Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལསཿ དཔལ་ཆེན་ཕྱག་རྒྱ་རྒྱས་པ།
   
   
   
   


 
previousབཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལསཿ དཔལ་ཆེན་ཕྱག་རྒྱ་རྒྱས་པ།next

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལསཿ དཔལ་ཆེན་ཕྱག་རྒྱ་རྒྱས་པ།


JLAZ010_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

༂ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལསཿ དཔལ་ཆེན་ཕྱག་རྒྱ་རྒྱས་པ་བཞུགསཿ


JLAZ010_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འདུས་ཆོས་ཀྱི་རྒྱ་མཚོར་འདུདཿ སྟོང་པ་ཤིན་ཏུ་ཡོད་མེད་ཀྱིཿརྣལ་འབྱོར་རྣམ་བཅས་ནམ་མཁའི་གཟུགསཿ སྤྱི་དཔལ་ཆེན་པོ་དོན་དམ་གྱིཿ ཕྱག་རྒྱ་རྒྱས་པ་ལྟར་སྒྲུབ་པཿཤིན་ཏུ་ཟབ་ཕྱིར་གུད་དུ་སྦསཿ ས་མ་ཡཿརྒྱ་རྒྱ་རྒྱཿ༈ཆེ་མཆོག་བཛྲ་ཐོད་ཕྲེང་རྩལཿ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱདཿ རྣམ་པར་ཐར་པའི་ཞབས་བརྒྱད་ཀྱིསཿ རྒྱལ་འགོང་བདུད་བཞིའི་སྤྱི་ནས་བརྫིསཿ དབུ་མའི་ཞལ་གསུམ་ཆོས་ཀྱི་སྐུཿ ཁྲོ་དང་རྔམ་དང་བརྗིད་པ་དངཿ གཡས་ཞལ་གསུམ་ནི་ལོངས་སྤྱོད་རྫོགསཿ དཀར་དམར་དགོད་གཤེ་ཆགས་པའི་ཉམསཿ གཡོན་ཞལ་གསུམ་ནི་སྤྲུལ་བའི་སྐུཿ དམར་ནག་ཨམ་གཙིགས་འཇིགས་པར་སྟོནཿ རང་རང་ཞལ་ལ་སྐུ་གསུམ་རྫོགསཿ སྟོང་པ་བཅོ་བརྒྱད་རྫོགས་པའི་ཕྱགཿ དང་པོ་གཉིས་ཀྱིས་རྡོ་རྗེ་དུངཿ གཟུང་འཛིན་ཆགས་སྡང་དབྱིངས་སུ་སྦྱོརཿ གཡས་པ་བརྒྱད་ན་མཐོང་ཐོས་སྣོམཿ མྱོང་བའི་དབང་པོ་དག་པ་ལསཿ ཕྱི་སེམས་བྱམས་པ་སྒྲིབ་སེལ་དངཿ ཀུན་ཏུ་བཟང་པོ་འཇམ་དཔལ་དབྱངསཿ རང་རང་དབང་ཤེས་དག་པ་ལསཿ ནང་སེམས་ས་སྙིང་རྡོ་རྗེ་འཛིནཿ ནམ་མཁའི་སྙིང་པོ་སྤྱན་རས་གཟིགསཿ གཡོན་པ་བརྒྱད་ན་དུས་བཞི་དངཿ ཡུལ་བཞི་དག་པའི་བཙུན་མོ་བརྒྱདཿ བདུག་


JLAZ010_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་མེ་ཏོག་མར་མེ་དྲིཿསྒེག་མོ་གླུ་ཕྲེང་གར་མ་བསྣམསཿ ཐུགས་ཀ་དཔལ་གྱི་བེའུའི་དབྱིངསཿ ཡིད་ཆོས་གནས་དག་ཡེ་ཤེས་སེམསཿ གདོད་མའི་མགོན་པོ་སྟང་དཔྱལ་སྦྱོརཿ ཕུང་པོ་ལྔ་དང་འབྱུང་བ་ལྔཿགནས་དག་རིགས་ལྔ་ཡབ་ཡུམ་བཅུཿདབུ་རྒྱན་བྷནྷའི་ནང་ན་བཞུགསཿ རྡོ་རྗེའི་བྱ་ཁྱུང་སྤྱི་བོར་ལྡིངཿ དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགསཿ གནམ་ཞལ་ཡུམ་མཆོག་ཀུན་བཟང་སྦྱོརཿ ལ་སོགས་སྒྲུབ་ཐབས་གཞུང་བཞིན་སྦྱརཿ སྤྲོསཿ སྒོས་བཀའ་ཡངཿ ཕྱག་རྒྱ་རྒྱས་པ་ལྟར་དུ་བསྐྱེདཿ བསྐལ་པའི་མེ་ལྟར་འབར་ཀློང་ནསཿ རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤརཿ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾཿཤར་དུ་དབང་ཕྱུག་ཁྱོ་ཤུག་བསྣོལ་བའི་སྟེངཿ འབྲས་བུའི་ཡང་དག་སངས་རྒྱས་མཉམ་སྦྱོར་ནིཿ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པཿགཡས་དཀར་བཞད་དང་གཡོན་དམར་གཤེ་བའི་ཞལཿ རྩ་ཞལ་རྔམ་བརྗིད་ཧཱུཾ་ཕཊ་གད་རྒྱངས་སྒྲོགཿ ཐོད་སྐམ་དབུ་རྒྱན་ཁྲག་འཐུང་རིགས་ལྔས་བརྒྱནཿ སྤྱན་དགུ་སྡང་མིག་རྫི་སྨིན་ཨག་ཚོམ་འབརཿ གཡས་གསུམ་གནམ་ལྕགས་རྡོ་རྗེ་ཁ་ཊྭཱཾ་དངཿ རུ་ཏྲའི་དཔྱི་ལས་གསང་བའི་རྔེའུ་ཆུངཿ གཡོན་གསུམ་དུང་དམར་རྒྱུ་ཞགས་ཁྱུང་ཁྲ་འགྱེདཿ ཞབས་


JLAZ010_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་གཡས་བསྐུམ་གཡོན་བརྐྱངས་དོར་སྟབས་བགྲདཿ རྡོ་རྗེའི་ཁྱུང་གཤོག་ལ་སོགས་དཔལ་ཆས་དངཿ དུར་ཁྲོད་ཆས་རྫོགས་གར་དགུའི་རོལ་པས་བརྗིདཿ ཀྲོ་ཏི་ཤྭ་རཱི་གཡས་པ་ཡབ་ལ་འཁྱུདཿ གཡོན་པ་ཐོད་ཁྲག་ཁྲོ་མོའི་ཆས་ཀུན་རྫོགསཿ རྣམ་ཤེས་རྣམ་དག་གཽ་རཱི་བརྒྱད་ཀྱིས་བསྐོརཿ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊཿལྷོ་ཕྱོགས་ཨེ་ཡི་ཕོ་བྲང་དུཿ ཀླུ་འབུམ་གཉན་ཁྲི་ས་བདག་སྟོངཿ ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདནཿ དབུས་སུ་ཟིལ་གནོན་ལྷུན་གྲུབ་སྐུཿ མཐིང་ནག་དུག་ཆེན་ཧ་ལའི་མདོགཿ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲདཿ གཡས་པ་ཀུ་མུ་ཏ་འདྲ་བསཿ རོ་ཉེ་ཟ་དང་རྔམ་པར་གཟིགསཿ གཡོན་པ་རཱ་ག་གཉན་ཁྲི་གསོལཿ དབུས་མཐིང་དགྲ་བགེགས་ས་བདག་ཟཿརྡོ་རྗེ་འཁོར་ལོ་རལ་གྲི་གཡསཿ བེ་ཅོན་གཏུན་ཤིང་སྡིགས་མཛུབ་འབརཿ གླང་ཆེན་ཀོ་རློན་དུར་ཁྲོད་ཆསཿ སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱནཿ དབུ་ལ་རིགས་ལྔ་ཁྲོ་བའི་སྐུཿ དྲེགས་པའི་སྙིང་དང་ནཱ་གའི་མགོཿདོ་ཤལ་ཁྲོ་བོའི་ཆས་ཀ་རྫོགསཿ དེ་བཞིན་ཉིད་དབྱིངས་ཁྲོས་པའི་ཡུམཿ མཐིང་ནག་སྙིང་སྟོབ་གྲི་ཐོགས་འཁྱུདཿ གཙོ་བོའི་ཐུགས་ཀར་ཡ་མའི་སྐུཿ ཞེ་སྡང་རྡོ་རྗེ་སྨུག་ནག་འཇིགསཿ འཁོར་ལོ་ཙིཏྟ་ཕྱག་ན་བསྣམསཿ ཡ་མའི་


JLAZ010_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་དྲེགས་པ་ཆེཿང་རྒྱལ་རྡོ་རྗེ་ལྗང་ནག་རྔམསཿ རྡོ་རྗེ་སྙིང་ཕྲེང་ཕྱག་ན་བསྣམསཿ དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེངཿ ཕྲག་དོག་རྡོ་རྗེ་འཇིགས་པའི་སྐུཿ རུས་སྦལ་འཇིང་བསྣོལ་ཐུར་དུ་བལྟཿསྤྱི་གཙུགས་འདབ་ཆགས་ཀུ་མུ་ཏཿའདོད་ཆགས་རྡོ་རྗེ་ཟིལ་གནོན་སྐུཿ རོ་ཉེ་འདྲེན་པའི་སྟོབས་དང་ལྡནཿ ཕྲག་གོང་ཁྱུང་མོ་སྔོ་ནག་གཉིསཿ ནུ་མར་སེང་གེ་དཔུང་པར་སྟགཿ སྟ་ཟུར་སྦྲུལ་ནག་ཅེ་སྤྱང་རྔམསཿ ཁྲོ་ཆུང་མང་པོས་སྐུ་ལ་གཏམསཿ ལས་གཤིན་བཞི་དང་གྲུ་ཆད་བདགཿ གཤེད་ཆེན་བཅུ་གཉིས་ཟླ་ཞག་གཤེདཿ བདུད་དང་མོན་པ་ཀིང་ཀང་ཚོགསཿ ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿཨེ་ཨ་ར་ལི་ཧཱུཾ་ཧྲཱིཿཛཿནུབ་ཏུ་ཀླུ་སྲིན་བསྣོལ་བའི་སྟེངཿ དཔལ་ཆེན་རྟ་མཆོག་རོལ་པ་ནིཿ སྐུ་མདོག་དུས་མཐའི་མེ་ལྟར་འབརཿ དབུ་ལྔ་ཕྱག་ནི་བཅུ་དྲུག་ལཿ ཁྱུང་གཤོག་གདེངས་ཤིང་ཞབས་བརྒྱད་བགྲདཿ གཤོག་རྩེ་བྱ་ཁྱུང་ཉི་ཟླས་མཚནཿ དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགསཿ ཤར་ལྷོ་ནུབ་བྱང་གཟིགས་པའི་དབུཿདྲི་ཟ་གཤིན་རྗེ་ཀླུ་དབང་དངཿ གནོད་སྦྱིན་གདོན་ལ་མྱ་ངན་བསྐྱེདཿ གཡས་སྔོ་གཡོན་དམར་ལྷག་མ་དམརཿ སྟེང་ཞལ་རྔམ་པ་བདུད་བཞི་འདུལཿ ལྔ་ཀའང་རྟ་མགོ་ལྗང་


JLAZ010_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཞུར་འཚེརཿ རིགས་ལྔའི་རྒྱལ་ལ་གདན་གསུམ་རྫོགསཿ གཡས་པ་བརྒྱད་ཀྱི་དང་པོ་ནིཿ རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་དངཿ ལྕགས་ཀྱུ་སྦྲུལ་ཞགས་འཁོར་ལོའི་མཚོནཿ རལ་གྲི་རྡོ་རྗེ་ཕྲེང་བའོཿགཡོན་བརྒྱད་ཐོད་ཁྲག་པདྨ་སྙིངཿ དབྱུག་པ་རྒྱ་གྲམ་བེ་ཅོན་མེཿཏྲི་ཤུ་ལ་དང་ཁྱུང་ཁྲ་འགྱེདཿ ཞབས་བརྒྱད་ཀླུ་བརྒྱད་རྒྱལ་བསེན་བརྫིསཿ ཡུམ་ཆེན་པདྨ་གཟི་ལྡན་མཿ གཡས་པ་ཡིད་བཞིན་ནོར་འཛིན་འཁྱུདཿ གཡོན་པ་རིན་ཆེན་ཟ་མ་ཏོགཿ གོ་ལ་མ་དྲུག་ཡུམ་ཆེན་བཞིཿཁམ་རྒྱ་དམུས་ལོང་ཁྱི་སྤྱང་ཚོགསཿ ཕོ་ཉ་སུམ་བརྒྱ་དྲུག་ཅུས་བསྐོརཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊཿབྱང་དུ་རུ་ཏྲ་བདུད་བཞིའི་སྟེངཿ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནིཿ སྙིང་རྗེ་རྔམ་ཞིའི་ངང་ཉིད་ལསཿ སྒེག་དཔའ་འཇིགས་སུ་རུང་བའི་སྐུཿ རྫུ་འཕྲུལ་ཞབས་བཞི་དོར་སྟབས་བགྲདཿ རྣམ་པར་ཐར་བའི་དབུ་གསུམ་གྱིསཿ སྐྲག་མཛད་བཞད་གཤེ་ཁྲོ་བོའི་ཞལཿ གཡས་དཀར་གཡོན་དམར་དབུས་མཐིང་ནགཿ སྤྱན་དམར་སྨིན་མ་སྨ་ར་སེརཿ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགསཿ ཕྱག་དྲུག་གཡས་ཀྱི་དང་པོ་ཡིསཿ གསེར་གྱི་རྡོ་རྗེ་རྩེ་དགུ་དངཿ བར་པ་རྡོ་རྗེ་རྩེ་ལྔ་བསྣམསཿ གཡོན་གྱི་དང་པོ་མེ་དཔུང་དངཿ བར་བ་ཁ་ཊྭཱཾ་རྩེ་གསུམ་འཛིནཿ


JLAZ010_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་གཉིས་རི་རབ་ཕུར་པ་འདྲིལཿ མཐིང་ནག་སྐུ་ལ་དུར་ཁྲོད་ཆསཿ རིགས་ལྔ་ཐོད་པ་ལྔ་ཡིས་བརྒྱནཿ འཁོར་ལོ་རྒྱས་འདེབས་བདེ་བའི་ཡུམཿ ཞལ་གཅིག་ཕྱག་གཉིས་ཐོད་སྦྲུལ་བརྒྱནཿ དྲིལ་བུ་ཐོད་ཁྲག་འཛིན་པས་འཁྱུདཿ ཨེ་ཀ་ཙཱ་ཏི་སྒྲོལ་བའི་ཡུམཿ གྲི་གུག་ཐོད་ཁྲག་ཁམས་གསུམ་སྒྲོལཿ རེས་འགའ་ཁ་ཊྭཱཾ་རྩེ་གསུམ་བསྣམསཿ གཡེར་ཀ་དྲིལ་བུ་ཉིད་ལས་ཀྱངཿ རྟོག་མེད་ཆོས་ཀྱི་སྒྲ་འབྱིན་ཅིངཿ མ་མོ་དྲུག་ཅུ་ཕོ་ཉར་འགྱེདཿ སྲས་མཆོག་རིགས་ལྔ་ཁྲོ་བོ་བཅུཿཕྲ་ཕྱག་དམ་ཅན་ཚོགས་ཀྱིས་བསྐོརཿ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿཤར་ལྷོར་བླ་མེད་ཧེ་རུ་ཀཿལ་སོགས་རྩ་བའི་གཞུང་ལྟར་ལཿ གཙོ་བོའི་དོན་རྟགས་བསྟོད་པའི་མལཿ སྐུ་གསུམ་དབུ་ནི་སྟོབས་བཅུའི་དབྱིངས་ལ་རྫོགསཿ མ་འདྲེས་བཅོ་བརྒྱད་ལྡན་པའི་ཕྱག་རྒྱ་ཡིསཿ ཡུལ་དང་ཡུལ་ཅན་ལྷར་སྣང་ཕྱག་རྒྱ་ཆེཿབདེ་སྟོང་སྒྱུ་འཕྲུལ་དྲྭ་བར་སྦྱོར་ལ་བསྟོདཿ ཀུན་གཞི་ཡིད་ཆོས་ཕུང་ཁམས་སྐྱེ་མཆེད་ཚོགསཿ སྐུ་གསུམ་ཡན་ལག་བདུན་ལྡན་རྣམ་བྱང་གིཿ བཞིན་ལག་མཚན་དཔེར་ཤར་བའི་ཧེ་རུ་ཀཿ རྣམ་པ་ཀུན་ཀྱི་མཆོག་ལྡན་ཁྱོད་ལ་བསྟོདཿ ཆོས་ཉིད་གཅིག་ལ་སོགས་འཁོར་གྱི་བསྟོད་པ་སྦྲེལཿ འདི་ནི་རྡོ་རྗེའི་ལམ་ཀུན་ཀྱིཿ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སྟེཿ


JLAZ010_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ཁམས་ཚོགས་བརྒྱད་གཞན་དབང་ཅནཿ གདན་གསུམ་ཡོངས་གྲུབ་ཆེན་པོར་རྒྱཿ གང་ཞིག་ཀུན་བརྟགས་བསྐྱེད་རིམ་ལཿ ལྷར་སྣང་ཕྱག་རྒྱ་ཆེན་པོ་རུཿ འདོད་པ་སྔགས་ཀྱི་གཟུགས་བརྙན་དེསཿ རྒྱུད་ལྔའི་བག་ཆགས་སྦྱོང་མི་ནུསཿ དེ་ཕྱིར་འདི་ནི་ཤེས་རབ་དངཿ མོས་གུས་ཅན་གྱི་ཆོས་སྐལ་ཏེཿསྔགས་གྱི་བསྟན་པ་ཉམས་པའི་ཚེཿལས་འཕྲོ་ཅན་གྱི་དཔལ་དུ་ཤོགཿ ས་མ་ཡཿརྒྱ་རྒྱ་རྒྱཿདྷ་ཐིམཿ


previousབཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལསཿ དཔལ་ཆེན་ཕྱག་རྒྱ་རྒྱས་པ།next