Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མདོས་སྐོང་སྲིད་པ་གཞི་བཞེངས།
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མདོས་སྐོང་སྲིད་པ་གཞི་བཞེངས།next

བཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མདོས་སྐོང་སྲིད་པ་གཞི་བཞེངས།


JLAZ011_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ བཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མདོས་སྐོང་སྲིད་པ་གཞི་བཞེངས་བཞུགསཿ བྷྱོཿ མ་མོའི་ཀླད་ལ་ལྡིང་བ་ནིཿ བྱ་རྒྱལ་ཁྱུང་ལས་གཞན་མེད་པསཿ རྩེ་ལ་འདབ་ཆགས་ཀ་རུ་ཎའིཿ ཚང་དུ་བཅས་པས་ཐུགས་དམ་བསྐངཿ སྲིད་པ་འདི་ན་ཆེ་བཙན་པཿ ཡིད་བཞིན་གཏེར་འབྱུང་དཔལ་བེ་མཁརཿ གྲུ་བཞི་ཐོད་པའི་ཁ་བད་ཅནཿ འཇའ་ཚོན་ཐགས་སུ་བཏགས་པ་ཡིནཿ གདུགས་ཆེན་ནམ་མཁའ་རྒྱས་འདེབས་ནིཿ བླ་ན་མཐོ་ཞིང་ཀུན་ནས་མཛེསཿ གཞལ་མེད་ཁང་གི་ཡོན་ཏན་ཀུནཿ ཡོངས་སུ་རྫོགས་པའི་ཕོ་བྲང་འདིཿ མ་མོ་བཞུགས་པའི་རྟེན་དུ་འཛུགསཿ རྟག་པ་རྒྱུན་གྱིས་ཐུགས་དམ་བསྐངཿ སྣང་བ་ཐམས་ཅད་ཡེ་ཤེས་ལྔརཿ ཤར་བའི་ཚོན་སྐུད་དྲྭ་བ་ཅནཿ སྟོང་ཆ་སྐྱེ་བ་མེད་པ་དངཿ འདུ་འབྲལ་མེད་པའི་མདོས་ཆེན་ནིཿ མ་མོའི་ལྟ་བ་མཚོན་པའི་རྟེནཿ རྟག་ཆད་མེད་པས་ཐུགས་དམ་བསྐངཿ སྣ་ཚོགས་སྣང་བ་རིག་པའི་རྩལཿ མ་འདྲེས་རྨ་བྱའི་རི་མོ་བཞིནཿ སྣང་ཡང་གཟུང་འཛིན་གཉིས་སྤངས་པའིཿ རྒྱན་གྱིས་ཀུན་ནས་བརྒྱན་པ་ནིཿ མ་མོའི་སྒོམ་པ་མཚོན་པའི་རྟེནཿ གསལ་འགྲིབ་མེད་པས་ཐུགས་དམ་བསྐངཿ ལས་བཞི་རྫོགས་པའི་སྟེགས་བུ་ལཿ


JLAZ011_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་རིམ་བརྩེགས་ལྡན་པའི་སྟེངཿ ལྕགས་མཁར་ཐོད་པའི་ཁ་བད་ཅནཿ བདུད་དང་གཤིན་རྗེའི་བཞུགས་གནས་ཏེཿ དེ་ལ་སྣང་སྲིད་སྣོད་བཅུད་ཀྱིཿ མཐུན་རྫས་མ་ཚང་མེད་པ་དངཿ གཙང་དམེ་བྲལ་བའི་དམ་རྫས་བཀོདཿ ལན་བུ་དར་བྱ་གཟུགས་བརྙན་ཚོགསཿ མ་མོའི་སྤྱོད་པ་མཚོན་པའི་རྟེནཿ བླང་དོར་མེད་པས་ཐུགས་དམ་བསྐངཿ བྷྱོཿ མདོས་ལ་རྣམ་པ་དུ་ཡོད་དེཿ སྒྲུབ་པའི་མདོས་དང་སྐོང་བའི་མདོསཿ གཡུལ་ངོར་བཟློག་དང་གནོད་མདོས་དངཿ ཕོ་མདོས་མོ་ལ་གཏང་བ་དངཿ མོ་མདོས་ཕོ་ལ་གཏང་བ་དངཿ སྤྱི་མདོས་སྒོས་ལ་གཏང་བ་དངཿ སྒོས་མདོས་སྤྱི་ལ་གཏང་བ་ལསཿ དེ་རིང་ཐུགས་དམ་བསྐང་བའི་ཕྱིརཿ སྲིད་པ་མ་མོའི་དཀྱིལ་འཁོར་དུཿ ལྕམ་དྲལ་སྤྱི་ལ་འབུལ་བ་ནིཿ མདའ་ཁྲབ་ཐབས་ཀྱི་ཕྱག་མཚན་ལཿ འཕང་ནི་ཤེས་རབ་ཕྱག་རྒྱར་མཐུནཿ རྒྱང་བུ་སྐུ་གསུང་ཐུགས་ཀྱི་རྟེནཿ རྩེ་ལ་དེ་ནི་རྨ་བྱའི་མདོངསཿ མགུལ་ན་ཡུངས་དཀར་ཤ་ར་རཿ སྐེད་ལ་དར་ཚོན་པུ་རུ་རུཿ ཁྱོད་ཀྱི་ཞལ་དང་གཉིས་སུ་མེདཿ ཕོ་གདོང་དེ་ནི་སྟག་ལས་ངརཿ སྐྱེས་པ་ཕོ་ཡི་གླུད་དུ་འབུལཿ མོ་གདོང་དེ་ནི་སྙིང་དུ་སྡུགཿ ཟ་མ་མོ་ཡི་གླུད་དུ་འབུལཿ ནམ་མཁའ་སྣང་སྟོང་གཉིས་སུ་མེདཿ མ་རིག་སེམས་ཀྱི་


JLAZ011_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་དུ་འབུལཿ སྣང་སྲིད་ཀུན་ལ་ཁྱབ་པ་ནིཿ སྔགས་སྲུང་ཨེ་ཀ་ཙ་ཊི་ཡིནཿ དྲེགས་པ་ཡོངས་ཀྱི་སྡེ་དཔོན་ནིཿ ལྷ་ཆེན་མ་ཧཱ་ཀཱ་ལ་སྟེཿ བསྟན་པ་ཀུན་གྱི་སྲུང་མ་ནིཿ མགོན་པོ་བདུན་ཅུ་རྩ་ལྔ་ཡིནཿ བསྐང་བའི་སྐོང་མདོས་ཆེན་པོ་ནིཿ དངོས་འཛིན་རང་རྒྱུད་མ་ཡིན་ཏེཿ ཏིང་ངེ་འཛིན་གྱིས་སྤྲུལ་པས་ནཿ ཡས་ཆད་སྨྲང་གིས་འཐུད་པ་ཡིནཿ མ་ཚང་མེད་པའི་མཐུན་རྫས་ཀྱིསཿ སྐོང་ངོ་བསྐལ་པར་ཐུགས་དམ་བསྐངཿ ཆག་ཆེ་ཉམ་ང་དགྲ་འདྲེ་དངཿ བྱད་ཁ་ཕུར་ཁ་མི་ཁ་སོགསཿ མི་མཐུན་ནད་དལ་ཞི་བ་དངཿ ཚེ་དཔལ་ལོངས་སྤྱོད་རྒྱས་པ་དངཿ ཁམས་གསུམ་དབང་དུ་འདུ་བ་དངཿ དགྲ་བགེགས་ཐལ་བར་རློག་པ་དངཿ བཀྲ་ཤིས་ཕུན་ཚོགས་བདག་ལ་སྩོལཿ ས་མ་ཡཿ རྒྱ་རྒྱ་རྒྱཿ ཿ


previousབཀའ་སྲུང་མ་མགོན་ལྕམ་དྲལ་ལསཿ མདོས་སྐོང་སྲིད་པ་གཞི་བཞེངས།next