Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡུམ་ཀའི་གསང་སྒྲུབ་སེང་གདོང་མའི་གཏོར་ཟློག་གི་བཅའ་གཞི་གནད་ཀྱི་ཡིག་ཆུང་།
   
   
   
   
   
   
   
   
   
   
   
   
   
   


 
previousཡུམ་ཀའི་གསང་སྒྲུབ་སེང་གདོང་མའི་གཏོར་ཟློག་གི་བཅའ་གཞི་གནད་ཀྱི་ཡིག་ཆུང་།next

ཡུམ་ཀའི་གསང་སྒྲུབ་སེང་གདོང་མའི་གཏོར་ཟློག་གི་བཅའ་གཞི་གནད་ཀྱི་ཡིག་ཆུང་།


JLAZ010_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ཀའི་གསང་སྒྲུབ་སེང་གདོང་མའི་གཏོར་ཟློག་གི་བཅའ་གཞི་གནད་ཀྱི་ཡིག་ཆུང་བཞུགས། །གསང་འཛིན་སྟོན་པ་མཐུ་སྟོབས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རིག་འཛིན་ཡུམ་ཀའི་གསར་སྒྲུབ་སེང་གདོང་མའི་གཏོར་ཟློག་གི་བཅའ་གཞི་གནད་ཀྱི་ལག་ལེན་ལཿ གང་དུ་བྱ་བའི་གནས་ཁང་དུ་མ་དུལ་བའི་ས་ཡིན་ན་ས་བླང་པའི་ཆོ་ག་གྲུབ་ན་བྱ། མ་གྲུབ་ནའང་གཞི་བདག་ལ་གཏོར་མ་བྱིན་ནས་བདེན་བདར་སྔོན་དུ་བཏངཿ སྟེགས་བུ་གྲུ་བཞི་བླ་འོག་ཅན་གྱི་ཁར་ཁྲག་ཆང་གིས་ཆག་ཆག་བཏབ་ནས་དཀྱིལ་འཁོར་དཔེའུ་ཆུང་བཞིན་བྲི། འབྲུ་ནག་ལ་འབྲུ་སྣ་ཅུང་ཟད་བསྲེས་པའི་གཏོར་ཆེན་མཚེ་ཡུངས་རྩང་དང་ཤ་ཁྲག་གིས་བརྒྱན་པ། དཀྱིལ་འཁོར་གྱི་སྟེང་དུ་མཉྫི་ལ་བཀོད། དེའི་མཐར་ཟོར་ཀོང་མཚེ་རྩང་། ཡུངས་དཀར་ནག །ལྕགས་ཟངས་ཕྱེ། མི་བསད་རྡོ། སྐེ་ཚེ་ཤངས་ཚེ་རྣམས་དུག་ཁྲག་གིས་སྦགས་པའི་ཐུན་རྫས་ཀྱིས་བཀང་བས་མཐའ་བསྐོར། དེའི་མཐར་དྲག་པོའི་ཉེར་སྤྱོད་ལྔ་དང་སྨན་རག་གིས་བསྐོར། འོག་ཏུ་སྲིད་པའི་བྱེ་མ་ལ་བསད་དཀྱིལ་གྲུ་གསུམ་ལྟེ་བ་ཟབས་སུ་བརྐོས་པའམ་བྲིས་ཀྱང་རུང་བས་ནང་ནག །ཕྱི་སྔོན་པོ་མཐའ་བསྐོར་མེ་རི་དང་བཅས་པའི་མཐའ་སྐྱེར་རྩང་བཙུགས་པར་རེ་སྣམས་གྱིས་དཀྲིས། གཡུལ་མདོས་སོགས་གལ་ཆེན་དང་


JLAZ010_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ན་ཉི་མ་ལྷོར་བགྲོད་པའི་དུས་ཀྱི་ཉི་ནག་གམ་གཟའ་ཚེས་དྲག་པོ་དང་ཕ་རོལ་པའི་སྲོག་ཀླུངས་གཤེད་དུ་སྐོར་བའི་དུས་གནད་ཁྱད་པར་བ་དང་བསྟུན་ནས་དམིགས་བྱའི་ལིངྒ་འདུ་བྱེད་པ་ནི་རྫས་རྣམས་སྔ་རོལ་དུ་ཚང་བར་བསགས་ནས་དུག་ཤོག་ལ་བྱ་ཤ་ཟན་གྱི་སྒྲོ་རྐང་ངམ་མི་བསད་ཀྱི་མདའི་སྨྱུ་གུས་རྒྱ་སྣག་གིས་རཱུ་པ་སོར་མོ་བཅུ་གཉིས་པ་མཚན་ཉིད་དང་ལྡན་པར་བྲིས་པའི་སྙིང་གར་དགྲ་འདྲེ་གང་ཡིན་གྱི་སྲོག་ཡིག་ཛཿཁ་སྤྲོད་ཀྱི་བར་དུ་ལྟེམ་པའི་མཐརཿ ཆྒཻ་མོ་བླ་ཤ་ཐུམ་རིལ་ཛཿཧཱུྃ་བཾ་ཧོཿཅེས་པས་བསྐོར། དཔྲལ་བར་རུསཿ བརླ་ལ་བླ་དྭགས། མདོམས་སུ་ཕཊ། སྤྱི་བོར་ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། རྐང་མཐིལ་གཉིས་སུ་ཡཾ། ཡན་ལག་བཞི་ལ་ཛཿཧཱུྃ་བཾ་ཧོཿམཐའ་བསྐོར་བླ་འགུགས་སྔགས། ཡ་མ་རཱ་ཛ་དང༌། རྣྲི་ཏྲི་ཤ་ཏྲུཾ། མཐར་དམོད་མོ་གང་ཤེས་བྲི། དེའི་མཐར་ཛ་ཁྲམ་གྱིས་བསྐོར། ལིང་ཁྲུས་ལེགས་པར་བྱས། དྷ་དུ་ར་སོགས་དུག་ཁྲག་དང་གནང་རྫས་ཁྱད་པར་བགང་རྙེད་ཀྱིས་བྱུགས་པ་ལྕགས་སླང་ནང་དུ་བཅུག་པའི་ཁར་ཟན་གྱི་ཉ་བོ་ཞིག་ཀྱང་བཅུག །ཡང་ལིང་ག་འབུར་དུ་བྱེད་ན། རྒྱ་མཚོའམ་ཆུ་ཀླུང་ཆེན་པོའི་འགྲམས། གྲོག་མཁར་ས། ཏིལ་ནག །ལན་ཚ། ཆུའི་རྦ། སོ་ཏོག །ཤ་ཆེན་ལ་སོགས་པར་གནད་རྫས་ཀྱང་འདྲེས་


JLAZ010_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པ་བོང་བུ་དང་ར་ཐུག་ལུག་ཐུག་སོགས་ཀྱི་གཅིན་གྱིས་སྤྲུས་ནས་ཉ་བོ་སོར་བཅུ་བའི་སྲོག་རྩའི་དོད། དུར་ཁྲོད་ཀྱི་རྩྭ་ཀུ་ཤར་ཤོག་བུར་རྣྲི་ཏྲིའི་མཐར་བླ་འགུགས་ཀྱི་སྔགས་བྲིས་པས་དཀྲིས་པ་བཅུག་སྟེ་དབང་པོའི་སྒོ་ཉམས་དོད་པར་བཅོས། དུག་ཁྲག་སོགས་ཀྱིས་བྱུགས་པ་ལྕགས་སླང་དུ་བཅུག་སྟེ། དེའི་ཁར་དབྱེ་སྒྲོ་གཉིས་བསྣོལ་ཏེ་བཞག་པ་ལིང་ཁེབས་ཀྱིས་གཡོགས་པ་བསད་དཀྱིལ་གྱི་དབུས་སུ་གཞག །ཟོར་བཟློག་སྤྱིར་བཏང་ལ་ལྕགས་སླང་བྱེ་མས་བཀང་བའི་ལྟེ་བ་གྲུ་གསུམ་དུ་བྲུས་པའི་ཁ་ཁྱེར་ལ་མེ་རི་བྲིས་པར་རྩང་བཙུགས། ནང་དུ་ཟན་གྱི་ལིང་ག་བཅུག་པ་དར་ནག་གིས་གཡོགས་ཏེ་ཟློག་དཀྱིལ་མཐའི་མེ་རི་ལྟ་བུའི་ཟུར་གཅིག་ཏུ་བཀར་བས་ཀྱང་རུང༌། ལོག་ཅི་བདེ་བར་བདག་མདུན་གྱི་མཆོད་གཏོར་དང་ཆོས་སྐྱོང་སྤྱི་བྱེ་བྲག་པའི་གཏོར་མ་བཟང་བར་བཤམ། སྒྲུབ་ཞག་ཇི་ཙམ་བྱེད་པའི་ཐུན་རེར་ཟན་གྱི་ལིང་ཆུང་རེ་གསར་དུ་བཤམས་པ་བསྒྲལ་སྟབ་མཐར་ལིང་རོ་གཏོར་ཆེན་ལྷར་གསལ་བ་ལ་འབུལ། གྲོལ་ཉིན་བསད་དཀྱིལ་ཀྱི་ལིང་ག་ཕྱུང་བར་གདབ་ལས་བྱ་བ་མ་གཏོགས་རྒྱུན་ལྟར་ཟློག་བསད་ཀྱི་སྔགས་བཟླས་མཐར་སྔར་ཟོར་རྫས་སུ་བཤད་པའི་ཐུན་རྫས་


JLAZ010_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ངན་ནམ་གཡག་རྒོད་ཀྱི་རྭ་ནང་དུ་བླུགས་པར་མཆིལ་མ་མ་ཕོག་པར་ཕུས་བཏབ་པའི་ཐུན་གྱིས་བྲབ་ཅིང༌། གུ་གུལ་བདུག །མཐར་ཤོག་ལིང་ཡོད་ན་ཟོར་གྱི་ཧོམ་ལ་བསྲེག་པའམ་དོ་གལ་ཆེ་ན་མནན་ཆས་ཚུལ་བཞིན་བགྱིས་ནས་མནན་པ་བྱས་ཀྱང་རུང་བ་ཡིན་ནོ། །


previousཡུམ་ཀའི་གསང་སྒྲུབ་སེང་གདོང་མའི་གཏོར་ཟློག་གི་བཅའ་གཞི་གནད་ཀྱི་ཡིག་ཆུང་།next