Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
སྨན་སྒྲུབ་ལག་ལེན་ཟིན་ཐོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨན་སྒྲུབ་ལག་ལེན་ཟིན་ཐོ།next

སྨན་སྒྲུབ་ལག་ལེན་ཟིན་ཐོ།


JLAZ011_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་སྒྲུབ་ལག་ལེན་ཟིན་ཐོ་བཞུགསཿ བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་ལ་ན་མཿ སྤྱིར་སྨན་སྒྲུབ་ཀྱི་ལག་ལེན་ལ། ཤ་ལྔ་བདུད་རྩི་ལྔ་ལ་བརྟེན་པ་རྒྱ་གར་རིག་འཛིན་གྱི་ལུགས། རྩ་བརྒྱད་ཡན་ལག་སྟོང་ལ་བརྟེན་པ་དྲང་སྲོང་སྨན་པའི་ལུགས། སྨན་སྣ་བརྒྱ་དང་རྩ་བརྒྱད་ལ་བརྟེན་པ་ཚངས་པ་ལྷའི་ལུགས་ཞེས་གྲགས་ཀྱང་གླེང་གཞི་ཙམ་དུ་ཟད་ལ། དེ་ལ་རྒྱུད་འབུམ་ནང་གི་བདུད་རྩི་བམ་པོ་བརྒྱད་པ་དང༌། བཀའ་བརྒྱད་བདེ་གཤེགས་འདུས་པ་ཁུངས་དང་རྩ་བ་ཉིད་ཀྱང༌། དེ་གཉིས་ནས་བཤད་པའི་བྱ་བ་དང་བྱེད་པ་པོ་གཉིས་ཀའི་རྒྱུ་རྐྱེན་ཚོགས་པར་དཀའ་མོད། སྨན་ལ་འབྲུ་རྩམ་བསྲེ་བའི་གཟུ་ལུམས་དང༌། སྦྱང་རྟོགས་སྦར་བའི་ནུས་པ་མ་མཆིས་བཞིན་དུ་ཐ་མལ་གྱི་ཟག་རྫས་སྦྱོར་བ་སོགས། རྨེ་བ་བརྩེགས་པའི་ཉམས་གྲིབ་སྒྲུབ་པ་སྤངས་ལ། རིམ་གཉིས་ལ་ནུས་པ་ཐོབ་ངེས་ཀྱི་བདུད་རྩི་ལྔ་དང༌། དེ་བཞིན་དུ་སྒྲུབ་པ་པོ་རང་ཉིད་རྟོགས་པས་རང་རྒྱུད་གྲོལ་ནས་གཙང་རྨེའི་བླང་དོར་ཟད་ཅིང་སྦྱང་རྟོགས་སྦར་བའི་ནུས་པ་ཐོབ་པ་ཡིན་ཚེ་ཤ་ལྔ་དངོས་བསྟན་སྦྱར་དུ་རུང་ལ། གཞན་དུ་གོང་མ་ཁྱད་པར་ཅན་གྱིས་བསྒྲུབས་པའི་ཕབས་ལ་གཙོ་བོར་བརྟེན་པ་གཅེས་སོ། །དེ་དག་གི་སྐྱོབ་ཏུ་སྦྱར་བའི་སྨན་ནི་བཟང་དྲུག་གཙོ་བོར་གྱུར་བའི་སྨན་དུག་རིགས་མེད་པ་


JLAZ011_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དག་སྦྱར་དུ་རུང་ཡང་རོ་དང༌། ཁ་དོག་དང༌། ནུས་པའི་སྤྱང་ཀིར་གྱུར་པ་སྤང་བའི་ཕྱིར་གཞི་མ་ཨ་རུ་ར་གསེར་མདོག་འབྱོར་ན་རབ། དེ་མིན་ཤ་ཆེན་འཕེལ་བྱེད་ལ་སོགས་ཤ་རུས་བྲལ་བའི་ཤ་རྐྱང་ཇི་ཙམ་འབྱོར་པ་དང༌། སྐྱུ་རུ་ར་དེའི་ཕྱེད་ཆ་ཙམ། བ་རུ་ར་དེའི་ཡང་གསུམ་ཆ་ཙམ་ལ། ཤིང་ཚྭ། སེང་ལྡེང་གི་སྙིང་ཁུ། ཤིང་མངར། ཁ་ཆེ་གུར་གུམ། སུག་སྨེལ། རུ་རྟ། ཙནྡན་དཀར་དམར། སེ་འབྲུ། ལི་ཤི་སོགས་ཇི་ཙམ་མང་བ་ལེགས་ཤིང༌། ཀ་ར། བུ་རམ། སྦྲང་རྩི་སོགས་ཀྱང་དེ་མཚུངས། རོ་ཚ་བ་དང་ཁ་དོག་གནག་པའི་རིགས་མང་པོ་མི་གཏོང༌། དེ་ལྟར་སྨན་རྣམས་ཚོགས་པ་དང༌། སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྒྲུབ་ཁོག་ལྟར། རྒྱལ་ཐོ་གཟུགས་པ་ནས་བཟུང་མ་ཏྲཾ་བསྒྲལ་བ་ཡན་ཟིན་རྗེས། དཀྱིལ་འཁོར་གྱི་གཞི་དེར་མུ་ཁྱུད་རིམ་པ་གཉིས་བསྐོར་བའི་ལྟེ་བར་ཆོས་འབྱུང༌། ཟླ་གམ་གསུམ་ལ་རླུང་དཀྱིལ་གཞུའི་དབྱིབས་བ་དན་ཅན། མུ་ཁྱུད་ཕྱི་མ་ལ་ཆོས་འབྱུང་གི་ཟུར་དང་བསྟུན་པའི་ཐོད་སྐམ་གསུམ་དང༌། བར་མཚམས་ཐམས་ཅད་མེ་རིས་བསྐོར། ཆོས་འབྱུང་གི་ནང་མར་མེ་རོ་རས་ཀྱི་སྡོང་བུ་ཅན་དགུ་དང༌། མེ་རིའི་ཕྱིར་ཁྲོ་བཅུའི་ཕུར་པ་བཀོད། དེའི་སྟེང་དུ་སྒྲོམ་ཁྲི་སྟེང་ཤོད་དང༌། ཉིས་བརྩེགས་ཀྱི་འོག་མ་


JLAZ011_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་འགོད་ཡུལ་ལ་རློན་སྒྲུབ་ལ་མར་མེ་སྦར་དགོས་པས་མེ་ལྕེས་གནོད་པ་བསྲུང་ཕྱིར་རྒྱ་ཁྲ་མིག་མང་རིས་དང༌། སྟེང་མའི་ཐོག་སྟེང་རྡུལ་མཚོན་ནམ། རས་བྲིས་འདིང་བ་གང་འོས་བྱ། དཀྱིལ་འཁོར་ལ་དབང་རྫས་བཀོད། དེ་ནས་སྨན་ཁྲོལ་བུར་བསྒྲུབ་ཕྱིར། རྒྱ་ཁྲ་མིག་མང་རིས་ཀྱི་སྟེང་ཐོད་པ་ལྔ་ཚོམ་མམ། སྨན་མང་པོ་ཡོད་ན་སྨན་གཞོང་ཆེན་པོར་མཚོན་པ་ཙམ་དུ་ཐོད་པ་ལྔ་ཚོམ་དང་བཅས་ནང་ཁོངས་ཐམས་ཅད་ཁྲོལ་བུས་བཀང༌། དེ་ཡང་ཤ་ལྔ་བདུད་རྩི་ལྔ་སོ་སོའི་སྐྱོབ་དང་བཅས་རིགས་དང་མཐུན་པར་འགོད་ཚུལ་སྒྲུབ་གཞུང་ལྟར་ཏེ། དྲི་ཆེན་གླང་ཤ་ཛཱ་ཏི་ཤར། །ཞེས་པའི་མཚོན་ནོ། །དེ་ལྟ་མོད་ཀྱི་ཕྱིས་འབྱུང་སྨན་འབོར་ཆེན་པོ་སྒྲུབ་པའི་སྲོལ་དར་བས་དེ་ལྟར་ན་བཏགས་བཙག་གི་བྱ་བ་ལ་ཡུན་རིང་དུ་འགོར་བས་སྒྲུབ་པ་ཞུད་པའི་ཉེས་པ་འགེགས་ཕྱིར་སྨན་བྱིངས་ནི་ཐོག་མ་ནས་འཐག་པ་ཤས་ཆེ་ཡང༌། གཞུང་གི་དགོངས་པ་མི་ཉམས་ཕྱིར་ཤ་ལྔ་བདུད་རྩི་ལྔ་འབྲས་བུ་གསུམ་འོས་རིགས་ཕབ་རྒྱུན་བཟང་དྲུག་དང་བཅས་པ་འགོད་ལུགས་དེ་ལྟར་བྱས་ནས་སྐབས་ལ་བབས་པ་ན་བཏགས་བཙག་གི་བྱ་བ་ལ་འཇུག་གོ །དེ་ལྟར་ཁྲོལ་བུ་དང་ཕྱེ་མ་ཇི་ལྟར་ཡིན་ཀྱང་སྨན་གཞོང་ལ་དར་དམར་པོའི་ཁེབས་བཀབ། དར་ཚོན་ལྔས་རྒྱ་ཆིངས་གདག །


JLAZ011_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཐོར་ཚུགས་དང་པྲོག་ཞུ་གསོལ། རྡོར་དྲིལ་བསྣོལ་མར་འཆིང༌། གུ་གུལ་གྱིས་བདུག་སྟེ་སྨན་ཁང་དུ་བཞུགས་སུ་གསོལ། དེ་ནས་མཚམས་དམ་པར་བཅད། སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལས་གཞུང་བསྲངས་ནས་བདག་བསྐྱེད་ཀྱི་གཙོ་བོའི་བཟླས་པ་སྟོང་ཕྲག་ཙམ་དང༌། གཞན་རྣམས་འོས་རིགས་བཟླས་རྗེས་མདུན་བསྐྱེེད་ཆེ་མཆོག་བདུད་རྩི་འཁྱིལ་བ་ཡོན་ཏན་འདུས་པའི་སྐམ་སྒྲུབ་ཀྱི་ངག་རེ་དོན་དང༌། སྒོམ་བཟླས་ཟུང་དུ་འབྲེལ་བ་ལ་ཡིད་གཞུངས་ན་འཇུག་པ་བདེ་ཞིང་བཀའ་བརྒྱད་བདེ་གསང་གཉིས་དང༌། བམ་བརྒྱད་ཀྱི་དགོངས་པ་དངོས་བསྟན་ལ་འབྱོར་བ་ཡིན་ནོ། །དེ་ལྟར་ཁྲོལ་སྒྲུབ་ཞག་གསུམ་ནས་ལྔའི་བར་གང་རིགས་ཐུན་བཞིར་བཅད་ནས་བསྒྲུབས་རྗེས། དངོས་གྲུབ་ལེན་ཆོག་གཞུང་བཞིན་དང༌། དཀྱིལ་འཁོར་གྱི་ཕྱོགས་སོ་སོར་བཏགས་བཙག་གི་ས་བཅད་གཞུང་ལྟར་བྱ། དེ་ནས་སྨན་ཕྱེ་མ་རྣམས་འདྲེས་པར་སྦོལ། སེང་ལྡེང་དང་རྒྱ་ཇའི་ཁུ་བ་གར་མོ་དྲོད་དང་ལྡན་པ་ལ་ཕབ་རྒྱུན་བཏབ་སྟེ་ཁུ་བར་བཏང་ནས་སྦོལ། བུ་རམ་དང་སྦྲང་རྩི་ལ་སོགས་པའང་ཆང་གར་ལ་སྦྱངས་ཏེ་མཚམས་གཏོང༌། ཐགས་ཆེས་ན་ལྡེ་གུར་འདྲིལ་ཞིང་ཆུང་ན་ལྟོ་མི་རླན་པས་རན་པར་བྱེད། ཧ་ལམ་སྦོལ་ཚར་བ་ལ་དྲི་བཟང༌། གུར་གུམ། བཟང་དྲུག་གི་ཕྱེ་མ་རྣམས་


JLAZ011_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ནས་འདྲེས་པར་བྱེད། སྨན་མང་ཉུང་དང་བསྟུན་པའི་ཕབ་རྩི་ཞིབ་མོ་ཚགས་ཀྱིས་བཙགས་པ་བཏབ། ནམ་དུས་དང་བསྟུན་པའི་དྲོད་བཏང༌། དྲོད་ཆེས་ན་རུལ་སྐྱོན་དང་། ཆུང་ན་མི་ལངས་པའི་སྐྱོན་ཡོད། གོས་ཆེན་དམར་སེར་ཀྱི་ཁུགས་མར་བླུགས། དར་སྣའི་རྒྱ་ཆིངས་བཏབ། ན་བཟའ་དང་དབུ་རྒྱན་པྲོག་ཞུ་གསོལ། རྡོར་དྲིལ་བསྣོལ་ནས་འཆིང༌། གུ་གུལ་བདུག་པ་སྔར་བཞིན་སྨན་ཁང་དུ། གཟུངས་ཐག་དང་རྨུ་ཐག་བཏགས། འོག་ནས་དྲོད་འབེབས་སམ་ཐུགས་དམ་རྒྱུད་བསྐུལ་གྱི་མར་མེ་རྒྱུན་མི་ཆད་དུ་སྦར། བཀའ་བརྒྱད་ཀྱི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔར་དང་འདྲ། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད་ཀྱི་བདག་ཉིད་དུ་ཞལ་བསྒྱུར་བ་ནི། ཨཱཿརང་བྱུང་སྤྲུལ་པའི་ཕོ་བྲང་དབུས། །ཞེས་སོགས་ལ་འཇུག་པ་ནི་ཆེ་མཆོག་བདུད་རྩི་འཁྱིལ་བ་ཡོན་ཏན་འདུས་པའི་དཀྱིལ་འཁོར་ལྟར་རོ།།ཡང་དུས་དྲུག་ཏུ་ཉུལ་ལེ་བསྐྲད་པ་དང༌། དེ་ཁའི་རྗེས་འབྲེལ་དུ་བྱིན་འབེབས་བྱེད་པ་རྡོ་རྗེ་སློབ་དཔོན་ཆོ་ག་རགས་དང་བཅས་ཉུང་ཟད་ཀྱིས་བྱ་ལ། བྱིངས་རྣམས་ནི་བཟླས་པ་ཁོ་ན་ལ་གཙོར་འདོན་དུ་བྱས་ནས་ཉིན་མཚན་གསུང་མི་ཆག་ཏུ་བསྐྱེད་རྫོགས་བཟླས་གསུམ་གྱི་གདེང་དང་མ་བྲལ་བ་མ་བྱུང་ན་རོལ་


JLAZ011_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་གཙོ་བོར་བྱེད་པ་སྒྲུབ་པའི་གཟུགས་བརྙན་དུ་འཁྱམས་པ་ཡིན་ནོ། །རྗེས་ཀྱི་བྱ་བ་ནི་གཞུང་ལས་ཤེས་སོ། །ཞེས་པའང་འབྲི་གུང་ཟུར་སྤྲུལ་རིན་པོ་ཆེའི་དགོངས་བཞེད་བཞིན་ཕྱག་ལེན་གྱི་ཟིན་བྲིས་ཙམ་དུ་འཇིགས་མེད་གླིང་པས་སོ། །


previousསྨན་སྒྲུབ་ལག་ལེན་ཟིན་ཐོ།next