Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་བསྙེན་ཡིག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་བསྙེན་ཡིག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས།next

ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་བསྙེན་ཡིག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས།


JLAZ010_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་བསྙེན་ཡིག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས་བཞུགས། བླ་མ་དང་རྒྱལ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་ཕྱག་འཚལ་ལོཿགདོད་མའི་མགོན་པོ་ཀློང་ཆེན་སྒྱུ་མའི་འཕྲུལ། །ནམ་མཁའི་རྣལ་འབྱོར་ཆེན་པོ་ཐིག་ལེའི་གཟུགས། །རོ་གཅིག་དོན་དམ་བདེ་བའི་རང་ཞལ་མཆོག །སྙིང་དབུས་མི་ཤིགས་རྡོ་རྗེའི་ཆོས་སུ་བསྟེན། །འདིར་རིག་འཛིན་ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་བསྙེན་སྒྲུབ་ལ་འཇུག་པར་འགལ་རྐྱེན་མེད་པའི་གནས་སུ་བསྒྲུབ་པའི་གཞི་བཟུང་བའི་སྔོན་རོལ་དུ་གཞི་དེའི་གཉུག་མར་གནས་པ་ལ་གྲུབ་ན་ཆ་གསུམ་དང༌། མིན་ནའང་གཏོར་མ་གསེར་སྐྱེམས་དང་བཅས་པ་བཤམས་པ་ཨ་ཀཱ་རོས་བསྔོས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་པས་བཀའ་བསྒོས་ཤིང་ཕྲིན་ལས་བཅོལ། སྟེགས་གཙང་མའི་ཁར་མེ་ལོང་ལ་བདུད་རྩི་ལྔ་དང་ཆང་གིས་སྦགས་པའི་སིནྡྷུ་རའི་དཀྱིལ་འཁོར་དབུས་སུ་ཆོས་འབྱུང་བསྣོལ་མ་དང༌། དེའི་མཐར་པད་འདབ་སོ་གཉིས་དུར་ཁྲོད་རྡོ་རྭ་མེ་རིས་བསྐོར་བའི་དབུས་སུ་ཤེལ་རྡོ་བཙུགས་པ་བཀོད། མ་གྲུབ་ན་གཏོར་མ་གཅིག་པོས་ཀྱང་རུང༌། །མཐའ་སྐོར་དུ་སྨན་གཏོར་རཀྟ་ཉེར་སྤྱོད་རྣམས་བཤམ། སྟན་བདེ་བ་ལ་འདུག་སྟེ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་བ་དང༌། བླ་མའི་རྣལ་འབྱོར་དབང་བཞི་ལེན་པ་དང་བཅས་པས་གསོལ་བ་གདབ། དེ་ནས་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སེམས་བསྐྱེད་རྣམས་ཚིག་དོན་ལ་ཡིད་གཞོལ་བས་བྱ། བགེགས་གཏོར་


JLAZ010_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་དུ་དོར་ཏེ་རྒྱལ་ཐོ་བཙུགས་ལ་རྒྱལ་ཆེན་སྡེ་བཞི་དཔལ་མགོན་བདུན་ཅུའི་དཔུང་དང་བཅས་པ་གསལ་བ་ལ་གཏོར་མ་བཤམས་པ་བསྔོས་ཏེ་བར་གཅོད་བསྲུང་བའི་ཕྲིན་ལས་བཅོལ། བརྟན་བཞུགས་བྱ། དེ་ནས་བཟུང་སྟེ་ཕྱི་ནང་རྒྱུ་འགྲུལ་སོགས་མཚམས་དམ་དུ་བཅད། ནང་དུ་ལོག་ནས་སྲུང་འཁོར་ལེགས་པར་སྒོམ། དེ་ནས་གནས་ཡོ་བྱིན་འབེབས་མཆོད་རྫས་རློབ་པ་རྣམས་དམིགས་འདོན་ཟུང་དུ་འཇུག་པར་བྱ། བསྐྱེད་རིམ་ལ་བབས་པ་ན། ཆོས་ཐམས་ཅད་མ་བསྐྱེད་ཡེ་ནས་རྫོགས་པ་རྣམ་བྱང་ཆེན་པོའི་བསྐྱེད་རིམ་དུ་ལྡང་བ་ནི། ཨཱཿསྟོང་པ་ཉིད་དང་ལ་སོགས་པའི་ཚིག་དོན་གྱི་གསལ་གདབ་བ་སྟེ། འདི་ལྟར་སྣང་སྲིད་དག་པ་རབ་འབྱམས་ཀུན་ཏུ་བཟང་མོ་རྡོ་རྗེ་བཙུན་མོའི་མཁའ་ཀློང་རྣམ་ཐར་གསུམ་ལྡན་གྱི་ངོ་བོ་རྣམ་པ་བདེ་ཆེན་ཆོས་ཀྱི་འབྱུང་གནས་གཞི་ལམ་འབྲས་བུའི་ངོ་བོར་རྫོགས་པ་ཨེ་ཀློང་བསྣོལ་མ་ཕྱི་འཁོར་པད་འདབ་སོ་གཉིས་སྲུང་བའི་འཁོར་ལོ་དང་བཅས་པ་གསལ་བའི་དབུས་ཡིད་དང་ཆོས་སུ་རྟོགས་པའི་སྣང་ཆ་ཐམས་ཅད་གདོད་ནས་ལྷའི་རང་བཞིན་རྡོ་རྗེ་བདག་མེད་སེང་གེའི་གདོང་པ་ཅན་ཕྱག་རྒྱ་རྟགས་ཀྱི་ལྷ་སྐུའི་ངོ་བོ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་སྐུ་གདན་དང་བཅས་བ་གསལ་ཞིང༌། དེ་ཡང་ལྷར་སྣང་ཕྱག་ཆེན། རྒྱན་དྲུག་ཆོས་རྒྱ། ཕྱག་རྒྱ་ལྔ་དམ་རྒྱ། ཕྱག་མཚན་ལས་རྒྱ་སྟེ་ཕྱག་རྒྱ་བཞི་ལྡན་དང༌། ཆོས་འབྱུང་གི་ཟུར་དྲུག་ལ་དབང་ཡུལ་སྐྱེ་མཆེད་གནས་སུ་དག་པའི་ཕྲ་མེན་ནག་མོ་བྱ་ལོང་གདོང་ཅན་ལ་སོགས་པ་དྲུག །ཕྱི་འཁོར་གྱི་པད་འདབ་ལ་མཁའ་འགྲོ་འཇོམ་བྱེད་མ་ལ་སོགས་པའི་མཁའ་འགྲོ་སོ་གཉིས་


JLAZ010_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞིང་སྐྱོང་བའི་གིང་དང་ལངྐ་དབང་ཕྱུག་ཉེར་བརྒྱད་བརྟན་མའི་ཚོགས་དང་བཅས་པ་རྣམས་ནི་མ་བསྐྱེད་རང་བཞིན་ཡོངས་གྲུབ་ཆེན་པོའི་དཀྱིལ་འཁོར་དམ་ཡེ་གཉིས་མེད་ཆེན་པོར་གསལ་བཏབ་སྟེ་རྣམ་པ་འཇིག་རྟེན་གྱི་སྲིད་ཞུ་དང་སྒོ་བསྟུན་པའི་སྤྱན་འདྲེན་མཆོད་བསྟོད་རྣམས་ཚིག་ཕྱིར་ཡིད་ཕྱོགས་པར་བྱ། དེ་ནས་བཟླས་པ་ལ་འཇུག་པ་ཛ྄བ་དགོངས་ནི། གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ཀྱི་སྟེང་དུ་ཧཱུྃ་མཐིང་ནག་དེའི་མཐར་བཛྲ་སེང་ཧ་མུ་ཁའི་བསྙེན་སྔགས་ཡིག་འབྲུ་བཅུ་གཅིག་པའི་སྔགས་ཕྲེང་གཡས་སུ་འཁོར་བར་བསམས་ལ་བཟླས་པ་བྱ། དེ་ཡང་ལས་དང་པོ་པ་རྣམས་ཀྱིས་ལྷ་སྐུའི་རྣམ་པ་ཐམས་ཅད་པ་ཅིག་ཅར་ཡིད་ཡུལ་དུ་མི་ལྷོངས་པས་ཐོག་མར་གཙོ་བོའི་རྣམ་པ་གསལ་བར་བསྒོམ། དེ་ཡང་མི་བདེ་ན་བྲིས་སྐུ་སོགས་ལ་བལྟས་ཏེ་དེ་ཡིད་ཡུལ་དུ་ལོངས་བ་དང་རྣམ་པ་གསལ་བ་ལ་བསླབ། དེ་ལ་ཅུང་ཟད་གོམས་པ་བརྟེན་ནས་རིམ་བཞིན་འཁོར་རྣམས་ཀྱང་གསལ་བར་བསྒོམ། ཕྱི་འཁོར་པད་འདབ་ཀྱི་ལྷ་གཞུང་དུ་མངོན་རྟོགས་མི་གསལ་བ་རྣམས་ནི་སྐུ་མདོག་དང་ཕྱག་མཚན་གཅིག་ཏུ་མ་ངེས་ཤིང་རྣམ་པར་འགྱུར་བའི་ཆ་ལུགས་ཅན་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསལ་ལ་འགོག་བཟླས་དང་ཤུབ་བུ་སྤེལ་བའི་བཟླས་པ་བྱ། རེས་འགའ་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་མུ་མཐའ་མེད་པར་འཕྲོས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ། ཡང་འཕྲོས་འགྲོ་བའི་ལས་དང་ཉོན་མོངས་པའི་རྒྱུ་འབྲས་ཐམས་ཅད་སྦྱངས། སངས་རྒྱས་


JLAZ010_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གོ་འཕང་ལ་བཀོད་དེ་དེ་དག་ཀྱང་སྔགས་ཀྱི་སྒྲ་དང་ཆོས་ཉིད་ཀྱི་ཟེར་བསམ་གྱིས་མི་ཁྱབ་པར་སྤྲོ་བར་བསམ་ལ་བཟླས་པ་བྱ། བསྙེན་ཚད་ནི་ལས་རུང་ལ་འབུམ་ཕྲག་བཅུ་གཅིག །དུས་བསྙེན་ལ་དེའི་བཞི་འགྱུར་རོ། །བསྙེན་པ་ཐེམ་ནས་སྒྲུབ་པའི་དམིགས་བཟླས་ཀྱི་ཁྱད་པར་ནི། གཙོ་བོའི་ཐུགས་སྲོག་གི་མཐར་ཡིག་འབྲུ་བཅུ་བཞི་པའི་སྔགས་ཕྲེང་གཡོན་བསྐོར་མགལ་གྱི་མེ་སྟག་འཕྲོ་བ་ལྟ་བུར་འཕྲོ་བར་བསམ་ལ་ཡིག་འབྲུ་བཅུ་བཞི་པ་བཟླ་ཞིང་བསྐྱེད་རིམ་གསལ་བ་དང་འོད་ཟེར་སྤྲོ་བསྡུ་བྱེད་པ་གོང་དང་འདྲ། ཐུན་མཚམས་ཚོར་སྲུང་ཟློག་གུད་དུ་ཕྱུང་བའི་དམིགས་གནད་དང་ལྡན་པས་སྔགས་དུམ་རེ་བཟླས་མཐར་བདེན་སྟོབས་བརྗོད་ལ་ཐལ་མོ་བརྡབ། ཡིག་འབྲུ་བཅུ་བཞི་པ་གྲངས་བསྙེན་ལ་འབུམ་ཕྲག་བཅུ་བཞི། དུས་བསྙེན་ལ་དེའི་བཞི་འགྱུར་རོ། །མཚན་མའི་བསྙེན་པ་ནི་རྟགས་མཐོང་གི་བར་དུ་སྟེ་བསྐྱེད་རིམ་རྣམ་གཞག་སོགས་སུ་གསལ་བ་བཞིན་བར་ཆད་དང་མ་འདྲེས་པའི་མཚན་མ་བརྟན་པོ་མཐོང་ན་སྒྲུབ་པའི་ཞག་དུས་མ་རྫོགས་ཀྱང་དེ་མ་ཐག་པར་དངོས་གྲུབ་བླང་བ་ཙམ་རེ་བྱ་ཞིང༌། སྨིན་པར་སློབ་པ་དག་གིས་ནི་རིག་འཛིན་གྱི་གབ་བྱང་ལས་བཤད་པ་ལྟར་ཐོབ་བྱའི་འབྲས་བུ་རིག་འཛིན་རྣམ་པ་བཞིའི་གོ་འཕང་ལ་དོན་དུ་གཉེར་བའོ། །བསྙེན་སྒྲུབ་ཡན་ལག་བཞིའི་ངེས་པར་དབྱེ་ན་རང་གཞུང་དུ། གཙོ་ལ་སེམས་བཟུང་བསྙེན་པ་སྟེ། །གཙོ་འཁོར་ཡོངས་རྫོགས་ཉེ་བསྙེན་ནོ། །བཟླས་བརྗོད་བརྩོན་པ་སྒྲུབ་པ་སྟེ། །འོད་ཟེར་སྤྲོ་བསྡུ་སྒྲུབ་ཆེན་ནོ། །ཞེས་གཙོ་བོ་ལ་སེམས་འཛིན་ཐོབ་པ་བསྙེན་པ། གཙོ་འཁོར་ཡོངས་རྫོགས་ལ་གསལ་བརྟན་ཐོབ་པ་གཉེར་བསྙེན། བཟླས་བརྗོད་བརྩོན་ཞིང་སྒོམ་པ་ལ་བཟླ་བ་


JLAZ010_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ། འོད་ཟེར་སྤྲོ་བསྡུས་སྣོད་བཅུད་སྦྱངས་ཤིང་སྣང་ཞེན་ཆོས་ཉིད་དུ་སྦྱོང་བ་སྒྲུབ་པ་ཆེན་པོའི་ཕྲིན་ལས་སུ་བསྟན་པ་སྟེ། སྤྱིར་བསྙེན་པ་ནི། ཡུལ་གཉན་པོ་ལ་འདྲིས་གདགས་པ་ལྟ་བུའི་དཔེས་མཚོན་ནས་བསྙེན་བྱའི་ཡེ་ཤེས་དེ་ཉིད་རང་རྒྱུད་ལ་ཉེ་བར་བྱེད་པ་བསྙེན་པ། དེ་ལས་ཐུག་ཡིད་འདྲེས་པར་བྱེད་པ་ཉེ་བསྙེན། ཡེ་ཤེས་རང་དབང་དུ་བྱེད་པ་སྒྲུབ་པ། སྒྲུབ་པ་ཆེན་པོ་ནི་གཞན་དོན་གཙོ་བོར་གྱུར་བའི་ཕྲིན་ལས་རྣམ་པ་བཞི་བསྒྲུབ་པའི་ལས་དང་འབྲེལ་བ་ཡིན་ནོ། །བསྙེན་སྒྲུབ་གང་གི་ཚེ་ཡང་ཉིན་རེ་བཞིན་ཐུན་གྲངས་ཇི་ཙམ་བྱེད་པའི་ཐུན་ཐམས་ཅད་དུ་སྟོང་ཚིགས་ཀྱི་མཆོད་པ་དང་ཡིག་བརྒྱས་ཉེས་བྱས་བཤགས། སྲོད་ཐུན་གྱི་མཐར་ཚོགས་མཆོད། ཡུམ་ཀ་ལྟར་དང་ཆོས་སྲུང་སྤྱི་བྱེ་བྲག་པའི་གཏོར་བསྔོ་བྱ། ཐུན་བསྡུ་བའི་ཚེ་དག་པའི་སྣོད་བཅུད་ཐམས་ཅད་རིམ་གྱི་གཙོ་བོ་ལ་ཐིམ། དེ་ཡང་ཐུགས་སྲོག་ཧཱུྃ་གི་ནཱ་དའི་བར་བསྡུས་ནས་སྤྲོས་བྲལ་གྱི་ངང་ལ་མཉམ་པར་གཞག་པས་རྟག་མཐའ་གཞིག །རྗེས་ཐོབ་ལ་ཡོངས་གྲུབ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལམ་གྱིས་ལངས་ཏེ་ཆད་མཐའ་བསལ་ཞིང་སྣང་གྲགས་རིག་གསུམ་དཀྱིལ་འཁོར་གསུམ་གྱི་ངར་དང་མ་བྲལ་བས་རྒྱུན་གྱི་སྤྱོད་ལམ་ལ་འཇུག །ནུབ་མོ་ཉལ་བའི་ཚེ་ཉེར་བསྡུ་གྲུབ་ནས་དགེ་བ་བསྔོ་བ་སོགས་ཀྱི་མཐར་སླར་ཡང་སྲུང་འཁོར་ལེགས་པར་གསལ་བཏབ་ནས་ཐུགས་ཀའི་སྔགས་ཕྲེང་འཁོར་བ་ལ་སེམས་བཟུང་སྟེ་དེ་ཉིད་བཟླ་བཞིན་པར་ཉལ། ནངས་པར་ལྡང་བའི་རྣལ་འབྱོར་གྱི་ཚེ་བླ་མའི་རྣལ་འབྱོར་སོགས་སྔོན་འགྲོ་སྤྱི་བྱེ་བྲག་པ་ནས་བཟུང་བགེགས་གཏོར་མ་གཏོགས་འགྲོས་སྔར་བཞིན་བྱ། སྒྲུབ་པ་ཐོན་རྒྱུའི་ནངས་པར་གྱི་སྔ་དྲོའི་ཆར་མཆོད་གཏོར་གསར་དུ་བཤམ། ཚོགས་མཆོད་གཏང་


JLAZ010_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཀའི་ལས་བྱང་གི། བཞེངས་ཤིག་མཁའ་འགྲོ་འདུས་པའི་ལྷཿ སོགས་ཀྱིས་ཐུགས་དམ་བསྐུལ་ནས། མཁའ་འགྲོ་སྒྲུབ་པའི་དམ་ཚིག་ད་ནངས་ཐེམསཿ ཞེས་སོགས་ཀྱི་མཐར་སྒྲུབ་རྟེན་བཏེག་སྟེ་སྤྱི་བོར་གཏུགས། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་བ་སྤྱི་བོ་ནས་ཐིམ་པ་སྙིང་གའི་ཐིག་ལེ་ལ་འདུས་པས་མཆོག་ཐུན་གྱི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་བསམ། སླར་ཡང་གཏང་རག་གི་མཆོད་བསྟོད་དང་ཡི་གེ་བརྒྱ་པས་ནོངས་བཤགས་བྱ། བསྙེན་སྒྲུབ་ཁ་སྐོང་དུ་མེ་མཆོད་བྱེད་པར་སྤྲོ་ན་སྐབས་འདིར་རིག་འཛིན་ཡུམ་ཀའི་མེ་མཆོད་ཉིད་ལས་འདོན་པ་བསྒྱུར་ཏེ་སྲེགས་རྫས་རྣམས་རྩ་སྔགས་འབའ་ཞིག་གིས་འབུལ་ཞིང་རྗེས་ཐོགས་སུ་དངོས་གྲུབ་བླང་བའང་བྱ། དེ་རྗེས་ཆད་ཐོ་བརྟན་སྐྱོང་དགེ་བ་བསྔོ་བ། ཤིས་བརྗོད་སོགས་རྒྱས་པར་བྱ། དེ་ནས་རྒྱལ་ཆེན་ལ་གཏང་རག་གཏོང་སྟེ་གཤེགས་གསོལ་བྱས་ལ་མཚམས་ཐོ་འགྲོལ། རིམ་པས་བླ་མ་དང་མཆེད་གྲོགས་སོགས་ཐོག་མར་དམ་གཙང་དང་འཕྲད་ནས་མཚམས་ལས་སེང་བར་བྱའོ། །རང་ཉིད་ལ་འདི་ལྟར་འདྲི་བའི་ཉམས་མྱོང་གི་དྲི་མ་ཙམ་ཡང་མ་གོས་ཀྱང་དཔལ་ལྡིངས་རྗེ་བཙུན་དྲུང་གིས་ལེགས་སོའི་སྐྱེས་དང་བཅས་ཏེ་བཀའ་ནན་གྱིས་བསྐུལ་མ་གནང་བར་རྗེ་བླ་མས་འབྲིར་རུང་བའི་གནང་བ་སྩལ་བར་བརྟེན། གསུང་རྒྱུན་བཞིན་དུ་བཀའ་འབངས་ཀྱི་ཆར་གཏོགས་པ་ཐ་ཤལ་བས་ཟིན་ཐོར་བསྐྱལ་བ་ལ་ནོངས་པ་མཆིས་ན་ལྷ་དང་སྲུངས་མས་བཟོད་པར་མཛོད་ཅིག །དགེའོ།།


previousཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་བསྙེན་ཡིག་དངོས་གྲུབ་རྒྱ་མཚོའི་འཇུག་ངོགས།next