Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་མགོན་གཡུལ་མདོས་ཀྱི་བཅའ་གཞི་སོགས་ཀྱི་ཡིག་ཆུང་།
   
   
   
   
   
   
   
   
   
   
   


 
previousམ་མགོན་གཡུལ་མདོས་ཀྱི་བཅའ་གཞི་སོགས་ཀྱི་ཡིག་ཆུང་།next

མ་མགོན་གཡུལ་མདོས་ཀྱི་བཅའ་གཞི་སོགས་ཀྱི་ཡིག་ཆུང་།


JLAZ011_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་གཡུལ་མདོས་ཀྱི་བཅའ་གཞི་སོགས་ཀྱི་ཡིག་ཆུང་བཞུགས། ། བཅོམ་ལྡན་མཐུ་སྟོབས་ཀྱི་དབང་ཕྱུག་གསང་བའི་བདག་པོ་ལ་ཕྱག་འཚལ་ལོ། །རང་བྱུང་རིག་པ་ཀུན་ཏུ་བཟང་པོའི་ཞལ། །རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མ་མཆོག །སྙིང་དབུས་མི་ཤིགས་ཐིག་ལེའི་གུར་ཁང་དུ། །བཞུགས་ནས་བྱིན་རློབས་བཀའ་ཡིས་གནང་བ་སྩོལ། །འདིར་ཀློང་ལྔ་དབྱིངས་ཀྱི་ཌཱཀྐིའི་གསང་མཛོད་ཐུགས་གཏེར་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་བཀའ་སྲུང་མ་མགོན་ལྕམ་དྲལ་གྱི་གཡུལ་མདོས་བདུད་དཔུང་ཟིལ་གནོན་གྱི་བཅའ་གཞི་ལག་ལེན་དམར་ཁྲིད་དུ་བསྟན་པར་བྱ་བ་ལ་གཉེན་པོ་སྟོབས་ཀྱི་ལྷ་ཡི་དམ་གྱི་བསྙེན་པ་ཚད་དུ་འཁྱོལ་ཞིང་བྱེ་བྲག་མ་མགོན་ལྕམ་དྲལ་གྱི་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་བསྟན་འགྲོའི་དོན་དུ་སེམས་བསྐྱེད་པའི་འཕེན་པ་དྲག་པོས་བརྩོམ་པར་བྱ་བ་འདི་ལ་གཉིས། མཆོད་རྫས་མདོས་ཀྱི་གསོག་དང། བཅའ་གཞི་ལག་ལེན་བཤམ་གྱི་ཐབས་སོ། །དང་པོ་ནི། ཕྱི་ནང་གི་མཆོད་གཏོར་དང་ཆོས་སྐྱོང་གི་མཐུན་རྫས་ཚང་ཞིང་ཡིད་དུ་འོང་བ་འདུ་བྱས་པ་སྤྱི་དང་བྱེ་བྲག་མདོས་ཀྱི་གསོག་ནི། སྤྱིར་མདོས་ཀྱི་རྒྱུ་ནི། རབ་རིན་པོ་ཆེ། འབྲིང་དར་ཟབ། ཐ་མ་རིང་ཆའི་རྣལ་ཐག་ལ་བརྟེན་པ་སྟེ། དེ་ཡང་མ་མོ་ཡོངས་རྫོགས་མཆོག་གི་རྟེན་མདོས་སམ་གཙོ་མདོས་ཁོང་མཐིང་འཇའ་རིས་ཅན་གྱི་ཁྱུང་ཚང། དེའི་འོག་ཏུ་གདུགས་གོང་འོག་གི་བར་དུ་དཔལ་བེའི་མཁར། འོག་ཏུ་ལྕགས་མཁར་ཅན་གྱི་རྩེ་མོར་ཟེ་པྲོག་བྱ་གླག་གི་སྒྲོ་དང་དར་སྣའི་ཅོད་པཎ་མདོས་ཀྱི་སྲོག་ཤིང་ལ་མདའ་བྱ་རྒོད་མའི་མགུལ་དུ་དར་ལེ་བརྒན་ལ་མཚལ་ལམ་གསེར་གྱིས་སྲོག་སྙིང་བྲིས་པ་བསྡམས། གཙོ་མོ་དང་སྤུན་དྲུག་ལ་ནམ་མཁའ་ཁོང་མཐིང་འཇའ་རིས་ཅན་རྩེ་


JLAZ011_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

མོར་རྨ་བྱའི་བརྒྱན་པ་བདུན། དེ་བཞིར་རེ་ཏི་མཆེད་བཞི་ལ་ཁོང་མཐིང་དངཿ འཁོར་མོ་རྒྱུད་རིགས་བསྡུས་པ་སྤྱིར་ནམ་མཁའ་ཁོང་ནག་གཅིག་བཅས་སྐྱུང་ཀའི་སྒྲོས་བརྒྱན་པ། མགོན་པོ་གཙོ་བོ་དང་བཅས་པའི་སྡེ་དྲུག་པོར་ནམ་མཁའ་ཁོང་ནག་བཞི། ལྗང་གུ་གཅིག །དམར་པོ་གཅིག་བཅས་པ་འཇའ་རིས་ཅན་བྱ་རོག་གི་སྒྲོས་བརྒྱན་པ། རྡོར་ལེགས་ལ་ཁོང་ནག་ཕུག་རོན་གྱི་སྒྲོས་བརྒྱན་པ། འཁོར་ཕོ་རྒྱུད་སྡེ་བརྒྱད་སྤྱིར་ཁོང་དཀར་ཁྱིམ་བྱའི་སྒྲོས་བརྒྱན་པ་གཅིག །ལྷ་བརྒྱད་ལ་ནམ་མཁའ་རང་མདོག་གམ་ཡང་ན་དཀར་པོ་བརྒྱད་བྱ་གླག་གི་སྒྲོས་བརྒྱན་པ། གཟའ་བརྒྱད་ལ་ནག་པོ་ཁྲ་སྒྲོས་བརྒྱན་པ། རྒྱུ་སྐར་ཉེར་བརྒྱད་ལ་ལྗང་དམར་དཀར་སྔོན་པོ་དྲུག་རེ་དང༌། སེར་པོ་བཞི་རྣམས་ཐི་བྱའི་སྒྲོས་བརྒྱན་པ། ཕྱོགས་སྐྱོང་བཅུ་ལ་དཀར་པོ་བཞི། དམར། སེར། སྔོ། ནག་པོ་རྣམས་རེ་རེ་ལྗང་གུ་གཉིས་སྟེ་སྲིན་བྱའི་སྒྲོས་བརྒྱན་པ། འཇིགས་བྱེད་དགུ་ལ་ནམ་མཁའ་སྔོ་ལྗང་གང་རིགས་འུག་པའི་སྒྲོས་བརྒྱན་པ་དགུ། ཀླུ་བརྒྱད་ལ་སྔོན་པོ་སོ་བྱའི་སྒྲོས་བརྒྱན་པ་བརྒྱད། རྒྱལ་ཆེན་བཞི་ལ་རང་མདོག་བྱ་རྒོད་ཀྱི་སྒྲོས་བརྒྱན་པ་རྣམས་འཇའ་རིས་སམ་མདོག་རྐྱང་ཅི་བདེ་བར་སྒྲོ་རྣམས་དམིགས་བསལ་མ་འབྱོར་ན་བྱ་ཤ་ཟན་གང་རུང་གི་སྒྲོས་བྱ་ཞིང་དེ་རྣམས་བརྒྱན་ལུགས་རྨ་བྱ་མ་གཏོགས་པའི་སྒྲོ་ཐམས་ཅད་ཕྱེད་མར་གཤགས་པའི་རྐང་ཕྱེད་པ་རལ་གྲིའི་ལྟག་པར་ལྟར་འབྱུང་བའི་ཡ་གཅིག་ནམ་རྒྱང་གཉིས་ཀྱི་རྩེ་མོ་དང༌། ཡ་གཅིག་བཀུག་སྟེ་ནམ་མཁའི་དཔུང་ཟུར་གཉིས་སུ་བལ་ཚོན་དང་བཅས་ཏེ་བརྒྱན། དེ་རེ་རེ་བཞིན་རྒྱང་བུ། མདའ་ཁྲ། འཕང་ཁྲ། ཕོ་གདོང༌། མོ་གདོང༌། ཤིང་རིས་དང་བཅས་པ་གྲངས་མཚུངས་དང༌། འདིའི་ཤིང་རིས་ཉི་ཟླ་འཇའ་ཁྲམ་རི་རབ་དང༌།


JLAZ011_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་བཞི་སྲིད་པའི་སྒོ་ང་གཉིས། འབྱུང་བ་མེ་ས་ཆུ་རླུང་བྱད། ཅེས་བའི་ཤིང་རིས་དེ་གྲངས་མཚུངས་མ་འབྱོར་ན་ཟུར་བཞིར་འཛུགས་པའི་ཆེ་བ་བཞི་བསག །གཞན་ཡང་མདོས་གླུད་སྤྱིར་དགོས་པའི་ལྷོ་རྫས། བྱང་རྫས། འབྲུ་སྨན། ཟས་སྣ། རིན་པོ་ཆེ། དར་ཟབ། ས་ལ་འཛུལ་དགུ། གནམ་ལ་འཕུར་དགུ། གསེར་སྐྱེམས། གཡུ་སྐྱེམས། ཁྲག་སྐྱེམས། ལན་བུ། དར་བྱ། ངར་གླུད་ལ་སོགས་པའི་གཟུགས་འགྲོས་ཅི་མང་དང་སྦྱིན་བདག་གི་ངར་གླུད་ཆེ་བ་དཀོར་ཆ་ཅི་འཛོམ་དང་བཅས་པ་འདུ་བྱ་ཞིང་རྟེན་འབྲེལ་བཅུ་གཉིས་མཚོན་པའི་སྒོ་ང་བཅུ་གཉིས་ཀྱང་བསག་གོ། །གཉིས་པ་ཤོམ་དུ་དགོད་པ་ནི། གང་དུ་བྱ་བའི་གཞི་དེ་མ་དུལ་བའི་ས་ཡིན་ན་གཞི་བགེགས་གཉིས་ལ་གཏོར་མ་སོ་སོར་བྱིན་ནས་ས་བླངས་རྗེས། ཁྲག་ཆང་གི་སྐྱང་ནུལ་བྱས་པའི་སྟེང་རྡུལ་ཚོན་གྱི་མ་དལ་མཐའ་མེ་རི་དང་ལྕགས་རི་ནག་པོའི་ནང་ཁོངས་ཁྲག་མཚོའི་སྟེང་བདུད་བཞི་མགོ་སྤྲོད་གེལ་པའི་འདུག་སྟངས་ཅན་བྲི། དེའི་སྟེང་ལྷ་འདྲེ་རྣམས་ཟན་ལས་ལ་གདུང་བས་རབ་ཟན། འབྲིང་ས་སྦྱིན་གྱི་རི་རབ་བང་རིམ་བཞི་པ་ཟན་གྱིས་གཏུམས་པ་ཆེ་ཐང་དུ་བཞེངས་པ་ལ་མདོས་ཡས་རྣམས་གོ་རིམ་འོག་ནས་འབྱུང་བ་ལྟར་བཀོད་པའམ། གལ་ཏེ་མདོས་ཁྲི་ལ་བརྟེན་ན་བདུད་བཞིའི་ཚབ་ཏུ་རི་རབ་གླིང་བཞིའི་བཀོད་པ་གདན་ཐབས་སུ་བྲིས་པའི་རི་རབ་ཀྱི་དབུས་ཁྲག་མཚོའི་སྟེང་ཐོད་ར་གློ་འབུར་བཞི་པའི་ལྟེ་བར་ཐོད་མཁར་གྲུ་གསུམ་གྱི་དཀྱིལ་དུ་བྷྱོ་དང་གཡས་གཡོན་དུ་ཧཱུྃ་དང་ཧྲི་ཡིག་རེ་བྲིས་ཚུལ་བྲིས་འབུར་གཉིས་ཀ་ལ་མཚུངས། ཡང་ན་གྲུ་གསུམ་ཀྱི་ལྟེ་བར་མདོས་ཆེན་འཛུགས་པས་ས་བོན་མ་བཤམས་ན་ཤིང་བྱང་ལ་བྲིས་ཏེ་འཛུགས། རྒྱས་སྤྲོས་སུ་སྐྱ་རིས་སམ་ཙཀ་ལི་ཡོད་ན་ནི་དེའི་


JLAZ011_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཏུ་སྲོག་སྔགས་བྲིས་པས་འཐུས། མདོས་ཆེན་དབུས་སུ་བཙུགས་པའི་སྲོག་ཤིང་ལ་རྒྱབ་བརྟེན་པའི་སྐུ་རིས་ཡོད་ན་དང་མེད་ན་དེའི་མདུན་དུ་གཙོ་མོའི་ནམ་མཁའ། གཡས་སུ་མདའ་ཁྲ། གཡོན་དུ་འཕང་ཁྲ། ཕོ་གདོང༌། མོ་གདོང༌། རྒྱང་བུ། ཤིང་རིས་རྣམས་བཙུགས། དེའི་མཐའ་བསྐོར་དུ་སྤུན་དྲུག་གི་ནམ་མཁའ། མདའ་འཕང་རྒྱང་བུ་སོགས་ཅི་བདེ་བར་བཀོད། དེ་ནས་གཙོ་འཁོར་གཞན་རྣམས་ལྷ་སོ་སོའི་བཞུགས་ཚུལ་དང་མཐུན་པའི་མདོས་སྒྲིག་པར་འཐད་ཀྱང་ལག་ལེན་སྐབས་ཅུང་ཟད་མི་བདེ་བས་འདི་ལྟར་བང་རིམ་དང་པོའི་ཤར་དུ་དཔལ་མགོན་གཙོ་བོ་དང་ཚོགས་བདག་ཏྲག་ཤད་གསུམ། ལྷོར་སྐུ་མགོན་གསུང་མགོན་ཐུགས་མགོན་གསུམ། ནུབ་ཏུ་རེ་མ་ཏི་མཆེད་བཞི། བྱང་དུ་རྡོར་ལེགས་དང་འཁོར་ཕོ་རྒྱུད་མོ་རྒྱུད་སྤྱི། བང་རིམ་གཉིས་པའི་དབུས་སུ་ལྷ་ཆེན་དབང་ཕྱུག་དང་ཚངས་པ། ལྷོར་བརྒྱ་བྱིན་དང་ཁྱབ་འཇུག །ནུབ་ཏུ་འདོད་དབང་དང་ཚོགས་བདག །བྱང་དུ་བྷྲིཾ་གི་རི་ཏི་དང་གདོང་དྲུག །མཚམས་བཞིའི་ཤར་ལྷོ་ནས་བཟུང༌། དྲང་སྲོང་ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། སྒྲ་གཅན་བརྒྱད་པོ་གཉིས་གཉིས། བང་རིམ་གསུམ་པའི་ཤར་སྟོད་ནས་བཟུང་གཡས་བསྐོར་དུ་རྒྱུ་སྐར། སྨིན་དྲུག །སྣར་མ། མགོ། ལག །ནབས་སོ། རྒྱལ། སྐག་རྣམས་དང་ལྷོ་སྟོད་ནས་བཟུང་སྟེ། མཆུ། གྲེ། དབོ། མེ་བཞི། ནག་པ། ས་རི། ས་ག་རྣམས་ནུབ་སྟོད་ནས་བཟུང༌། ལྷ་མཚམས། སྣྲོན། སྣྲུབས། ཆུ་སྟོད། ཆུ་སྨད། གྲོ་བཞིན། བྱི་བཞིན་རྣམས་བྱང་སྟོད་ནས་བཟུང༌། མོན་གྲེ། མོན་གྲུ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ཐ་སྐར། བྲ་ཉེ་བཅས་བཀོད། བང་རིམ་


JLAZ011_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་བྱང་ཤར་དུ་ཕྱོགས་སྐྱོང་བརྒྱ་བྱིན། ལྷོར་གཤིན་རྗེ། ནུབ་ཏུ་ཆུ་ལྷ། བྱང་དུ་གནོད་སྦྱིན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་བདེན་བྲལ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན། ཤར་སྟོད་དུ་ཉི་ཟླ། ནུབ་སྨད་དུ་ས་འཛིན་ལག་པ་ཆེན་པོ་བཅས་པའི་ཕྱོགས་སྐྱོང་བཅུ་དང༌། ཤར་སྟོད་ནས་བཟུང་བར་མཚམས་གཡས་སྐོར་དུ་འཇིགས་བྱེད་རྡོ་རྗེ་ཅན། རྡོ་རྗེ་གདེངས་པ། རྡོ་རྗེ་འཇོམས་པ། རྡོ་རྗེ་དཔལ། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་འཛིན་པ། ཧེ་རུ་ཀ །པཉྩི་ཀ །ནརྟི་ཀ་དང་བཅས་པའི་འཇིགས་བྱེད་དགུ་རྣམས་བཀོད། བང་རིམ་འོག་གི་ཁྲག་མཚོའི་སྟེང་དུ་ཁང་མཛེས་བརྒྱད་ལ་ཀླུ་བརྒྱད། དེའི་ཕྱོགས་བཞིར་ལྕོགས་བཞི་ལ་རྒྱལ་ཆེན་རིགས་བཞི་རྣམས་རྒྱས་སྤྲོས་སུ་སོ་སོའི་སྐུ་རིས་འབྲི་ན་མངོན་རྟོགས་བསད་མདོས་ཞལ་བསྒྱུར་ནང་ལྟར་བྲིས་པ་དབུས་སུ་བཙུགས་པའི་མདུན་ནམ་གཡས་སུ་ནམ་མཁའ། མདའ་ཁྲ། ཕོ་གདོང༌། གཡོན་ཕྱོགས་སུ་ཤིང་རིས་ཡོད་ན་དང༌། རྒྱང་བུ་འཕང་ཁྲ་མོ་གདོང་བཅས་པ་རེ་རེ་བཞིན་བཙུགས། རི་རབ་ཀྱི་སྟེང་ཟུར་བཞིར་ཉི་མ་ཟླ་བ། བྱ་ཁྱུང་འབྲུག་རྣམས། འོག་ཟུར་རྣམས་སུ་རྨ་བྱའི་རྒྱལ་མཚན། སྟག་གཟིག་འདོད་ཡོན་ལ་སོགས་པའི་གཟུགས་བརྙན་བྲིས་འབུར་ཅི་རིགས་པ་རྣམ་འགྱུར་ཅན་ཀྱང་གྲུབ་ན་བཀོད་ལེགས་པར་བཙུགས། དེའི་མཐའ་བསྐོར་ངར་གླུད་དཀོར་ཆ་ཅན་དང་གླུད་ཆུང་གང་མང་གིས་བསྐོར། རྟ་ཁལ། དྲེལ་ཁལ་གྱིས་མཚོན་པའི་གཟུགས་འགྲོས་སྣ་ཚོགས། བཤོས་བུ་དཀར་དམར། གསེར་སྐྱེམས། ཁྲག་སྐྱེམས། ལེན་བུ་དང་འབྲུ་སྣ་ལ་སོགས་པའི་གླུད་རྫས་རྣམས་ཀྱིས་བསྐོར། རྟེན་འབྲེལ་བཅུ་གཉིས་


JLAZ011_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པའི་སྒོ་ང་རྣམས་ཀྱང་གཞག །དེའི་མཐའ་མར་ཀོང་ཟོར་བརྒྱའམ་ཉེར་གཅིག་ལ་ནམ་མཁའ་རྒྱང་བུ། མདའ་འཕང༌། ཕོ་གདོང༌། མོ་གདོང༌། ཁྲམ་རིས། མཚེ་ཡུངས། རྩང༌། ལྕགས་ཟངས་ཕྱེ། དུག་སྣ། ཁྲག་སྣ། མི་བསད་ཀྱི་རྡོ་ཕྱེ་ལ་སོགས་པའི་ཐུན་རྫས་ཀྱི་ལྟེམ་པས་བསྐོར། ཟུར་བཞིར་རུ་མཚོན། ཕྱོགས་བཞིར་ཤིང་རིས་ཆས་བཞི་རྣམས་བཙུགས་ལ་སྒབ་དཀྲིས་བཏང༌། མདུན་དུ་མ་མགོན་དང་ཆོས་སྐྱོང་སྤྱི་ལ་སྐོང་གཏོར་བཟང་བ་ཤ་ཁྲག་གིས་བརྒྱན་པ་ཉེར་སྤྱོད་སྨན་རག་དང་བཅས་པ་བཤམ། དམག་བཟློག་དམིགས་གསལ་ལ་སྟོད་ལས་སེང་གདོང་མའི་གཏོར་བཟློག་དང་འབྲེལ་དགོས་ཕྱིར། ཟུར་ཅིག་ཏུ་བཟློག་བསད་ཀྱི་དཀྱིལ་འཁོར་དེའི་བཅའ་གཞིའི་ཡིག་ཆུང་ལྟར་སྒྲིག །རྐྱེན་བཟློག་ཙམ་པོ་བར་བསྒྱུར་མདོས་སུ་བྱེད་ན་ནི་སྟོད་ལས་དང་འབྲེལ་མི་དགོས་པས་མདོས་ཀྱི་བཅའ་བཤམ་རྒྱས་བསྡུས་སྐབས་དང་སྦྱར་ནས། གྱེར་དངོས་ལ་འཇུག་སྐབས་བདག་བསྐྱེད་ཀྱི་བཟླས་པའི་མཇུག་མགོན་གྱི་སྐོང་བ་བསྟོད་པའི་བར་བཏང་རྗེས། བཟླས་པ་བརྒྱ་རྩ་ཙམ་བྱས་ནས་མདོས་འཕྱོང་ནས་བཟུང༌། དཀྱུས་བཞིན་གྱེར་བའི་ལས་འཕྱོང་གི་ཤམ་འདོགས་བསྒྱུར་ཁ་མཆན་བུར་གསལ་བ་ལྟར་བྱེད་པ་ཡིན་ནོ། །བཅས་ཀྱི་ཡིག་ཆུང་རྫོགས་སོ།། །།


previousམ་མགོན་གཡུལ་མདོས་ཀྱི་བཅའ་གཞི་སོགས་ཀྱི་ཡིག་ཆུང་།next