Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྟ་མགྲིན་འདུས་པའི་སྒྲུབ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྟ་མགྲིན་འདུས་པའི་སྒྲུབ་ཐབས།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྟ་མགྲིན་འདུས་པའི་སྒྲུབ་ཐབས།


JLAZ011_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྟ་མགྲིན་འདུས་པའི་སྒྲུབ་ཐབས་བཞུགསཿ སྡུག་བསྔལ་རང་གྲོལ་སྐུ་ལ་འདུདཿ དེ་ཉིད་ཁྲོ་རྒྱལ་ལྟར་སྒྲུབ་པཿ མངའ་བདག་རྒྱལ་པོའི་ཐུགས་དམ་ཡིནཿ སྔོན་འགྲོ་ཞི་བའི་གཞུང་ལྟར་ལཿ ཧྲཱིཿ དབྱིངས་རིག་ཟུང་འཇུག་དག་པ་ཆེན་པོའི་དབྱིངསཿ རང་སྣང་ལྷུན་གྲུབ་རི་བོ་པོ་ཏ་ལཿ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུསཿ སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེངཿ ཧྲཱིཿལས་རང་ཉིད་འཕགས་མཆོག་ཐུགས་རྗེའི་ལྷཿ ཡོངས་གྱུར་ཁྲོ་རྒྱལ་རྟ་མགྲིན་འདུས་པ་ནིཿ ཀླུ་དང་རྒྱལ་བསེན་བསྣོལ་བའི་གདན་གྱི་སྟེངཿ སྐུ་མདོག་དམར་པོ་དུས་མཐའི་མེ་ལྟར་འབརཿ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགསཿ ཕྱག་གཡས་དབྱུག་ཏོས་སྣང་སྲིད་ཟིལ་གྱིས་གནོནཿ གཡོན་པས་སྡིགས་མཛུབ་ཀླུ་གཉན་སྡེ་བརྒྱད་གཟིརཿ རལ་པ་ཁམ་ནག་ཐོད་སྐམ་ལྔ་ཡིས་བརྒྱནཿ རྟ་མགོ་ལྡང་ཞུར་འཚེར་པའི་རྔོག་པ་ནསཿ རྡོ་རྗེའི་ཚྭ་ཚྭས་དྲེགས་པ་བརྒྱལ་ཞིང་སྔངསཿ སྐུ་ཆེ་ཡན་ལག་རགས་པའི་བ་སྤུ་ཀུནཿ ཁྲོ་ཆུང་གོ་མཚམས་མེད་པའི་སྲུང་བས་གཏམསཿ ཞིང་གི་གཡང་གཞི་སྟག་གི་ཤམ་ཐབས་དངཿ ཐོད་ཕྲེང་ཚར་གསུམ་སྦྲུལ་གྱི་ཚངས་སྐུད་དཔྱངསཿ རིགས་བཞིའི་ལྟོ་འགྲོས་ཕྱག་ཞབས་གདུ་བུ་བྱསཿ རང་འདྲའི་རིག་མ་གྲི་ཐོད་འཛིན་མས་


JLAZ011_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུདཿ དོར་སྟབས་མེ་དཔུང་འབར་བའི་ཀློང་ན་འགྱིངསཿ རྩིབས་བཞིར་དབང་ཆེན་སྡེ་བཞི་ལས་མདོག་ཡུམཿ གཡས་པ་རང་རྟགས་གཡོན་པ་ཁྱུང་ཁྲ་འགྱེདཿ ཁྱམས་ལ་ཟིལ་གནོན་སྒོ་བཞིར་ཤར་སྒོ་ནསཿ རྟ་གདོང་ལྕགས་ཀྱུ་ཕག་གདོང་ཞགས་པ་མཿ སེང་གདོང་ལྕགས་སྒྲོག་ཁྱི་གདོང་དྲིལ་བུ་འཛིནཿ གཡོན་པ་རང་རྟགས་དཀར་སེར་དམར་ལྗང་མདོགཿ སྣང་སྟོང་སྒྲིབ་གཡོགས་བྲལ་བའི་དབྱིངས་ནས་གསལཿ ཀུན་ཀྱང་གནས་ལུགས་ཡིག་འབྲུ་གསུམ་གྱིས་མཚནཿ སོགས་ཞི་བ་ལྟར་ལཿ བསྟོད་པའི་སྐབསཿ སྡུག་བསྔལ་རང་གྲོལ་གྱི་མཚནཿ ཧྱ་གྲཱི་བའི་སྐུརཿ ཞེས་དངཿ རིགས་བཞིའི་སེམས་མ་ཞེས་པརཿ དབང་ཆེན་སྡེ་བཞིཿ ཞེས་བསྒྱུརཿདེ་ནས་བསྙེན་པ་བྱ་བ་ནིཿཡེ་ཤེས་སེམས་དཔའ་སེམས་ཉིད་ངལ་བསོར་གསལ་བའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧྲཱིཿཡིག་དམར་པོའི་མཐརཿ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿཞེས་པས་བསྐོར་བ་ལ་དམིགས་པ་གཏད་ནས་འབྲུ་འབུམ་ལས་རུང་གི་ཚད་དོཿ ལས་ལ་སྦྱོར་ནཿ རྩ་སྔགས་ཀྱི་མགོརཿཨེ་ཨ་ར་ལི་དངཿཞབས་ལ་བཛྲ་དུན་བྷྱོཿ ཏྲིག་ནན་ཛཿཛཿས་མ་ཡ་སྟཱཾཿཞེས་བཏགས་ལ་སྣང་སྲིད་ཐམས་ཅད་མེའི་ཚྭ་ཚྭས་བསྲེགས་ཤིང་སྟོང་པར་སྦྱངས་བའི་ངང་ལ་ཆོས་ཉིད་ཀྱི་རང་མདངས་བསྐྱངས་བས་སྡེ་བརྒྱད་དབང་དུ་འདུ་བར་འགྱུར་རོཿ ཐུན་མཐར་ཚོགས་ཀྱི་འཁོར་ལོ་སོགས་རྗེས་ཆོག་རྣམས་རིག་འཛིན་གཞུང་ལ་ཚིག་ཕྲད་བསྒྱུར་བར་བྱའོཿ བྱ་སླ་ཁྱེར་བདེ་བྱིན་རླབས་ཆེཿ འདི་ལ་བརྟེན་ནས་བཙན་པོ་ཡིསཿ རྟ་སྐད་སྟོང་གསུམ་གང་བ་བསྒྲགསཿ དེ་ཕྱིར་འདི་ལ་རྟ་མགྲིན་ནིཿ རྒྱལ་པོའི་ལུགས་ཞེས་གནག་པའི་ཆོསཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དྷ་ཐིམཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྟ་མགྲིན་འདུས་པའི་སྒྲུབ་ཐབས།next