Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་ལསཿ སྲུང་ཟློག་བྱད་མ་སྟོབས་འཇོམས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་ལསཿ སྲུང་ཟློག་བྱད་མ་སྟོབས་འཇོམས།next

ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་ལསཿ སྲུང་ཟློག་བྱད་མ་སྟོབས་འཇོམས།


JLAZ010_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་ལསཿ སྲུང་ཟློག་བྱད་མ་སྟོབས་འཇོམས་བཞུགསཿ བདུད་འདུལ་སེང་གེའི་ཞལ་ལ་འདུདཿ སྲུང་བཟློག་རྒྱུན་གྱི་རྣལ་འབྱོར་ལཿ གཉིས་ལས་དང་པོ་བསྲུང་བ་ནིཿ མངོན་རྟོགས་གཞུངས་བཞིན་བསྒོམས་པའི་མཐརཿ བདག་ཉིད་མཁའ་འགྲོ་བདུད་འདུལ་མའིཿ ཐུགས་མཆོག་འོད་ཀྱི་དྲྭ་བའི་ཀློངཿ པདྨ་ཉི་ཟླའི་གདན་སྟེངས་སུཿ ཕ་ལམ་ལས་གྲུབ་རྡོ་རྗེ་སེརཿ རྩེ་ལྔའི་ལྟེ་བར་ཉི་གདན་དབུསཿ ཧཱུྃཿཡིག་མཐིང་གའི་ཀླད་ཀོར་ནངཿ བླ་མ་ཁོག་པར་བསྲུང་བྱ་དངཿ ཞབས་སུ་ཡུལ་མཁར་རྟ་ཕྱུགས་ལཿ མཐའ་སྐོར་སྔགས་ཕྲེང་འཁོར་བ་ཡིཿའོད་ཀྱི་རྒྱལ་བ་སྲས་བཅས་མཆོདཿ བྱིན་རླབས་དངོས་གྲུབ་གསེར་བཙོ་མའིཿའོད་ཀྱི་རྣམ་པར་འདུས་པར་འདུས་པ་ཡངཿ ཕྲ་རབ་རྡོ་རྗེའི་རྡུལ་གྱུར་ནསཿ དམིགས་བྱའི་ལུས་ངག་ཡིད་གསུམ་དངཿ ཕྱི་རོལ་རྡོ་རྗེའི་རྭ་གུར་ལཿ འདྲེས་པས་ཅིས་ཀྱང་མི་ཤིགས་གྱུརཿ སྔགས་ཡིག་འབྲུ་བཅུ་བཞིའི་ཤམཿ ཨོཾ་ཧྲཱིཿབཛྲ་ཛྭ་ལ་སརྦ་ཀརྨཱ་རཀྵ་རཀྵ་ཧཱུྃཿབཟླས་རྗེས་མི་དམིགས་ངང་ལ་བཞགཿ གཉིས་པ་བཟློག་པའི་རིམ་པ་ནིཿ ཧཱུྃཿསྲུང་འཁོར་གསལ་བརྟན་འབར་བ་ཡིཿཐུགས་ཀའི་ཧཱུྃ་ལས་ཧཱུྃ་འཕྲོས་པསཿ སྟོང་གསུམ་འཇིག་རྟེན་ཧཱུྃ་གིས་གངཿ བྱད་གདོན་སྟོངས་ཤིང་ཟད་པར་བསྒྲལཿ སླར་འདུས་རྡོ་རྗེ་རྭ་བའི་ཕྱིརཿ ཡེ་ཤེས་མེ་དང་གཉིས་མེད་ཀློངཿ ཡོངས་གྱུར་


JLAZ010_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ལྕགས་འཁོར་ལོ་ནིཿ རྩིབས་སྟོང་འབར་བའི་རྣོ་དབལ་ལཿ བྱད་ཕུར་ཐོད་གཏོང་སྲི་གེག་དངཿ གནོད་བྱེད་དགྲ་གདོན་ལོག་འདྲེན་ཚོགསཿ སོ་སོའི་གཟུགས་དང་བྱད་དབྱིབས་ལྟརཿ རང་དབང་མེད་པར་བཀུག་བྱས་ནསཿ སྤུ་གྲི་རེག་གཅོད་འཐོར་རླུང་གིསཿ འཁོར་ལོ་གཡོན་དུ་བསྐོར་བ་ཡིསཿ གཟུགས་ཕུང་ཐལ་བའི་རྡུལ་དུ་བརླགཿ སྔགས་ཕྲེང་ལས་བྱུང་མེ་སྟག་གིསཿ ལྷག་མ་རྗེས་ཤུལ་མེད་པར་བསྲེགསཿ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊཿརྩ་སྔགས་ཤམཿ ཙཀྲ་ཛྭ་ལ་སརྦ་དུཥྚན་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊཿཕཊཿབྷྱོ་བྷྱོ་ཟློག་ཟློགཿ ཅེས་བཟླས་བདེན་སྟོབས་བརྗོད་པ་ནིཿ སངས་རྒྱས་ཀྱིས་ནི་བདུད་ཕམ་མཛདཿ ཆོས་མ་ཡིན་པ་ཆོས་ཀྱི་སོཿདགེ་འདུན་གྱིས་ནི་མུ་སྟེགས་ཕམཿ དབང་པོས་ལྷ་མིན་ཕམ་པར་གྱུརཿ ལྷ་མིན་རྣམས་ཀྱིས་ཟླ་བ་ཕམཿ ནམ་མཁའ་ལྡིང་གིས་རྒྱ་མཚོ་ཡིཿཀླུ་རྣམས་རབ་ཏུ་ཕམ་པར་གྱུརཿ མེ་ཡིས་བུད་ཤིང་སྲེག་པ་དངཿ རླུང་གིས་སྤྲིན་རྣམས་གཏོར་བ་དངཿ རྡོ་རྗེ་རིན་ཆེན་ཕུག་པ་དངཿ ལྷ་རྣམས་བདེན་པ་རབ་ཏུ་གནསཿ བདེན་པ་འདི་དག་ཐམས་ཅད་ཀྱིསཿ དེང་འདིར་བདེན་པ་འགྲུབ་གྱུར་ཅིགཿ ཅེས་ཐལ་བརྡེབ་ལན་གསུམ་བྱཿམཐར་ནི་བསྲུང་བྱ་སྲུང་བྱེད་དངཿ བཟློག་བྱ་ཟློག་པར་བྱེད་པའི་ཆོསཿ མི་དམིགས་ངང་བཞག་དགེ་བ་བསྔོཿསྤྲོས་མེད་སྲུང་བཟློག་ཟབ་མོ་འདིཿརྡོ་རྗེའི་མཁར་དུ་ཚུད་དང་འདྲཿས་མ་ཡཿརྒྱ་རྒྱ་རྒྱཿ


previousཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་ལསཿ སྲུང་ཟློག་བྱད་མ་སྟོབས་འཇོམས།next