང་ངེ་འཛིན་དེ་དང་བརྗོད་པ་མེད་པའི་དྲན་པས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་སོ། །དེ་བས་ན་དགེ་སློང་ཆོས་ཀྱི་འབྱུང་གནས་སྨོན་ལམ་ཕུན་ཚོགས་པ་དེའི་དམ་བཅའ་བསྐུལ་བའི་ཕྱིར། གལ་ཏེ་བདག་གིས་བྱང་ཆུབ་ཐོབ་ཚེ་སྨོན་ལམ་མཆོག །ཁྱད་པར་འཕགས་པ་རྣམ་པ་འདི་འདྲར་མ་གྱུར་ན། །སྟོབས་བཅུ་མངའ་བ་མཚུངས་པ་མ་མཆིས་སྦྱིན་པའི་གནས། །མི་ཡི་སེང་གེ་སེམས་ཅན་སྙིང་པོར་བདག་མ་གྱུར། །སེམས་ཅན་གང་དག་ང་ཡི་མིང་ཐོས་ནས། །ང་ཡི་ཞིང་དུ་རྟག་ཏུ་འོང་


JLAZ010_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང༌། །དེ་དག་ང་ཡི་ཞིང་དུ་ལྷགས་ནས་ནི། །དེ་དག་སྐྱེ་བ་གཅིག་ལས་ཕྱིར་མི་ལྡོག །དེ་ཕྱིར་བྱང་ཆུབ་སེམས་དཔའ་གང་ཞིག་འདིར། །བདག་གི་ཞིང་ཡང་འདི་འདྲར་གྱུར་པ་དང༌། །བདག་གི་སྒྲ་དང་མིང་དང་ལྟ་བས་ཀྱང༌། །སེམས་ཅན་མང་པོ་གྲོལ་བར་བྱ་ཞེས་པའི། །བདེན་པའི་གསུང་ལ་ཡིད་གཉིས་གནས་མེད་ན། །ཚེ་འདིའི་འདུ་བྱེད་སྟོངས་པར་ཕྱོགས་པའི་ཚེ། །འོད་ནི་དཔག་མེད་གཟི་བརྗིད་དཔག་མེད་པ། །སྐུ་ཚེ་དཔག་མེད་དགེ་འདུན་དཔག་མེད་པ། །བྱང་ཆུབ་སེམས་དཔས་བསྐོར་ཞིང་མཛེས་གྱུར་བའི། །སངས་རྒྱས་བསོད་ནམས་ཕུང་པོ་མཐོང་བར་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །གསུམ་པ་བསྔོ་བ་ནི། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེད་གྱུར་ཅིག །རྣམ་སྣང་མངོན་བྱས་ལས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཐམས་ཅད་ནད་ཀྱང་མེད་པར་ཤོག །ཡང་ན་དེ་བཞིན་


JLAZ010_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་བསྔགས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཡང་ན་སེམས་ཅན་ཐམས་ཅད་ཀྱང༌། །རེ་བ་ཐམས་ཅད་ཡོངས་རྫོགས་པ། །སྒྲིབ་པ་མེད་པའི་ཚུལ་གྱིས་སུ། །མ་ཐོགས་པར་ནི་འགྲུབ་པར་ཤོག །དུད་འགྲོ་གཅིག་ལ་གཅིག་ཟ་བའི། །སྡུག་བསྔལ་ནམ་ཡང་འབྱུང་མ་གྱུར། །ཡི་དྭགས་རྣམས་ལ་ཟས་སྐོམས་སོགས། །ཐོགས་པ་མེད་པར་འབྱུང་བར་ཤོག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང༌། །མི་བཟད་རྣམ་པ་སྣ་ཚོགས་པ། །བདག་གི་བསོད་ནམས་མཐུ་ཡིས་ནི། །དེ་དག་མྱུར་དུ་ཞི་བར་གྱུར། །སེམས་ཅན་སྡུག་བསྔལ་ཐམས་ཅད་ལས། །སྙིང་རྗེ་ཆེན་པོ་སྐྱེས་ནས་ནི། །བསྒྲུབས་པ་དེ་དང་གཞན་དག་ཀྱང༌། །དེས་ནི་ཡང་དང་ཡང་དུ་བསམས། །ཇི་ལྟར་བསམ་པ་འགྲུབ་པར་ཤོག །བཞི་པ་བཀྲ་ཤིས་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་སོགས་བརྗོད། ལྔ་པ་ཕན་ཡོན་ནི། འོད་མདོ་ལས། གང་གིས་ཕྲ་རབ་རྡུལ་གྱི་འཇིག་རྟེན་ཁམས། །བཤིག་ཅིང་བཏགས་ཏེ་རྡུལ་དུ་བྱས་གྱུར་པར། །དེ་བས་མང་བའི་འཇིག་རྟེན་རྣམས་ཀྱི་ཁམས། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་ལས། །གང་གིས་འོད་དཔག་མེད་པའི་འོད་མཚན་དང༌། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡིས་ཆར་ཡང་འགྱུར་མ་ཡིན། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་དེའི། །


JLAZ010_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ཐོས་ནས་མགུ་དང་དད་བསྐྱེད་ལ། བདེ་བ་ཅན་གྱི་འཇིགས་རྟེན་ཁམས་མཆོག་ཏུ། །འགྲོ་བར་བྱ་ཕྱིར་མོས་པ་དྲག་པོ་བསྐྱེད། །གང་གིས་བདེ་བ་ཅན་གྱི་འཇིག་རྟེན་ཀྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །ཞེས་དང༌། ཀུན་དགའ་བོ་ལོངས་ལ་ནུབ་ཕྱོགས་སུ་ཕྱོགས་ཏེ། མེ་ཏོག་གཏོར་ལ་ཐལ་མོ་སྦྱར་ཏེ། གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡག་དག་པ་རྫོགས་པའི་སངས་རྒྱས་འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཤིང་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་པའི་ཕྱོགས་དེར་ཕྱག་འཚོལ་ཞིག །དེ་ཡི་མཚན་ཡང་སྒྲིབ་པ་མེད་པར་ཕྱོགས་བཅུར་གྲགས་ཏེ། ཕྱོགས་རེ་རེ་ན་ཡངས་སངས་རྒྱས་བཅོམ་ལྡན་འདས་གསུང་ཆགས་པ་མི་མངའ་ཞིང་གསུང་ཐོགས་པ་མི་མངའ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ལན་འགའ་མ་ཡིན་པར་བསྔགས་པ་བརྗོད་ཅིང་བསྟོད་དེ་སྙན་པ་གསུངས་སོ། །ཞེས་སོགས་རྒྱ་ཆེར་ཡོད་པས་འདི་ཁོ་ན་ལ་བརྩོན་པར་བྱའོ། །མདོ་ལས་ཆོ་ག་དངོས་བསྟན་གབ་ན་ཡང༌། །དོན་ལ་རྟོན་པ་རྒྱལ་བའི་ཕྲིན་ལས་ཕྱིར། །སྡོམ་པའི་ཀུན་སྤྱོད་མཚུངས་པ་ཡོ་ག་ལྟར། །བཀྲོལ་བས་སེམས་ཅན་ཀུན་ལ་སྨན་གྱུར་ཅིག །ཅེས་པའང་མདོ་ཁམས་པ་འཇིགས་མེད་ཕྲིན་འོད་ཟེར་གྱིས་ནན་ཏན་ཆེན་པོས་བསྐུལ་བའི་ངོར་རང་བྱུང་རྡོ་རྗེས་དཔལ་ལྡན་ཚེ་རིང་ལྗོངས་སུ་སྦྱར་བའོ།། །།


previousབདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ།next