Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་དྲག་པོ་རྟ་ཁྱུང་འབར་ལསཿ ཀླུའི་གདོན་འགྲོལ་འོག་གདོན་མཐར་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་དྲག་པོ་རྟ་ཁྱུང་འབར་ལསཿ ཀླུའི་གདོན་འགྲོལ་འོག་གདོན་མཐར་བྱེད།next

བླ་མ་དྲག་པོ་རྟ་ཁྱུང་འབར་ལསཿ ཀླུའི་གདོན་འགྲོལ་འོག་གདོན་མཐར་བྱེད།


JLAZ011_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ བླ་མ་དྲག་པོ་རྟ་ཁྱུང་འབར་ལསཿ ཀླུའི་གདོན་འགྲོལ་འོག་གདོན་མཐར་བྱེད་བཞུགསཿ


JLAZ011_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོ་གཉེན་པོ་གསུམ་ལྡན་ལ་ན་མཿ རྟ་ཁྱུང་འབར་བའི་སྒོ་ནས་ཀླུའི་གདོན་འགྲོལ་ཟབ་མོ་ལ་སྦྱོར་དངོས་རྗེས་གསུམ་ལསཿ དང་པོ་ནིཿ སྟེགས་གཙང་མར་བུམ་གདན་པདྨ་འདབ་བརྒྱད་དམཿ འབྲུ་ཚོམ་གྱི་ཁར་ལས་བུམ་བཅུད་ལྡན་དངཿ བདག་བུམ་གཉིས་འཐུས་ཀྱི་སྨན་གཏོར་རཀྟ་ཉེར་སྤྱོད་དང་བཅས་བཤམཿ ཅི་བདེར་འབྱུང་པོ་རྣམས་གནས་ལ་ཆགས་པས་དོགས་གནས་ཀྱིས་བཀྲམ་པའི་སྟེང་ནེའུ་སེང་ཀླུ་ཤིང་ཕྲ་མ་ལ་སོགས་པས་བསྐོར་བའི་ནང་ཁོངས་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ཀླུ་གཟུགས་ཐལ་སྦྱར་སྦྲུལ་མཇུག་ཅནཿ མགོ་སྦྲུལ་གྱི་གདེངས་ཀས་མཚན་པ་དངཿ འདབ་མ་བརྒྱད་ལ་གདོན་གཟུགས་སྦྲུལ་འཁྱིལ་བའི་རྣམ་པ་ཅན་རེ་བཀོདཿ ཀླུ་གཟུགས་ཀྱི་ལྷུག་མའི་ཁྲིའུའི་ཁར་རྫ་བུམ་འོ་ཆབ་ཀྱིས་བཀང་བར་ཀླུ་སྨན་དངཿ


JLAZ011_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གསུམ་མངར་གསུམ་བཏབ་པ་བཞགཿ ནེའུ་སིང་གི་ཕྱོགས་མཚམས་སུ་ཀླུ་གཏོར་སྦྲུལ་དཀྲིས་བརྒྱད་དངཿ ཀླུ་ནོར་ཉེར་གཅིག་སོགས་མཐུན་པའི་ཡས་རྫས་བཀོདཿ ལོགས་གཅིག་ཏུ་ནད་པའི་གླུད་དཀོར་རྒྱས་པ་དངཿ འོ་ཆོལཿ ཆབ་གཏོརཿ སྣས་སྐུད་ནག་པོཿ རྨ་བྱའི་མདོངས་དང་གླག་གི་སྒྲོ་སོགས་འདུ་བྱའོཿ གཉིས་པ་དངོས་གཞི་ལ་བདུན་ལསཿ དང་པོ་བདག་བསྐྱེདཿ རྟ་ཁྱུང་འབར་བའི་ལས་གཞུང་བསྲངས་ལ་བཟླས་པའི་ཚེ་ཀླུ་དབང་དུ་བསྡུ་བ་དང་གཟིར་གནན་གྱི་དམིགས་པ་ལ་གནད་དུ་བསྣུན་ནོཿ གཉིས་པ་ལས་བུམ་སྒྲུབ་ནིཿ བསང་སྦྱངསཿ སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་རྫོགས་པའི་ནང་དུ་ཆུ་སྲིན་ཉ་སྦྲུལ་ལ་སོགས་པ་གདོན་གཟུགས་འབའ་ཞིག་ལས་གྲུབ་པའི་གཞལ་


JLAZ011_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཁང་གི་དབུས་སུ་ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན་ལ་པདྨ་ཉི་ཟླའི་སྟེང་དུ་ཕེ་ནག་པོ་ལས་འོད་ཟེར་འཕྲོས་དོན་གཉིས་བྱསཿ ཡོངས་སུ་གྱུར་པ་ལསཿ བཅོམ་ལྡན་འདས་འཇམ་དཔལ་ཁྲོ་བོའི་རྒྱལ་པོ་ནཱ་ག་རཀྴ་སྐུ་མདོག་ཆར་སྤྲིན་ལྟར་གནག་པ་ལ་དབུ་དགུ་སྲིན་ཞལ་ཁྲོས་པའི་ཉམས་ཅན་སྦྲུལ་མགོའི་གདེངས་ཀ་དགུས་བརྗིད་པའི་སྦྲུལ་མགོ་དབུས་མ་ལ་རིན་པོ་ཆེའི་པྲོག་ཞུས་མཚན་པ་ཕྱག་བཅོ་བརྒྱད་ན་གྲི་གུག་དང་སྦྲུལ་ཞགས་འཛིན་པའི་རྩ་ཕྱག་གཉིས་ཐུགས་ཀར་སྟེང་འོག་དངཿ གཞན་རྣམས་གདེངས་སྟབས་འཇིགས་པའི་སྐུ་ལ་ཁྲོ་བོའི་རྒྱན་ཐམས་ཅད་རྫོགས་པའི་སྤྱི་བོར་ཨོཾཿ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་བསྒོམས་པ་ཇི་ལྟ་བའི་ཡེ་ཤེས་པ་སྤྱན་དྲངསཿ ཛཿཧཱུྃཿབཾ་ཧོས་གཉིས་མེད་བསྟིམཿ ཨརྒྷཾ་ནས་ཤབྟའི་བར་དང་སརྦ་པཉྩ་བྷ་ལིང་ཏ་ཁཱ་ཧིས་མཆོདཿ སྐུ་མཆོག་ཁྲོས་པ་སྲིན་པོའི་གདོངཿ ཀླུ་གཉན་ས་བདག་འདར་ཞིང་སྐྲགཿ བདུད་རྣམས་ཡུན་གྱི་བདུད་ཆེན་པོཿ ཁྱོད་ལ་སྐྱབས་མཆི་ཕྱག་འཚལ་བསྟོདཿ བཟླས་དམིགས་ནིཿ སྙིང་རྗེ་ཁྲོས་པའི་དྲག་ཤུལ་གྱིསཿ ཀླུ་གདོན་གདུག་པ་ཚར་གཅོད་ཕྱིརཿ ཐུགས་ཀར་འཇམ་དཔལ་ཞི་བ་བསྒོམཿ སྲིན་ཞལ་རྣམས་ནས་སྔགས་ཀྱི་སྒྲཿ མེ་སྟག་


JLAZ011_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་བ་ལྟ་བུ་ཡིསཿ ལོག་འདྲེན་གནོད་བྱེད་ཚར་བཅད་གྱུརཿ ཨོཾ་ཕེ་ལང་ཧཱུྃཿ ཞེས་བཟླ་གལ་ཏེ་གདོན་སྟོབས་ཆེ་ཞིང་རང་ཉིད་གཉེན་པོ་སྟོབས་ཀྱི་ལྷ་གྱད་དུ་གྱུར་པ་ཡིན་ནཿ ནག་པོ་ཏི་པ་ཙ་ཡ་ནཱ་ག་རཱ་ཙ་ཧཱུྃ་ཕཊཿ ཅེས་བཟླ་བའི་གནད་མ་ཤེས་ན་དྲག་སྔགས་ཐུབ་ཆོད་དུ་བགྲངས་བས་རང་སྲོག་གཅོད་པ་མཐོང་ངོཿ འཇམ་དྲག་གང་བཟླ་ཡངཿ ཤམ་བུརཿ ཨོཾ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་སརྦ་བི་ཥ་ཏ་ར་ཕཊཿ ཅེས་འདོགས་སྟོང་ཚོ་ལས་མི་ཉུང་བར་བཟླས་རྗེསཿ ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ནས་བུམ་ལྷ་འོད་ཞུ་བྱའོཿ གསུམ་པ་ཀླུ་བུམ་སྒྲུབ་ཅིང་ཀླུ་དགུག་པ་ནིཿ རང་ཡི་དམ་དུ་གསལ་བའི་མདུན་དུ་ནེའུ་སེང་དང་ལྗོན་ཤིང་མེ་ཏོག་བཀྲ་བའི་སྐྱེད་མོས་ཚལ་གྱི་ནང་དུ་འཛམ་བུའི་གླིང་གི་ཀླུ་གཉན་ས་བདག་ཐམས་ཅད་འཁོད་པའི་སྟེང་གི་ནམ་མཁའ་ལ་འོད་སྣང་ལས་གྲུབ་པའི་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་འོ་ཆབ་དང་ཀླུ་སྨན་གྱིས་གང་བའི་སྟེང་ན་སངས་རྒྱས་ཀླུ་དབང་གི་རྒྱལ་པོ་སྐུ་མདོག་སྔོན་པོ་མགྲིན་པ་པ་ཡན་ཆད་དཀར་པོ་ལ་ཕྱག་གཉིས་ཀར་ཀླུ་ཐམས་ཅད་ངན་སོང་ལས་སྒྲོལ་བའི་ཕྱག་རྒྱ་ཅན་གསལ་བ་ལས་འོད་ཟེར་དྭངས་ཤིང་བསིལ་བར་འཕྲོས་པས་ཀླུ་གཉན་ས་བདག་ཐམས་ཅད་རླུང་གིས་བསྐྱོད་པ་བཞིན་རང་དབང་མེད་པར་བཀུག་ནས་གཟུགས་བརྙན་དང་འདྲེསཿ རང་རང་གི་ནད་དང་སྡུག་


JLAZ011_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཐམས་ཅད་བསལཿ སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་བུམ་པ་གང་ཞིང་ཀླུ་གསོ་བའི་ནུས་པ་དང་ལྡན་པར་བསམ་ལཿ ཨོཾ་ན་མོ་བྷ་ག་ཝ་ཏེ་ཤྭ་ར་རཱ་ཛ་ག་སརྦ་དུརྒ་ཏེ་ཤཱནྟིང་ཀུ་རུ་སྭཱ་ཧཱཿ ཅི་ནུས་བཟླས་རྗེས་ཀླུ་ལ་བདེ་བ་སྦྱིན་པའི་གཟུངསཿ ཏདྱ་ཐཱཿ དྷ་ར་ནིཿ ཨུད་ཏ་རི་ནིཿ སཾ་པྲ་ཏིཥྛ་ཏེཿ བི་ཛ་ཡ་ཝརྣ་པད་ཏྱཿ པྲ་ཏིཀ་པ་རཧཿ གཉན་ན་བ་ཏིཿ ཨུད་དྷི་སདྷ་ནིཿ བི་ན་མ་ནིཿ ཨ་བི་ཤེ་ཙ་ནིཿ ཨ་བི་བྱ་ཧ་རཿ ཤུ་བྷ་ཧ་བ་ཏིཿ ཨ་ཛཱི་མ་ངྷུཿ ཨེ་ཧི་ཀུཾ་ས་ལ་ནིཿ བཧ་ཧ་རོ་ཀཱ་ཤཱ་ནཱཿ ངྷུ་ན་པཱ་པཾཿ ཤོ་དྷ་ཡཿ མརྒ་ན་ནིཿ རི་ཧ་ཀཿ དྷརྨ་ཏ་ཤུདྡྷཿ ལོ་ག་པི་ཏི་མ་རིཿ ར་ཙས་དུ་ཁ་ཤ་མ་ནཿ སརྦ་ཤུདྡྷ་ཨ་ཝ་ལོ་ཀ་ནཿ ཨ་དྷིཥྛ་རིཿ པྲད་ཉ་གཉའ་ན་པེ་སྭཱ་ཧཱཿ ཅི་རིགས་བརྗོད་ནས་བུམ་ལྷ་འོད་ཞུ་བྱའོཿ བཞི་པ་ཀླུ་དང་འཁོན་སྐྱོང་ཞིང་ལུས་སེམས་གསོ་བ་ནིཿ གཏོར་ཡས་རྣམས་སྔགས་དྲུག་ཕྱག་དྲུག་གམཿ བསྡུ་ན་ནམ་མཁའ་མཛོད་ཀྱིས་བརླབཿ རང་ཉིད་ཇོ་བོ་ཁ་སར་པ་ཎིར་བསྐྱེདཿ བྱང་ཆུབ་ཀྱི་སེམས་དང་ལྡན་པསཿ ཧྲཱིཿ ང་ནི་སྤྱན་རས་གཟིགས་དབང་ཡིནཿ ཁྱོད་ནི་འབྱུང་པོ་རང་རྒྱུད་ཅནཿ བྱོལ་སོང་གདུག་པ་ཀླུ་ཡི་རིགསཿ འབྱུང་བ་ཀུན་ལ་གནས་བཅས་ཤིངཿ རྒྱལ་རིགས་རང་བཞིན་འཇམ་པ་དངཿ ལེགས་ཉེས་སྟངས་འཛིན་རྗེ་བྲམ་རིགསཿ གནོད་པའི་བདག་ཉིད་རྨོངས་གདོལ་


JLAZ011_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སོགསཿ གཙོ་བོ་ནོར་རྒྱས་དུང་སྐྱོང་དངཿ འཇོག་པོ་པདྨ་པདྨ་ཆེཿ རིགས་ལྡན་མཐའ་ཡས་སྟོབས་རྒྱུ་དངཿ ནམ་མཁར་གནས་པའི་གཉན་གྱི་རིགསཿ ས་ལ་དབང་བྱེད་ས་བདག་སོགསཿ ཁྱོ་ཤུག་མཛའ་གཅུགས་བྲན་ཁོལ་ཀུནཿ ཞི་བའི་སེམས་ཀྱིས་ད་ཚུར་སྤྱོནཿ དེང་གི་རྒྱུ་སྦྱོར་ཡོན་བདག་ལཿ ཁྱོད་རྣམས་འཁོན་གཅུགས་སྦྱང་བའི་ཕྱིརཿ གནས་རྟེན་ལོངས་སྤྱོད་སྐྱེད་མོས་ཚལཿ དཀར་གསུམ་མངར་གསུམ་འོ་ཆོལ་དངཿ གཏོར་ཚོགས་རྩི་སྨན་རྒྱ་མཚོས་བརྔནཿ རྨོངས་དང་འདོད་པའི་དབང་གྱུར་པསཿ ས་གཉན་བརྐོས་དང་བྲག་གཉན་གཤགསཿ ཤིང་གཉན་བཅད་དང་ཆུ་གཉན་དཀྲུགསཿ རི་གཉན་དཀྲོགས་དང་གནས་རྟེན་བཤིགཿ ཐབ་གཞོབ་འཁོན་དང་གྲིབ་ལ་སོགསཿ མདོར་ན་སྣོད་ཀྱི་འཇིག་རྟེན་ཀུནཿ ཁྱོད་དང་མ་འབྲེལ་གང་ཡང་མེདཿ དེ་དག་ཀུན་ལ་ཕོག་ཐུག་དངཿ ནོངས་པ་གང་བགྱིས་མཐོལ་ལོ་བཤགསཿ བཟུང་བ་ཐོང་ལ་བཅིང་པ་ཁྲོལཿ བསྡམས་པ་གློད་ལ་མནན་པ་ཐེགཿ མཐོང་རེག་ཁ་རླངས་དུག་ལ་སོགསཿ རང་བཞིན་མེད་པའི་དབྱིངས་སུ་སྡུསཿ ལས་དང་རྐྱེན་ལས་ཀླུ་རྣམས་ཀྱིཿ དབང་པོ་ཡན་ལག་ཉམས་པ་དངཿ མཁའ་ལྡིང་མེ་དང་བྱེ་ཚན་དངཿ རིག་སྔགས་གནོད་པ་མཐའ་


JLAZ011_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀུནཿ བྱང་ཆུབ་སེམས་དང་རྟེན་འབྲེལ་རྫསཿ སྔགས་ཀྱི་ནུས་པས་གསོས་གྱུར་ཅིགཿ ཅེས་བརྗོད་ལ་ཀླུ་བུམ་ནས་ཀླུ་རྟེན་རྣམས་ས་ལ་འཐོར་ཞིངཿ སཾ་བྷ་ར་བདུན་རེའི་མཐརཿ དེ་བཞིན་གཤེགས་པ་བཞིའི་མཚན་དངཿ ཀླུ་དགའ་བར་བྱེད་པའི་ཕྱག་རྒྱ་བསྟན་ལཿ ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱཿ ཞེས་བདུན་བརྗོདཿ དེ་ལྟར་གྱེར་སྔགས་སྤྲེལ་བ་ཅི་ནུས་བྱཿ དོ་གལ་ཆེ་ན་བག་ཕྱེ་ལ་ཀླུ་སྨན་བཏབ་པའི་ཤོ་གཅིག་དངཿ ནད་པའི་དྲི་མ་བསྲེས་པའི་ཤོ་བཅོས་ལ་ནད་པ་མ་རྒྱལ་བར་དུ་གསོ་ཆོག་བསྐྱར་རོཿ ལྔ་པ་དམ་ཚིག་བསྒྲག་པ་ནིཿ ཧྲཱིཿ ང་ནི་འཕགས་པ་སྤྱན་རས་གཟིགསཿ སེམས་ཅན་ཀུན་ལ་བུ་ལྟར་བྱམསཿ སྙིང་རྗེ་ཆེན་པོའི་བདག་ཉིད་ཡིནཿ སེམས་ཅན་ཐམས་ཅད་ཕ་དང་མཿ མཛའ་བཤེས་མ་གྱུར་གཅིག་ཀྱང་མེདཿ དགེ་བ་ལས་ནི་མཐོ་རིས་དངཿ སྡིག་པ་ལས་ནི་ངན་སོང་བྱུངཿ དེ་ཕྱིར་ཕ་མར་གནོད་བྱེད་ནཿ དེ་འདྲའི་འབྲས་བུ་སུ་ཡིས་བཟོདཿ དེང་གི་རྒྱུ་སྦྱོར་ཆེ་གེ་མོསཿ ཁྱོད་ལ་ཕོག་ཐུག་བྱུང་བ་ཀུནཿ ཚིག་གིས་བཀྲོལ་ལ་བརྔན་གྱིས་བཅལཿ ཤ་མཁོན་མེད་པར་བྱས་ཟིན་ནསཿ ད་དུང་གནོད་སེམས་མི་གཏོང་ནཿ རྒྱལ་བའི་བཀའ་ལ་མི་ཉན་ཞིངཿ ལས་དང་རྒྱུ་འབྲས་ཁྱས་བསད་པསཿ ཀླུ་སྲིན་ཁྲོས་ནས་སྙིང་ཁྲག་འཐུངསཿ གསོ་བའི་སྨན་ཀྱང་དུག་ཏུ་འགྱུརཿ རིག་སྔགས་དྲག་པོའི་མེ་ཆར་འབེབསཿ བྱ་ཁྱུང་ནག་པོའི་ཁྲག་


JLAZ011_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་གཏོངཿ དེ་བས་དམ་ལས་མ་འདའ་བརཿ ཞི་བའི་སེམས་ཀྱིས་གནས་པར་གྱིསཿ ཞེས་བརྗོད་གདོན་དང་ནད་པ་གཉིས་ཀ་ལ་སྙིང་རྗེ་ཆེན་པོ་བསྒོམས་པས་ཕན་པ་ཆེའོཿ དྲུག་པ་དུག་དབྱུང་བ་ནིཿསྣས་སྐུད་ནག་པོས་ནད་པའི་རྐང་མཐེབ་དང་ཀླུ་གཟུགས་སྦྲེལཿ བདག་ཉིད་རྟ་ཁྱུང་འབར་བའི་བསྐྱེད་རིམ་གསལ་བས་ལས་བུམ་གྱི་ཆུས་ནད་པ་བཀྲུ་ཞིང་ནད་གདོན་ཐམས་ཅད་དྲི་ལམ་ནས་ཐོན་ཏེ་ནད་རང་བཞིན་མེད་པར་ཡལཿ གདོན་གཟུགས་བརྙན་རྣམས་ཀྱིས་བླངས་བར་བསམས་ནསཿ ཧཱུྃཿ ང་ནི་དཔལ་ཆེན་ཧེ་རུ་ཀཿ རྟ་སྐད་རྔམས་སྒྲས་སྟོང་གསུམ་གཡོཿ ཁྱུང་གི་ཚ་ཚྭས་ལོག་འདྲེན་བསྲེགཿ འབྱུང་བ་ཆེན་པོ་རྣམ་པ་བཞི་ནིཿ ལུས་ཅན་ཀུན་གྱི་རྟེན་ཡིན་ཏེཿ རླུང་མཁྲིས་བད་ཀན་འདུས་པའི་ནདཿ གདོན་རྣམས་ཀུན་གྱི་ཉེར་ལེན་ཡིནཿ དཀོན་མཆོག་གསུམ་གྱི་བདེན་པ་དངཿ ཁྲོ་རྒྱལ་ཆེན་པོའི་བྱིན་རླབས་ཀྱིསཿ ཀླུ་གཉན་ས་བདག་གདུག་པའི་གདོནཿ རང་དབང་མེད་པར་ཕྱིར་ཕྱུངས་ཤིགཿ ནད་ཀྱི་རྒྱུ་ནི་མ་རིག་པཿ རིག་པ་ཡེ་ཤེས་སྨན་ཆེན་གྱིསཿ རླུང་མཁྲིས་བད་ཀན་འདུས་མའི་ནདཿ རང་བཞིན་མེད་པའི་དབྱིངས་སུ་ཡལཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་སརྦ་བི་ཥ་ཏཱ་ར་ཕཊཿ ཅེས་པ་བརྒྱ་སྟོང་ཇི་ཙམ་ནུས་པས་


JLAZ011_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུ་ཞིང་ཁོང་དུ་མིདཿ དེ་ནས་རྨ་བྱའི་མདོངས་ཀྱི་དབུས་ནས་ཟླ་གདན་ལ་ཕེ་ལཾ་ཧཱུྃ་གསལ་བའི་འོད་ཟེར་གྱིས་ནད་ཐམས་ཅད་རླུང་དང་རྣག་ཁྲག་ཆུ་སེརཿ ཀླུ་གདོན་ཐམས་ཅད་སྦྲུལ་ནགཿ གཉན་རྣམས་སྡིག་པཿ ས་བདག་སྦལ་ལྕོངཿ གདོན་ཕྲ་མོ་རྣམས་ཀུ་རྩིའི་རྣམ་པར་འཐོན་ནས་གདོན་གཟུགས་རྣམས་ལ་ཐིམ་པར་བསམཿ བྱབ་ཅིངཿ བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་གཉེན་པོ་སྟོབས་ཀྱི་ལྷ་ལ་ཕྱག་འཚལ་ལོཿ བསྒྲུབ་བྱ་ཆེ་གེ་མོ་ལ་རྣམ་པར་གྱུར་བའི་ནད་རླུང་དངཿ མཁྲིས་པ་དངཿ བད་ཀན་དངཿ ལྡན་འདུས་ལ་སོགས་པའི་ནད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཁྱད་པར་དུ་ཀུན་བརྟགས་གདོན་གྱི་ནད་དངཿ གཞན་དབང་རྐྱེན་གྱི་ནད་དངཿ ཡོངས་གྲུབ་ཚེའི་ནད་དངཿ སྔོན་ལས་འབྲས་བུའི་ནད་ལ་སོགས་པ་བཞི་བརྒྱ་རྩ་བཞིའི་ནད་རིགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ གདོན་གྱི་རིགས་སུ་གྱུར་པ་ལྷའི་གདོན་དངཿ ལྷ་མ་ཡིན་གྱི་གདོན་དངཿ རླུང་ལྷའི་གདོན་དངཿ ནམ་མཁའ་ལྡིང་གི་གདོན་དངཿ དྲི་ཟའི་གདོན་དངཿ མིའམ་ཅིའི་གདོན་དངཿ ལྟོ་འཕྱེ་ཆེན་པོའི་གདོན་དངཿ གནོད་སྦྱིན་གྱི་གདོན་དངཿ སྲིན་པོའི་གདོན་དངཿ ཡི་དྭགས་ཀྱི་གདོན་དངཿ ཤ་ཟའི་གདོན་དངཿ འབྱུང་པོའི་གདོན་དངཿ


JLAZ011_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གྲུལ་བུམ་གྱི་གདོན་དངཿ སྲུལ་པོའི་གདོན་དངཿ ལུས་སྲུལ་པོའི་གདོན་དངཿ སྐེམ་བྱེད་ཀྱི་གདོན་དངཿ སྨྱོ་བྱེད་ཀྱི་གདོན་དངཿ བརྗེད་བྱེད་ཀྱི་གདོན་དངཿ དྲི་ཟའི་གདོན་དངཿ གནོན་པོའི་གདོན་དངཿ མཁའ་འགྲོའི་གདོན་དངཿ གྲིབ་གནོན་གྱི་གདོན་དངཿ ནམ་གྲུའི་གདོན་དངཿ གཤིན་རྗེའི་གདོན་དངཿ བྱའི་གདོན་དངཿ མ་མོ་དགའ་བྱེད་ཀྱི་གདོན་དངཿ ཀུན་ཏུ་འགྲོ་བའི་གདོན་དངཿ ཚེར་མ་དང་རེ་ལྡེ་འདོན་པ་ལ་སོགསཿ གདོན་རིགས་སུམ་བརྒྱ་དྲུག་ཅུའི་བྱད་དངཿ གདོན་དངཿ རིག་སྔགས་དངཿ གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ མདངས་དང་གཟི་བྱིན་ལ་སོགས་པ་ཁ་ཟས་རྣམ་པ་སྣ་ཚོགས་བཟའ་ཞིང་སྲོག་འཕྲོག་པ་ལ་དགའ་བའི་གདོན་གྱི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཁྱད་པར་དུ་ཞ་རེངས་འཁུམསགསུམ་དངཿ མཛེ་ཤུ་ཕོལ་འབྲས་གཡའ་ཟ་གཡན་པ་ལ་སོགས་པའི་བདག་པོ་གཟའ་ཀླུ་ས་བདག་རྗེ་བློན་གཉན་རྒོད་ལ་སོགས་པའི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་ས་ཀྲ་སརྦ་སྭཱ་ཧཱཿ ཀླུ་རྒྱལ་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀླུ་རྗེ་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀླུ་བྲམ་ཟེའི་རིགས་ཀྱི་


JLAZ011_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀླུ་དམངས་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀླུ་གདོལ་པའི་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་ཏྲག་རཀྴ་སྤྱི་ཏི་སྭཱ་ཧཱཿ ཀླུའི་རྒྱལ་པོ་དགའ་བོ་དངཿ ཉེ་དགའ་བོའི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཀུན་དགའ་དང་གཙུག་ན་རིན་ཆེན་གྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ མཐའ་ཡས་དང་དུང་སྐྱོང་གི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ནོར་རྒྱས་དང་གཟི་ཆེན་གྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་ཏྲག་རཀྴ་སྤྱི་ཏི་སྭཱ་ཧཱཿ གཞན་ཡང་སྟོབས་བཟང་དངཿ ཨེ་ལེའི་འདབ་མ་དངཿ གེལ་པ་དངཿ མ་དྲོས་དངཿ མི་ཞུམ་དངཿ རིགས་ལྡན་དངཿ སྐྱ་རེངས་དང་ལྡན་ལ་སོགས་པ་བློན་པོའི་རིགས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་ནཱ་ག་སརྦ་སྭཱ་ཧཱཿ གཅན་གཟན་དངཿ རི་དྭགས་དངཿ བ་ལང་དངཿ སྦྲུལ་ལ་སོགས་པའི་གདོང་ཅན་རྣམས་ཀྱི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་ནག་པོ་ཤུ་ཤུ་སརྦ་སྭཱ་


JLAZ011_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱཿ མདོར་ན་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལཿ མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ཀླུང་ཆུ་བྲན་ནེའུ་སེང་གྲོང་དང་གྲོང་ཁྱེར་ལ་སོགས་ཏེ་གནས་ལ་ངེས་པ་མེད་པའི་ཀླུ་ཐམས་ཅད་ཀྱི་མཐོང་བའི་དུག་དང་རེག་པའི་དུག་དངཿ ཁ་རླངས་ཀྱི་དུག་དངཿ བསམ་སྦྱོར་ངན་པའི་དུག་ལ་སོགས་པ་ཐམས་ཅད་ཞི་བར་གྱུར་ཅིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་ཡ་མ་ཤུ་ཤུ་སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ནམ་མཁའ་ལ་གནས་པའི་ས་བདག་ཐེ་སེ་ལ་སོགས་པ་མིང་དང་མཚན་ནས་མ་ཐོན་པ་ཐམས་ཅད་ཀྱི་ནད་དང་གནོད་པ་ཐམས་ཅད་ཞི་བར་གྱུར་ཅིགཿ ཨོཾ་ཧྲཱིཿཧཱུྃ་ཁྲོཾ་ཕཊཿ ཨོཾ་ཕེ་ལང་ཧཱུྃ་ནཱ་ག་དུ་ན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷྲ་བྷནྡྷྲ་ནཱ་ག་ནི་སུ་མེ་སརྦ་སྭཱ་ཧཱཿ གསུམ་པ་རྗེས་ཀྱི་རིམ་པ་ལ་ཡས་བསྐྱལ་བ་དངཿ བསྲུང་བ་བྱ་བ་གཉིས་ལསཿ དང་པོ་སྣས་སྐུད་གདོན་ལ་དཀྲིས་ཏེ་ལས་རྣམས་ཁ་བསྒྱུརཿའོ་ཆོལ་གྱིས་བྲན་ལ་ནམ་མཁའ་མཛོད་ཀྱིས་བརླབཿ ཧཱུྃཿ ང་ནི་དབང་དྲག་ཧེ་རུ་ཀཿ ཁམས་གསུམ་ཀུན་གྱི་རྗེ་བཙན་ཡིནཿ རྒྱལ་བའི་བཀའ་ལ་མི་ཉན་མེདཿ བདེན་པའི་ཚིག་ལ་མི་བརྟེན་མེདཿ ཀླུ་གཉན་ས་བདག་དྲེགས་པའི་ཚོགསཿ མི་ལས་དགའ་བའི་གླུད་གཏོར་ཁྱེརཿ རི་རྒྱལ་ལྷུན་པོ་


JLAZ011_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་རེ་ཆེཿ རྒྱ་མཚོ་ཆེན་པོ་གཏིང་རེ་ཟབཿ རོལ་མཚོ་བདུན་པོ་ཀླུ་ཡི་གནསཿ གསེར་གྱི་རི་བདུན་བག་རེ་བྲོཿ ཀླུ་ནོར་འདོད་ཡོན་བསམ་མི་ཁྱབཿ དེ་རུ་གཤེགས་ཤིག་ཤ་ར་རཿ རྒྱུ་སྦྱོར་ཡོན་གྱི་བདག་པོ་དངཿ ཁྱེད་རྣམས་འཁོན་བཅུགས་སྦྱངས་ཟིན་གྱིསཿ བཟུང་བ་ཐོང་ལ་བཅིང་པ་ཁྲོལཿ བསྡམས་པ་གློད་ལ་ཟོས་པ་སྐྱུགསཿ མནན་པ་ཐེག་ལ་དུག་རྣམས་ཕྱུངསཿ འདི་རུ་ཆགས་པའི་གནས་མེད་ཀྱིསཿ འཇིགས་བྱེད་ཆེན་པོ་རྟ་ཁྱུང་ཞལཿ རྟ་སྐད་རྔམས་སྒྲས་སྲིད་གསུམ་གཡོཿ ཁྱུང་གི་ཚྭ་ཚྭས་ལོག་འདྲེན་བསྲེགསཿ རིག་སྔགས་དྲག་པོའི་མེ་ཆར་འབེབསཿ རྡོ་རྗེ་སྲུང་བའི་གུར་གྱིས་དཀྲིགསཿ དམ་ལས་འདས་ན་ཁྱོད་རྣམས་མགོཿ ཚལ་པ་སྟོང་དུ་འགས་པར་བྱེདཿ བྱ་ཁྱུང་གི་ཕྱག་རྒྱས་གླག་གི་སྒྲོ་བཟུང་ལ་ནད་པ་ལ་བསྡིགས་ཤིངཿ ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ནཱ་ག་རཱ་ཙ་ཨེ་ཧུར་ཐུཾ་རྦདཿ ཅེས་བརྗོདཿ ཡས་རྣམས་ཀླུ་གནས་སར་དོར་རོཿ གཉིས་པ་ནིཿ གླ་རྩིཿ གུ་གུལཿ མུ་ཟིཿ རྟ་བོནཿ ཤུ་དགཿ རཱ་གཞོབཿ ཕག་ཚིལ་རྣམས་ཀྱིས་ནད་པ་ལ་བྱུགཿ ཨཱཿ ཕྱག་རྒྱ་སྔགས་དང་རྟེན་འབྲེལ་རྫསཿ ཞི་བས་གསོ་དང་དྲག་པོས་གཟིརཿ གནད་ལས་གནད་བསྡུས་མན་ངག་འདིསཿ འོག་གདོན་འདུལ་བར་ཐེ་ཚོམ་མེདཿ ས་མ་ཡཿ ཿ


previousབླ་མ་དྲག་པོ་རྟ་ཁྱུང་འབར་ལསཿ ཀླུའི་གདོན་འགྲོལ་འོག་གདོན་མཐར་བྱེད།next