Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བའི་སྒོ་ནས་ཚེ་འདས་ལ་ཕན་གདགས་པའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བའི་སྒོ་ནས་ཚེ་འདས་ལ་ཕན་གདགས་པའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲ་བ།next

ཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བའི་སྒོ་ནས་ཚེ་འདས་ལ་ཕན་གདགས་པའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲ་བ།


JLAZ011_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བའི་སྒོ་ནས་ཚེ་འདས་ལ་ཕན་གདགས་པའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲ་བ་ཞེས་བྱ་བ་བཞུགས་སོ། །


JLAZ011_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་གཏིང་གསལ་འོད་ཀྱི་ཕུང་པོ་ལ་ཕྱག་འཚལ་ལོ། །རྒྱུད་ཆེན་ཟབ་མོ་ཉི་ཟླ་ཁ་སྦྱོར་གྱི་མན་ངག་ཚེ་འདས་ལ་ཕན་གདགས་པའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲྭ་བ་ཞེས་བྱ་བ། སྙིང་རྗེ་ཆེན་པོའི་རྩི་དང་ལྡན་ཞིང་རྟོགས་པ་མཆོག་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས། ཕུང་པོ་དངོས་སུ་ཡོད་ན་དེས་ཆོག་ལ། མེད་ན་གཟུགས་བརྙན་ ༼འདིར་ལག་ལེན་ལ་ཀོང་བུའི་ནང་དུ་མར་ལ་བྱང་བུ་བཟོས་པའི་སྙིང་གར་མིང་ཡིག་སོགས་མཐོང་བརྒྱུད་བཞིན་དང༌། གདུགས་དང་བ་དན་ལ་སོགས་ཤོག་བུར་བཟོ་བ་ཡིན། ༽ནམ་མིང་བྱང་བྱ། དྲི་རྟེན་ལ་སོགས་པར་ཡང་སྦྱོང་དུ་རུང་ངོ༌། །དེ་ལ་ཞི་ཁྲོ་ངན་སོང་སྦྱོང་བའི་སྐོར་དང་འབྲེལ་བ་ཕན་ཡོན་ཆེ་བས་སྐོང་གི་དཀྱིལ་འཁོར་དང་མཆོད་པའི་ཡོ་བྱད་འབྱོར་ཚོགས་དང་བསྟུན་ནས་བཤམ། ཉེ་ལོགས་སམ་ཅི་བདེ་བར་མཎྜལ་ཁྲུ་གང་སྐྱང་ནུལ་ངོགས་འཇམ་པར་གུར་གུམ་ལ་སོགས་དྲི་བཟང་པོས་ཆག་ཆག་བཏབ། དེའི་ཁར་བུམ་གདན་པདྨ་འདབ་བརྒྱད་མཛེས་ཚོན་དུ་བྲིས་པའི་སྟེང་དུ་རིན་པོ་ཆེའི་བུམ་


JLAZ011_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པའི་ཕྱི་རོལ་མཚལ་ལམ་ལྡོང་རོས་ཕྱིས་པ་བཞི་བྲིས་པ་བཞག་ཅིང༌། མཐར་མཆོད་པས་བསྐོར། ཞི་ཁྲོའི་ལས་གཞུང་བཟླས་པ་དང་བཅས་པ་རྫོགས་རྗེས་ཁྱད་པར་གྱི་བུམ་པ་སྒྲུབ་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་དང༌། བུམ་པ་འོད་ལྔའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་མ་ལུས་པ་རྫོགས་པའི་དབུས་སུ་བཅོམ་ལྡན་འདས་སྟོན་པ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་མཉམ་གཞག་ཅན་ཡུམ་དང་འཁྲིལ་བའི་ཕྱོགས་བཞིའི། ཤར་དུ་རྡོ་རྗེ་སེམས་དཔའ། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་སྣང་བ་མཐའ་ཡས། བྱང་དུ་དོན་ཡོད་དོན་གྲུབ་པ། དཀར་སེར་དམར་དང་ལྗང་གུའི་མདོག་ཅན། གཙོ་བོའི་མདུན་དུ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཀུན་ཀྱང་རང་འོད་ཀྱི་ཡུམ་དང་འཁྲིལ་ནས་


JLAZ011_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ཀུན་ཏུ་འཕྲོ་བར་བཞུགས་པའི་སྟེང་གི་ཆ་ལ། བླ་མ་བརྒྱུད་པའི་ལྷ་ཚོགས་དམིགས་ཡུལ་ཚེ་ལས་འདས་པའི་ལམ་སྟོན་ཆེན་པོར་བཞུགས་པར་གྱུར། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། བདུད་སྡེ་སོགས། བཛྲ་ས་མ་ཡ་ཛཿ ཞེས་སྤྱན་དྲངས། བཅོམ་ལྡན་འཁོར་བཅས་བྱོན་པ་ལེགས། སོགས་ཀྱི་བཞུགས་སུ་གསོལ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། སོགས་ནས་བཛྲ་ཨརྒྷཾ་སོགས་ཀྱི་སྔགས་དང་བཅས་པས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་སོགས་ཤློ་ཀས་བསྟོད། གཟུངས་ཐག་ལ་འཇུས་ནས། ཨོཾ་ཨཱཿཧཱུྃ་སྭ་ཧཱ་དང༌། ཨ་འབུམ་ཕྲག་གཅིག་གིས་བསྙེན་པ་བྱ། བར་མཚམས་ཅི་རིགས་པར། ཨོཾ་ཨཿབྷྱ་དྱ་ཏཾ་ཀཾ །ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་ཤམ་བུ་གདགས། འདིར་སློབ་དཔོན་གྱི་ངག་མ་དག་ན་སྦྱང་བྱ་ལ་ཕན་ཐོགས་པར་དཀའ་བས་བཟླས་པ་ཚད་དུ་འཁྱོལ་བ་དང༌། ཏིང་འཛིན་བརྟན་པ་ཁོ་ན་ཁག་ཆེ་བ་ནི་སྣང་ཤས་ཀྱི་སྤྲོས་པ་ལས་འདས་པའི་བདུན་ཚིགས་ཆེས་ཟབ་པའི་སྤྱོད་ལུགས་ཡིན། བཟླས་དམིགས་ནི། རང་ཞི་ཁྲོའི་དཀྱིལ་འཁོར་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བླ་མ་དང་ལྷ་སོ་སོའི་སྐུའི་ཆ་ཤས་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཁེངས་པར་བསམས་ལ་མཐར་མཆོད་བསྟོད་ཇི་ལྟར་རིགས་པ་དང༌། ཡི་གེ་བརྒྱ་པས་ལྷག་ཆད་བསྐང༌། ཨ་ཨ་ཞེས་བརྗོད་


JLAZ011_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡེ་ཤེས་པ་གཤེགས་དམ་ཚིག་པ་ཆུར་ཞུ་བར་མོས། བར་འདིར་བསགས་སྦྱངས་ཕྱིར་དུ་ཞི་ཁྲོའི་ཕྱག་འཚལ་ནས་རིམ་པར་སྐོང་གི་བྱ་བ་རྣམས་ཚོགས་ལྷག་ལ་ཐུག་གི་བར་དཀྱུས་བཞིན་དུ་བྱའོ། །དེ་ནས་ཁྱད་པར་གྱི་སྦྱོང་བ་ནི། ཉི་ཟླ་ཁ་སྦྱོར་ལས། དེ་ཉིད་ཤི་བར་གྱུར་པའི་ཚེ། །ཟག་པ་བཅས་པའི་ཕུང་པོ་ལ། ། བུམ་པ་སྤྱི་བོར་བཞག་ནས་ནི། །ཡི་གེ་ཡི་ནི་འབྲུ་ཉིད་དང༌། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །དམྱལ་བའི་གནས་རྣམས་སྟོངས་ནས་ནི། །དེ་ཡི་རྟག་ཏུ་དེ་བཞིན་ནོ། །ཞེས་ཕུང་པོ་དངོས་ལ་སྦྱང་བའི་དབང་དུ་བཏང་ནས། དེའི་སྤྱི་བོར་ཨ། མགྲིན་པར་བྷྱཿ གསང་བར་དྱ། མཆན་ཁུང་དུ་ཀཾ །སྤྱི་བོར་ཏཾ་སྟེ་རིམ་པར། དམྱལ་བ། ཡི་དྭགས། བྱོལ་སོང༌། ལྷ་མིན། ལྷའི་གནས་རྣམས་སྦྱང་བའི་ཕྱིར་ཡི་གེའི་མཚན་མ་དེ་དང་དེ་གནས་པས། དེ་རྣམས་སུ་སྦྱོང་བྱེད་ཀྱི་ངོ་བོར་གསལ་ནས་ལོ་གྲངས་བཟླ་བ་དང་ལྷན་ཅིག་བུམ་ཆུས་བཀྲུ་བ་ཡིན་ལ། ཚུལ་འདི་ལྟ་བུའི་སྦྱོང་བ་ནི་གནད་ཤིན་ཏུ་ཟབ་པ་ཡིན་པས་ཕུང་པོ་བསྲེག་པ་དང་གཏོར་བ་ལ་སོགས་པའི་ལས་ལ་སྦྱོར་ཁར་ལག་ལེན་ལ་ཐེབས་པར་བྱའོ། །འདིར་སྤྲོས་པ་ལ་དགའ་བ་དག་གིས་རྫོགས་པ་རང་བྱུང་ནས་གསུང་པའི་རིགས་དྲུག་གནས་འདྲེན་བྱ་བ་ཕྱོགས་གཞན་དུ་ཤེས་ལ། སྤྲོས་པ་ཆུང་ཞིང་རྟོགས་པ་མཆོག་དང་ལྡན་པ་དག་ལ་བྱ་བ་ཉུང་ཞིང་ཏིང་ངེ་འཛིན་ལ་མི་གཡེང་བ་འདི་ཁོ་ན་སྐབས་སུ་བབ་པ་ཡིན་པས། རྟེན་ལ་རྣམ་ཤེས་འགུགས་པ་ནི། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ནྲི་ཡོངས་སུ་གྱུར་པ་ལས་ཚེ་ལས་འདས་པ་ཆེ་གེ་མོའི་ཕུང་པོ་དང་སྐྱེ་མཆེད་གསོན་གྱི་གནས་སྐབས་ཇི་ལྟ་བུར་གྱུར། ལྕགས་ཀྱུའི་ཕྱག་རྒྱས། ན་མོ། རྗེ་བཙུན་


JLAZ011_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང༌། དཀོན་མཆོག་གསུམ་གྱི་བདེན་པ་དང༌། གསང་སྔགས་དང་རིགས་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བདེན་པ་དང༌། གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བདེན་པ་དང༌། ཆོས་ཉིད་རང་བཞིན་རྣམ་པར་དག་པའི་བདེན་པ་དང༌། ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་བདེན་པ་དང༌། བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་ལས་ཀྱི་དབང་གིས་ཁམས་གསུམ་འགྲོ་བ་རིགས་དྲུག །སྐྱེ་གནས་རྣམ་པ་བཞི། སྲིད་པ་བར་མ་དོ་འཁོར་བ་མྱ་ངན་གྱི་ཁུང་བུའི་ཆར་གཏོགས་པ་གང་ན་གནས་ཀྱང་སྐད་ཅིག་ཙམ་གྱིས་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཊཀྐི་རཱ་ཛཿཧཱུྃ་ཞེས་ལན་གསུམ་ལ་སོག་ཁུག་པའི་གསལ་སྣང་མཐོང་གི་བར་བརྗོད། རྣམ་པར་ཤེས་པ་རྟེན་གྱི་བར་སྣང་ལ་འོད་ཀྱི་རང་བཞིན་དུ་བྱུང་བ། ཨོཾ་ཤྭ་དྷ་ནེ་སརྦ་པཱ་པཾ་ཨ་པ་ན་ཡ་ཧཱུྃ། ཞེས་ལན་གསུམ་གྱིས་སྡིག་པ་སྦྱངས་ནས། ཛཿཧཱུྃ་བྃ་ཧོཿ ཞེས་ཕྱག་རྒྱ་བཞིས་རྟེན་ལ་བཅིང་ངོ༌། །གེགས་དང་ལན་ཆགས་སྦྱོང་བ་ནི། གཏོར་མ་གསུམ་རེ་རེ་ནས་རྟེན་ལ་བསྐོར་ཞིང༌། ཨོཾ་སརྦ་བིག་ནན་ན་མཿ སརྦ་ཏ་ཐཱ་ག་ཏོ་བྷྱོ་བི་ཤྭ་མུ་


JLAZ011_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཥེ་བྷྱཿ སརྦ་ཏཏྑཾ་ཨུདྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་གྷྲི་ཧ་ན་བ་ལིངྟ་ཡེ་སྭཱ་ཧཱཿཏིང་ལོ་ཆང་བུར་བཅས་པ་གསུམ་རྟེན་ལ་རེ་རེ་ནས་བསྐོར་ཞིང༌། ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞིའི་མཐར། ཚེ་ལས་འདས་པའི་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གེགས་རྣམས་གཏོར་མས་བརྔན་དང༌། ཏིང་ལོས་སྣང་བ། ཆང་བུས་ལམ་རྒྱགས་གྱིས་ལ་རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས་ཤིག །ཅེས་གུ་གུལ་གྱིས་བདུག །རྡོ་རྗེས་བསྡིགས་ཤིང་དྲིལ་བུ་གསིལ། དེ་ནས་ཁྱད་པར་གྱི་བུམ་པ་སྤྱི་བོར་བཟུང་ནས། ཚེ་ལས་འདས་པའི་སྤྱི་བོར་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཨ་གསལ་བར་བསྒོམས་པའི་འོད་ཟེར་དང༌། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་དམྱལ་བར་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་བཟོད་པའི་རང་བཞིན་ཆུ། །ཞེ་སྡང་དྲི་མ་སྦྱོང་མཛད་ཅིང༌། །རླབས་ཆེན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ཨ་ཞེས་སྙན་པའི་དབྱངས་ཀྱིས་དེའི་ལོ་གྲངས་བརྗོད་པའི་བཅུ་ཚན་རེའི་མཚམས་སུ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཀྲུ། བུམ་པ་མགྲིན་པར་བཟུང་ལ། ཚེ་ལས་འདས་པའི་མགྲིན་པར་རང་བྱུང་གསང་བ་ཆེན་པོའི་ཡི་གེ་བྷྱ་གསལ་བར་བསྒོམས་པའི་འོད་ཟེར་དང་བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་ཡི་


JLAZ011_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དྭགས་སུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ བྷྱ་ཞེས་སྔར་ལྟར་བརྗོད་ཅིང༌། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཞེས་བཀྲུ། བུམ་པ་གསང་གནས་སུ་བཟུང་ལ། ཚེ་ལས་འདས་པའི་གསང་གནས་སུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་དྱ་གསལ་བར་བསྒོམས་པའི་འོད་ཟེར་དང༌། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་བྱོལ་སོང་དུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་ཤེས་རབ་རང་བཞིན་གྱི་ཆུ། །རྨོངས་པའི་དྲི་མ་སྦྱོང་མཛད་ཅིང༌། །རྣམ་གསུམ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ དྱ་ཞེས་སྔར་ལྟར་བརྗོད་ཅིང༌། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཞེས་བཀྲུ། བུམ་པ་མཆན་ཁུང་གཡས་སུ་བཟུང་ལ། ཚེ་ལས་འདས་པའི་མཆན་ཁུང་གཡས་སུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཀཾ་གསལ་བར་བསྒོམས་པའི་འོད་ཟེར་དང༌། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་ལྷ་མིན་དུ་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་


JLAZ011_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཞིང་དག་པར་གྱུར་ཅིག །འདི་ནི་བསམ་གཏན་རང་བཞིན་གྱི་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང༌། །མཉམ་ཉིད་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ཀཾ་ཞེས་ཚར་ཉི་ཤུ་བརྗོད་ཅིང༌། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཞེས་བཀྲུ། བུམ་པ་སྤྱི་བོར་བཟུང་ལ། ཚེ་འདས་པའི་སྤྱི་གཙུག་ཏུ་རང་བྱུང་གསང་བ་ཆེན་པོའི་ཡི་གེ་ཏཾཾ་གསལ་བར་བསྒོམ་པའི་འོད་ཟེར་དང༌། བུམ་པས་དབང་བསྐུར་ཞིང་ཆུས་བཀྲུས་པས་ལྷར་སྐྱེ་བའི་ལས་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །འདི་ནི་བརྩོན་འགྲུས་རང་བཞིན་གྱི་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང༌། །ནན་ཏན་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ། ཏཾ་ཞེས་ལོ་གྲངས་བརྗོད་ཅིང༌།ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿཞེས་བཀྲུ། བུམ་པ་སྙིང་གར་བཟུང་ལ། འདི་ནི་ཚུལ་ཁྲིམས་རང་བཞིན་གྱི་ཆུ། །ཁྲིམས་འཆལ་དྲི་མ་སྦྱོང་མཛད་ཅིང༌། །སྲུང་བ་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ།།ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ བུམ་པ་སྤྱི་བོར་བཀོད་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་


JLAZ011_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །སངས་རྒྱས་རིགས་ལྔའི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ བ ཛྲ་ ས་ ཏྭ་ ས་ མ་ ཡ་ མ་ ནུ་ པཱ་ ལ་ ཡ་ བ ཛྲ་ ས་ ཏྭ་ ཏེ་ ནོ་ པ་ ཏིཥ་ ཋ་ དྲྀ་ ཌྷོ་ མེ་ བྷ་ ཝ་ སུ་ ཏོ་ ཥྱོ་ མེ་ བྷ་ ཝ་སུ་ པོ་ ཥྱོ་ མེ་ བྷ་ ཝ་ ཨ་ ནུ་ རཀ་ ཏོ་ མེ་ བྷ་ ཝ་ སར་ བ་ སིད་ དྷི་ མྨེ་ པྲ་ ཡཙ་ ཚ་ སར་ བ་ ཀར་ མ་ སུ་ ཙ་ མེ་ ཙིཏ་ ཏཾ་ ཤྲཱི་ ཡཿ ཀུ་ རུ་ ཧཱུྃ་ ཧ་ ཧ་ ཧ་ ཧ་ ཧོ་ བྷ་ ག་ ཝཱན་ སར་ བ་ ཏ་ ཐཱ་ ག་ ཏ་ བ་ ཛྲ་ མཱ་ མེ་ མུཉ་ ཙ་ བ་ ཛྲཱི་ བྷ་ བ་ མ་ ཧཱ་ ས་ མ་ ཡ་ ཏྭ་ ཨཱཿ ཨ་བྷི་ཥིཉྩ་མུཾཿ ཞེས་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་དམ་པ་རིགས་བརྒྱའི་ངོ་བོར་དག་པར་གྱུར། དེ་ནས་འཁོར་བ་དང་འབྲེལ་བཅད་པ་ནི། ཀྱཻ་ཚེ་ལས་འདས་པ་གསོན་ཅིག །རྙེད་པར་དཀའ་བའི་དལ་བ་ཐོབ་ཀྱང༌། །འབྱུང་བཞི་འདུས་པའི་ཕུང་པོ་ཡིན་པས་འཇིགས་པ་ལས་མ་འདས་པས་འདུས་བྱས་ཀྱི་རང་མཚང་ད་རེས་ཁྱོད་ཀྱི་ཐོག་ཏུ་བབ་པར་གདའ། ཤུལ་དུ་ལུས་པ་དག་ཀྱང་དེ་ལས་མི་འདའ་བའི་ཚུལ་རིན་པོ་ཆེ་སྤུངས་པའི་རྒྱུད་ལས། འབྱུང་བ་རགས་པའི་གཟུགས་རྣམས་ལ། །བསྡད་པའི་ས་མེད་ཡ་རེ་ཆ། །སྐྱེས་བུ་བརྟན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པ་ཡ་རེ་ཆ། །ཞེས་པ་ལ་སོགས་པས་ཤེས་པའི་ཕྱིར་ཉིད་གཅིག་པུ་ཡིད་


JLAZ011_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་པའི་གནས་ཅང་མེད། ང་ནི་གནས་དང་ལོངས་སྤྱོད་གཉེན་བཤེས་ལ་སོགས་པ་གང་གི་ཡུལ་ལ་ཆགས་ཀྱང་དེ་ཉིད་ཁྱེད་ཀྱི་རྗེས་སུ་མི་འབྲང་བའི་ཚུལ་རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །སྐྱེས་བུ་དག་ནི་གང་ནས་གང་འགྲོ་ཡང༌། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང༌། །ཞེས་གསུངས་པ་དེ་རང་ཐོག་ཏུ་བྱུང་ནས། ལས་འབའ་ཞིག་ལ་རེ་བ་གདུང་བའི་སྐབས་འདིར་དེ་དག་ལ་ཞེན་ཆགས་ཀྱི་གདུང་བ་བསྐྱེད་ཀྱང་ཁྱེད་ལ་མི་ཕན་གྱི་སྟེང་དུ་ལམ་བསྟན་པའི་གེགས་སུ་ཆེ་བས་མདང་གི་རྨི་ལམ་ན་ལོངས་སྤྱོད་དང་གཉེན་བཤེས་ཡོད་པ། སད་ནས་ཅི་ཡང་མེད་པར་སོང་བ་བཞིན་དུ་འཁོར་བ་བདེན་གྲུབ་མ་ཡིན་པའི་མཚང་ཤེས་པར་བྱས་ནས་འཁྲི་བ་བཙན་ཐབས་སུ་ཆོད་ཅིག །བར་དོའི་རྣམ་པར་ཤེས་པ་ནི་མིང་བཞི་འདུས་པའི་ཕུང་པོ་ཙམ་ལས་རགས་པའི་རྟེན་གྱི་འཆིང་བ་མེད་པས་ཆུ་ནང་གི་ཀོ་བ་བཞིན་རྐྱེན་ཕྲན་བུས་བསྒྱུར་བར་སླ་ན་བདག་ཅག་གིས་གསང་སྔགས་བླ་ན་མེད་པའི་ཆོ་ག་ཟབ་མོས་རྗེས་སུ་བཟུང་བ་ཡིན་པས་བླ་མ་དང་དཀོན་མཆོག་གསུམ་ལ་མོས་གུས་མཆོག་ཏུ་བསྐྱེད་ལ་ཇི་ལྟར་བསྟན་པའི་ལམ་ལ་ཐེ་ཚོམ་མེད་པར་བཞུད་ཅིག །ཅེས་བཤད་ནས། ལམ་སྦྱོང་བ་ནི།


JLAZ011_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་རྫོགས་པ་ཆེན་པོའི་སྒོ་མཐོང་བ་ཡིན་ན། བསྟན་བུ་ཚར་གཅིག་བཀླག །ཐུན་མོང་བ་ལ་སྐྱབས་གསོལ་ར་མདའ་སྦྲན་པའི་ཚུལ་དུ་སྤྱོད་འཇུག་ལས། གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང༌། །འཇིགས་ཆེན་བརྒྱད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །ཚེ་འདས་འཇིགས་པས་རྣམ་སྐྲག་པས། །ཀན་ཏུ་བཟང་ལ་འདི་ཉིད་འབུལ། །འཇམ་དཔལ་དབྱངས་ལའང་འབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །ཚེ་འདས་འདི་ལ་སྐྱོབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་


JLAZ011_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྔང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་བརྗོད་པས་ཚེ་འདས་པའང་གདུང་བ་དྲག་པོའི་རྐྱེན་གྱིས་རྒྱུད་དག་ནས་ལམ་ལྔའི་ཡོན་ཏན་ཁྱད་པར་ཅན་ཐོབ་པར་བསམས་ལ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པ་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །ལམ་ལྔ་དག་ལ་བརྟེན་ནས་ནི། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ཅེས་དང༌། ལམ་བསྟན་པ་ནི། བྱང་བུའི་མདུན་དུ་འོད་གསལ་གྱི་སྣང་བ་མཚོན་པའི་མར་མེ་གཅིག་བཏེགས་ནས་རྫོགས་པ་རང་བྱུང་ལས། ཧོ། རིག་པ་དབང་གི་རྒྱལ་པོ་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ། །ཚེ་ལས་འདས་པ་འདི་ལ་གཤེད་བྱེད་པ་དང༌། སྒྲིབ་པ་ཐམས་ཅད་བྱང་བར་མཛད་དུ་གསོལ། ཧོ། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། མངོན་པར་དགའ་


JLAZ011_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཞིང་ཁམས་ན། སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བས་སྐུས་འདུལ་བའི་ཆོས་སྟོན་ཏོ། །རིགས་ཀྱི་བུ་ཁྱོད་དེར་སྐུས་འདུལ་བའི་ཆོས་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་བདེ་བ་ཅན་གྱི་ཞིང་ཁམས་སུ་བཞུད་ཅིག །ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཞེས་བྱ་བས་ཡོན་ཏན་གྱི་སྒོ་ནས་འདུལ་བའི་ཆོས་སྟོན་པ་ཞིག་ཡོད་ཀྱིས། དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཡོན་ཏན་གྱིས་འདུལ་བའི་ཆོས་སྟོན་པ་དེ་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག །ནུབ་ཕྱོགས་སུ་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པའི་སྐུ་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་ཀྱིས། དེ་ན་གསུང་གིས་འདུལ་བའི་ཆོས་སྟོན་ཏོ། །དེར་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་གསུང་གིས་འདུལ་བའི་ཆོས་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་དེར་མ་གནས་པར་ཆོས་ཉིད་ཀ་དག་གི་ཞིང་ཁམས་སུ་བཞུད་ཅིག །བྱང་ཕྱོགས་ན་ལས་རབ་ཡོངས་སུ་རྫོགས་པའི་ཞིང་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དོན་ཡོད་དོན་གྲུབ་ཞེས་བྱ་བ་ཡོད་ཀྱིས། དེར་


JLAZ011_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཀྱིས་འདུལ་བའི་ཆོས་སྟོན་ཏོ། །དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཕྲིན་ལས་ཀྱིས་འདུལ་བའི་ཆོས་ཉོན་ལ་ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །དབུས་ན་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་ཀྱིས། དེ་ཡང་ཤིན་ཏུ་ཡ་ང་བ། འཇིགས་ཤིང་སྐྱི་བུང་བ། སྐྲག་ཅིང་སྔངས་པ་ཞིག་ཡོད་དེ། དེ་ན་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་ཅེས་བྱ་བ་ཡོད་ཀྱིས། རིགས་ཀྱི་བུ་ཁྱོད་མ་འཇིགས་པར་བཅོམ་ལྡན་འདས་དེ་ལ་རིག་པ་རང་གནས་ཀྱི་དབང་ཞེས་བྱ་བ་ཡོད་ཀྱིས། དབང་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་མ་འཇིགས་མ་སྔངས་མ་སྐྲག་པར་སོང་ཞིག །ཅེས་ལམ་བསྟན་ནས་ཞག་གྲངས་མང་པོའི་ཚེ་ནུབ་ཐ་མ་དང༌། ཉིན་ཆོག་ལ་དེ་མ་ཐག་པར་བྱང་བུའི་རྣམ་ཤེས་ཧཱུྃ་གི་རྣམ་པས་ཞིང་ཁམས་དེ་དག་ཏུ་འཕངས་པར་བྱའོ། །རྒྱུད་ལས་ཞིང་བཅུ་ཁྲོད་མེ་རི་འབར་བ་དང་བཅུ་གཅིག་ཏུ་གསུངས་ཀྱང༌། འདིར་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔར་བསྡུས་ལ། ཞིང་ཁམས་འདི་རྣམས་སུ་བདག་སྟོབས་གཞན་སྟོབས་གང་གིས་དབུགས་ཕྱུང་བ་ཡིན་ཡང་རིགས་དང་ལས་འབྲེལ་ཡོད་པའི་ཞིང་གང་ཏུ་སྐྱེས་པ་དེར་རྒྱུད་སྨིན་ནས་དབུས་ཀྱི་ཁྲོ་བོའི་ཞལ་མཐོང་བའི་མོད་ལ་དེའི་བྱིན་རླབས་ཀྱིས་ཤེས་སྒྲིབ་སྤངས་ནས་གདོད་མའི་ས་ལ་བྱང་ཆུབ་པར་བཤད་འགྲེལ་ཆེན་མོའི་དགོངས་པ་ཡིན་ལ། ཁ་ཅིག་ཞིང་ལྔ་ཀ་རིམ་པར་ཉུལ་བར་འདོད་པ་ལ་སྐྱེ་བ་གཅིག་གིས་ཐོགས་པའི་ལུང་གིས་གནོད་པ་


JLAZ011_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གོ །འདི་ལྟ་བུའི་ལམ་བསྟན་རྫོགས་པ་ཆེན་པོའི་གདུལ་བྱ་ལ་ཁྱད་པར་དུ་གསུངས་པ་ཡིན་ཡང༌། ལམ་འདི་མན་ངག་གིས་རྗེས་སུ་བཟུང་བའི་རྟེན་འབྲེལ་འགྲིགས་པའི་གནས་སྐབས་འདི་ཙམ་ནས་ཀྱང་རྫོགས་པ་ཆེན་པོའི་གདུལ་བྱ་ཡིན་པའི་ཤེས་བྱེད་འགྲུབ་པའི་ཕྱིར་ཐུན་མོང་གི་བདུན་ཚིགས་ལས་ཆེས་འཕགས་པས་སེམས་ཅན་དེ་དག་ལ་ཕན་པའི་བསམ་པ་དང༌། རང་གཞུང་ལ་མན་ངག་འདི་ལྟ་བུ་ཡོད་བཞིན་དུ་འགྱུར་གསར་གྱིས་ཡང་ལྷན་ཀོ་ལྷན་ཕན་ཚུན་སྡེབས་པ་ཆོས་ཀྱི་ཚི་ཆད་པར་ཤེས་ནས་ལག་ལེན་ལ་བཏབ་པའོ། །དེ་ནས་བྱང་བུ་བསྲེག་པ་ནི། སྡོང་བུ་སྦར་ནས། ཨཱཿ ཀུན་གཞི་རང་བྱུང་ཀོང་བུ་རུ། །ཞེས་སོགས་མར་མེའི་སྐོང་གིས་སྙིགས་མའི་རང་བཞིན་ཚོགས་སུ་སྦྱོར་བ་ལ་ཤེས་རབ་ཡོད་ན་དག་བྱ་དག་འབྲས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཡོད་དོ། །རྗེས་འབྲེལ་མར་མེའི་སྨོན་ལམ་དང་ཆོ་ག་དཀྱུས་བཞིན་བྱ་བ་ཉིད་དོ། །དེ་ཡང་ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་ཕུང་བོ་མེད་པ་ན། །དེ་ཉིད་ཤི་ནས་ཞགས་གྲངས་ནི། །ཉི་ཤུ་རྩ་གཅིག་བར་དུ་ཡང༌། །བདུན་པའི་ཚེ་ན་ཆོ་གར་འབད། །དམིགས་པའི་ཏིང་འཛིན་ལྡན་པ་གཅེས། །ཡང་ན་བདུན་ཕྲག་བདུན་དུ་བྱ། །དེ་ཚེ་དེ་ལ་ལམ་ཡང་བསྟན། །ཆོས་ནི་སྣ་ཚོགས་བཤད་པར་བྱ། །དེ་ལྟར་ཆོ་ག་སུ་ལྡན་པ། །དེ་ཉིད་ལ་ཡང་ཐེ་ཚོམ་མེད། །ངེས་པར་འབྲས་བུ་ཐོབ་པའོ། །ཞེས་རང་རང་གི་འབྱོར་བ་དང་བསྟུན་ནས་བགྱིས་པས་ཆོ་ག་ཟབ་མོའི་བྱིན་རླབས་ཀྱིས། རེ་ཞིག་གནས་ངན་པར་སྐྱེས་ཟིན་ཀྱང༌། དེའི་ཚེ་ཚད་རྨི་ལམ་ལྟ་བུར་ཟད་ནས་བདེ་འགྲོ་ཁྱད་པར་


JLAZ011_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐོབ་པ་ཡིན་ཏེ། དེ་ཉིད་ལས། དེ་ལྟར་རྗེས་སུ་བཟུང་བ་ཡིས། །རིམ་པས་གནས་རྣམས་འཕོས་བྱས་ནས། །རིམ་པས་ཚེ་ཚད་ཉུང་གྱུར་ནས། །མི་ཡི་གནས་ཀྱི་བདེ་བ་ཐོབ། །ཅེས་གསུངས་པས་མཆོག་ཏུ་ཟབ་པའོ། །ལྕགས་ཟམ་བྱང་ཆེན་ཐར་པའི་ལམ། །གང་ན་ཐུགས་བསྐྱེད་ཤིང་རྟའི་འཕྲུལ། །རང་བྱུང་རྡོ་རྗེའི་སྐྱེད་མོས་ཚལ། །འབྱེད་ལ་ཡང་དག་རིངས་པ་བཞིན། །ཚུལ་འདི་བཟོད་མེད་སྙིང་རྗེའི་ཡུལ། །རྣམ་ཤེས་བར་དོའི་གཞན་དབང་ཅན། །འཐོར་རླུང་དབུས་ཀྱི་རྡུལ་ཕྲན་ལྟའི། །དཔུང་དང་གཉེན་དུ་འགྱུར་བར་ཤོག།། །།


previousཞི་ཁྲོ་ངན་སོང་སྦྱོང་བ་དང་འབྲེལ་བའི་སྒོ་ནས་ཚེ་འདས་ལ་ཕན་གདགས་པའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲ་བ།next