Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཚེ་རིང་མའི་སྲོག་དབང་སྦྱིན་པའི་སྐོར།
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཚེ་རིང་མའི་སྲོག་དབང་སྦྱིན་པའི་སྐོར།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཚེ་རིང་མའི་སྲོག་དབང་སྦྱིན་པའི་སྐོར།


JLAZ011_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཚེ་རིང་མའི་སྲོག་དབང་སྦྱིན་པའི་སྐོར་གུཧྱཿ


JLAZ011_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ར་སི་ཧཱུྃཿ སྣང་སྲིད་མ་ལུས་མ་མོའི་དལཿ སྟོང་པའི་སྲོག་ལ་དབང་ཐོབ་ནཿ ལྷ་མོ་མ་བསྒྲུབས་རང་ལ་ཤརཿ ས་མ་ཡཿ བརྒྱུད་འཛིན་སློབ་བུ་དམ་ལྡན་ལཿ སྲོག་གཏད་སྦྱིན་པར་བྱ་བ་ནིཿ གཡའ་གངས་ནགས་ཁྲོད་དབེན་པ་ལསཿ གྲོང་ཡུལ་དག་ཏུ་མ་ཡིན་ནོཿ མ་དལ་པདྨ་འདབ་བཞི་འམཿ དར་རས་ཁ་གྲུ་མ་ཉམས་སྟེངཿ འབྲུ་དཀར་ཚོམ་བུ་ལྷ་གྲངས་བཀོདཿ དབུས་སུ་མཉྫིར་གོང་གནོན་གཏོརཿ བུམ་པས་བཏེག་པའི་འབྲང་རྒྱས་ལྡརཿ རྨ་བྱའི་མདོངས་དང་དར་སྣས་བརྒྱནཿ རང་རང་སྐུ་རྟེན་ཡོད་ན་བཙུགསཿ ལྷ་གནས་སོ་སོར་བཀོད་པའི་དབུསཿ མདའ་དར་སྣ་ལྔ་མེ་ལོང་ཤོཿ དོ་གལ་ཆེ་ན་བླ་རྡོའང་གདགསཿ མཐའ་སྐོར་མཆོད་གཏོར་བཟང་པོ་ནིཿ ཁ་ཟས་སྣ་ཚོགས་ཤིང་ཏོག་བརྒྱནཿ སྨན་རག་གཉེར་སྤྱོད་ཕྱེ་མར་དངཿ རྒྱ་ཕོར་དངུལ་ཕོར་དག་ཏུ་ནིཿ གསེར་སྐྱེམས་གཡུ་སྔོན་འབྲུ་བཅུད་དངཿ དཀར་ཆོལ་འོ་ཆོལ་སྨན་སྣས་བྲནཿ སྤྱན་གཟིགས་དཀོར་ཆ་མཐུན་རྫས་རྣམསཿ སློབ་བུའི་ལོངས་


JLAZ011_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྟེན་འབྲེལ་ལཿ ལྟོས་པས་ངེས་པར་གཅེས་པའོཿ དངོས་གཞི་བདག་བསྐྱེད་བཟླས་པའི་རྗེསཿ གཏོར་རྫས་ཡི་གེ་གསུམ་དང་ནིཿ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབཿ ཏིང་འཛིན་དམིགས་པའི་བརྟུལ་ཞུགས་བསྐྱེདཿ ཕྲིན་ལས་དཔག་བསམ་ཡོངས་འདུ་ཡིསཿ རྟེན་ལ་བོད་ཅིང་བསྟོད་པའི་མཚམསཿ ཏིང་འཛིན་འོད་ཟེར་དྲ་བས་བཅིངསཿ ཨོཾ་བཛྲ་ར་སི་ཧཱུྃཿ པྲ་མོ་ཧཿ ཏིང་ཏིང་ཤགཿ ཙིཏྟ་ཧྲིཾ་ཧྲིཾ་ཛཿཛཿ ཅི་ནུས་བཟླས་ཏེ་དབང་དུ་བསྡུཿ སླར་ཡང་བསྐང་གསོ་རྒྱས་པར་བྱཿ དེ་ནས་སློབ་མ་ཁྲུས་ནས་དབྱུངཿ བགེགས་དང་དབྲལ་ཞིང་སྲུང་འཁོར་སྒོམཿ ལོ་རྒྱུས་མཚམས་སྦྱོརཿ འདིར་སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུང་ཞིངཿ དེ་འཛིན་གྱི་སྟོང་གྲོགས་མཛད་པའི་ཕྱིརཿ འོག་མིན་བདེ་བ་ཆེན་པོ་ན་དབྱིངས་ཀྱི་ཡུམ་ཆེན་མོཿ རང་བཞིན་སྤྲུལ་པའི་ཞིང་ཁམས་ན་གཙོ་དང་འཁོར་


JLAZ011_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་པར་བསྟན་པ་མཁའ་འགྲོ་མ་ཨེ་ཀ་ཙ་ཊི་སྤུན་དྲུག་དངཿ དེའི་བྲན་མོ་བཅུ་བཞིཿ གཡོག་མོ་ལྔ་བཅུ་རྩ་བརྒྱདཿ ཡང་གཡོག་འབུམ་ཁྲི་བདུན་སྟོང་ལ་སོགས་པཿ འཇིག་རྟེན་གྱི་ཁམས་སུ་རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་བརྡ་ལས་དམ་ཅན་བསྟན་མ་བཅུ་གཉིས་སུ་བཞེངས་པ་ནིཿ སྔོན་གྱི་ཚེ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་མཁའ་འགྲོ་མ་སེང་གེའི་གདོང་ཅན་གྱི་སྤྱན་སྔར་དབང་ནོད་དེ་བསྟན་པ་བསྲུང་བར་བཀའ་བསྒོསཿ བོད་དུ་བསྟན་པ་སྔ་དར་གྱི་ཚེ་སློབ་དཔོན་ཆེན་པོ་པདྨའི་ཞབས་ལ་བལ་བོད་ཀྱི་མཚམས་ཁ་ལ་རོང་སྒོར་མཐོ་བརྩམས་པ་ཕྱག་རྒྱ་གཉེན་པོའི་ཟིལ་འོག་ཏུ་སྤ་བཀོངས་པར་མཛད་ནས་གངས་ཅན་བོད་ཀྱི་ཡུལ་ལྷར་མངའ་གསོལཿ གསང་ཆེན་རྒྱ་མཚོའི་བསྟན་པ་སྐྱོང་བར་རྩིས་སུ་བབ་པའི་ནང་ཚན་ལས་འདིར་ཞིང་སྐྱོང་མཁའ་འགྲོའི་དབང་མོ་ཚེ་རིང་མཆེད་ལྔར་གྲགས་པ་ནིཿ ནང་དུ་རྣལ་འབྱོར་སྒྲུབ་པོ་ལ་སྙིང་ཉེ་ལ་བཀྲ་ཤིསཿ འཆི་མེད་ཀྱི་བཅུད་ལེན་སྟེར་བས་ཚེ་རིང་རྣམ་བཞིའི་ཕྲིན་ལས་ལ་མངའ་མཛད་པས་ཅི་བཅོལ་གྱི་ལས་རྣོ་ལ་མྱུརཿ ཕྱི་ལྟར་དུ་སྣོད་བཅུད་ཀུན་ལ་དབང་བསྒྱུར་བས་ཚན་ཆེཿ མདོར་ན་བསམ་དོན་གྱི་རེ་བ་སྐོང་བ་ལ་ཡིད་བཞིན་གྱི་ནོར་བུ་གཅིག་ཏུ་ལྷུན་གྱིས་གྲུབ་པའི་སྲུང་མ་ཁྱད་པར་ཅན་འདི་ནི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་


JLAZ011_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་གི་ཆོས་སྡེ་ལས་ཕེབས་པ་ཡིན་ལཿ དེ་ཡང་འདི་ཉིད་ཤིན་ཏུ་བཀའ་གཉན་ཞིང་ཁྱབ་གདལ་དུ་སྟེར་བྱ་མ་ཡིན་པས་ཆོས་སྡེ་བྱིངས་གཏན་ལ་ཕེབས་ནས་ཀྱང་བགྲང་བྱའི་འཁོར་ལོ་བཅུ་ཕྲག་ཙམ་དུ་བཀའ་རྒྱ་མ་ཁྲོལཿ ཁྲིད་ཡིག་ཆེན་མོ་གཏན་ལ་ཕེབས་པ་ཙམ་ན་འོད་གསལ་གྱི་དབྱིངས་ནས་སྒྱུ་མ་སྤྲུལ་པའི་སྐྱེད་མོས་ཚལ་མཆོག་ཏུ་ཉམས་དགའ་བརཿ ཟངས་གཞོང་གི་རྣམ་པར་བརྟེན་པའི་རྫིང་བུ་དྭངས་གསལ་གྱི་ཆུས་མེར་གྱིས་ཁེངས་པའི་ནང་ནཿ ལྷ་མོའི་སྲོག་གི་ཁམས་བྱང་སེམས་དཀར་དམར་གྱི་གོང་བུ་འདར་བ་དང་འཕྲིགས་པའི་རྣམ་འགྱུར་ཅན་གཉིས་ཀུན་ནས་ཀུན་ཏུ་རྒྱུ་བ་ཞིག་རྨ་བྱ་གཞོན་ནུ་སྐྱེས་བུའི་ལུས་ཚད་ཙམ་པ་ལྔ་རུ་གྱུར་ནས་གཙུག་ཕུད་ནམ་མཁའ་ལ་གཡེངས་པའི་ཟློས་གར་རྩེསཿ སླར་དེ་ཡོངས་སུ་གྱུར་པ་ལས་སྨན་བཙུན་མཆེད་ལྔའི་རྣམ་ཆར་བསྟན་ནས་ཧི་ཧིའི་བཞད་སྒྲ་ཆེན་པོ་དང་བཅས་ལྐོག་གྱུར་གྱི་རྣམ་པ་རྡོ་རྗེའི་གླུར་བླངསཿ དངོས་སུའང་གཟུགས་མེད་པའི་སྒྲ་སྒྲོགས་པ་དང་ཕྱི་ནང་གསང་གསུམ་གྱི་བླ་རྡོའི་རྣམ་པའང་རང་དབང་དུ་གྱུར་པའི་རྟེན་འབྲེལ་ཟབ་མོས་གོ་ཕྱེ་ནས་ལྷ་མོའི་སྟོང་སྲོག་མཁའ་འགྲོ་སྙི་ལ་ཟིན་པ་ལྟ་བུར་བྱིན་པ་སྐབས་སུ་བབ་པ་ཡིན་པསཿ སློབ་དཔོན་གྱི་བྱ་བ་སྔོན་དུ་སོངཿ སློབ་མའི་བྱ་བ་མཎྜལ་འབུལཿ


JLAZ011_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གསོལ་བ་གདབ་པ་ནིཿ བདེ་གཤེགས་དཔལ་གྱི་བཀའ་སྡོད་ཆེཿ མཐུ་ལྡན་ཞིང་སྐྱོང་མཁའ་འགྲོ་མའིཿ སྲོག་དབང་བདག་ལ་སྩལ་དུ་གསོལཿ ལན་གསུམཿ སློབ་དཔོན་གྱིསཿ འདི་ནི་ཤིན་ཏུ་བཀའ་གཉན་པསཿ སྲོག་དང་དམ་ཚིག་བསྲེ་ནུས་སམཿ རྟག་ཏུ་གསོལ་ཀར་བརྩོན་ནུས་སམཿ སློབ་མསཿ དམ་ཚིག་གཉན་པོ་གང་ཡིན་པཿ ནམ་ཡང་བཏང་བར་མི་འགྱིད་དོཿ ཕུད་སྐྱེམས་ནས་ཧུབ་གཅིག་སློབ་མར་བྱིན་ཏེཿ མ་མོ་ཁྱོད་ལ་གཏད་པར་བྱཿ ད་ལྟ་རྗེ་མོའི་ཚུལ་དུ་སྒྲུབསཿ རྟག་ཏུ་གྲོགས་ཀྱི་དམ་ཚིག་སྲུངསཿ ནམ་ཞིག་བྲན་དུ་ཁོལ་གྱུར་ཅིགཿ ས་མ་ཡཿ བཛྲ་རཀྵནྟུཿ ཞེས་དམ་བསྲེ་བྱཿ དེ་ནས་སྐྱབས་སེམས་སྡོམ་པ་བཟུངཿ སློབ་དཔོན་སྣང་སྲིད་ཟིལ་གནོན་དུ་གསལ་བ་ལ་མོས་གུས་དུང་དུང་བྱས་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་མེ་འོད་ལྟ་བུ་བྱུངཿ སློབ་མ་ལ་ཕོགཿ ཐ་མལ་གྱི་སྒོ་གསུམ་སྦྱངསཿ འོད་ཀྱི་རྣམ་པར་གྱུརཿ དེ་ཡོངས་སུ་གྱུར་པ་ལས་སློབ་མ་དཔལ་ཆེན་པོ་ཞལ་གསུམ་ཕྱག་དྲུགཿ གཟི་བྱིན་བཟོད་པར་དཀའ་བཿ རུ་ལུའི་གད་རྒྱངས་སྒྲོགས་པའི་རྣམ་པར་གྱུར་པར་བསམས་ལ་ང་རྒྱལ་འཛིན་དུ་འཇུགཿ རུ་ལུའི་འཛབ་ཀྱིས་བྱིན་དབབཿ གོང་གནོན་གྱི་དཔལ་གཏོར་ལྷར་གསལ་བའི་སྤྱི་བོར་བཞག་སྟེཿ རིགས་འདུས་ཁྲག་འཐུང་དཔལ་ཆེན་པོཿ གཉེན་པོ་སྟོབས་


JLAZ011_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་བསྐུར་རོཿ ཅི་བཅོལ་བཀའ་བཞིན་ཉན་པར་ཤོགཿ ལྟ་བ་གྱབ་ཀྱི་དབང་བསྐུར་རོཿ སྟོང་བའི་སྲོག་ལ་དབང་ཐོབ་ཤོགཿ རུ་ལུའི་རྩ་སྔགས་མཐརཿ དྷརྨ་དྷཱརྟུ་ཨ་བྷི་ཥིཉྩ་ཧཱུྃཿ ཞེས་བརྗོད་ཅིང་གཏོར་མའི་ལྷ་སློབ་མར་ཐིམ་པར་མོསཿ དེ་ནས་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོསཿ མཁའ་འགྲོ་ལྔའི་སྙིང་གར་བཾ་དང་ཧ་རི་ནི་ས་གནས་པ་ལ་རེག་པས་རྒྱུད་བསྐུལཿ སློབ་མའི་བྱ་བ་སྒྲུབ་པ་ལ་མ་བུའི་འདུ་ཤེས་ཀྱི་གདུང་བ་དྲག་པོ་སྐྱེས་པའི་མོས་པ་མཛོདཿ ཅེས་བརྗོད་ལ་གཙོ་མོའི་གཏོར་མ་དང་མདའ་དར་ལག་ཏུ་གཏད་ལཿ སྨན་བཙུན་བཀྲ་ཤིས་ཚེ་རིང་མཿ རྡོ་རྗེ་ཀུན་ཏུ་བཟང་མོ་ནིཿ སོགས་ནསཿ མཛེས་སྡུག་མཉམ་པའི་སྟབས་ཀྱིས་བཞེངསཿ སྐལ་ལྡན་བུ་ལ་དབང་བསྐུར་རོཿ ཨོཾ་བཛྲ་ར་སི་ཧཱུྃཿ པྲ་མོ་ཧཿ ཏིང་ཏིང་ཤགཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ མདུན་གྱི་འབྲང་རྒྱས་དང་མེ་ལོང་གཏད་ལཿ དཔའ་བོ་ཡོངས་ཀྱི་སྲིང་གཅིག་མཿ རིག་འཛིན་ཡོངས་ཀྱི་སྒྲུབ་སྡེ་མོཿ མཐིང་གི་ཞལ་བཟང་པྲའི་ལྷ་མོསཿ བུ་ལ་ཉེ་བར་མཛད་དུ་གསོལཿ ཨོཾ་བཛྲ་ར་སི་ཧཱུྃཿ པྲ་མོ་ཧཿ ཏིང་ཏིང་ཤགཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ གཡས་ཀྱི་འབྲང་རྒྱས་དང་གཏེར་བུམ་གཏད་ལཿ དཔའ་བོ་ཡོངས་ཀྱི་སྲིང་གཅིག་མཿ རིག་འཛིན་ཡོངས་ཀྱི་སྒྲུབ་སྡེ་མོཿ ཅོད་པཎ་མགྲིན་བཟང་ནོར་གྱི་ལྷསཿ བུ་ལ་ཉེ་བར་མཛད་དུ་


JLAZ011_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གསོལཿ ཨོཾ་ར་སི་ཧཱུྃཿ པྲ་མོ་ཧཿ ཏིང་ཏིང་ཤགཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ རྒྱབ་ཀྱི་འབྲང་རྒྱས་དང་ནོར་གཞོང་གཏད་ལཿ དཔའ་བོ་ཡོངས་ཀྱི་སྲིང་གཅིག་མཿ རིག་འཛིན་ཡོངས་ཀྱི་སྒྲུབ་སྡེ་མོཿ མི་གཡོ་གླང་བཟང་ཟས་ཀྱི་ལྷསཿ བུ་ལ་ཉེ་བར་མཛད་དུ་གསོལཿ ཨོཾ་ར་སི་ཧཱུྃཿ པྲ་མོ་ཧཿ ཏིང་ཏིང་ཤགཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ གཡོན་གྱི་འབྲང་རྒྱས་དང་དངུལ་ཕོར་འོ་མས་གང་བ་གཏད་ལཿ དཔའ་བོ་ཡོངས་ཀྱི་སྲིང་གཅིག་མཿ རིག་འཛིན་ཡོངས་ཀྱི་སྒྲུབ་སྡེ་མོཿ གཏལ་དཀར་འགྲོ་བཟང་ཕྱུགས་ཀྱི་ལྷསཿ བུ་ལ་ཉེ་བར་མཛད་དུ་གསོལཿ ཨོཾ་ར་སི་ཧཱུྃཿ པྲ་མོ་ཧཿ ཏིང་ཏིང་ཤགཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ དེ་ནས་སྲོག་སྙིང་བྱིན་པ་ནིཿ སློབ་དཔོན་ལ་མོས་གུས་དུང་བ་དང་དམ་ཚིག་ལ་སྲོག་ཏུ་ལྟ་བའི་འདུ་ཤེས་ཀྱིས་རྐྱེན་བྱས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོསཿ མཁའ་འགྲོ་ལྔའི་སྙིང་གར་བཾ་དང་ཧ་རི་ནི་ས་གནས་པ་ལྕགས་ཀྱུས་དྲངས་པ་བཞིན་འུབ་ཀྱིས་བསྡུས་པས་བརྟན་པ་དང་བྲལ་ཏེ་སྲོག་དམར་ནར་གྱིས་སྐྱགས་པ་སློབ་མའི་ཞལ་དུ་བཞུགསཿ སྙིང་གར་ཐིམས་པས་ཅི་བཅོལ་གྱི་ལས་ཐོགས་མེད་དུ་སྒྲུབ་པར་མོས་ལཿ གོང་གནོན་གྱི་སྙིང་པོས་སྣ་དྲངསཿ ཁྱད་པར་གྱི་སྲོག་སྙིང་རྗེས་ཟློས་ལན་གསུམ་བྱར་གཞུགཿ འདི་ནི་ཤིན་ཏུ་བཀའ་གཉན་པསཿ རྒྱུད་འཛིན་སློབ་བུ་དམ་ཚིག་ཅནཿ གཅིག་ལ་ཆིག་


JLAZ011_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ལས་མ་སྤེལཿ ས་མ་ཡཿ དེ་ནས་གཏོར་མ་ཕྱག་མཚན་དང་བཅས་པ་སྣོད་གཅིག་ཏུ་བྱས་ལ་སློབ་མར་གཏད་ལཿ ཧཱུྃཿ བཞེངས་ཤིག་ཆོས་སྐུའི་ཀློང་ཡངས་ལསཿ བསྐྱོད་ཅིག་ལོངས་སྤྱོད་རྫོགས་པའི་མཿ དགོངས་ཤིག་སྤྲུལ་པའི་གནས་མཆོག་འདིརཿ དམ་ཚིག་གཉན་པོ་གཅིག་ཏུ་བསྲེཿ འདའ་དཀའི་ཆད་ཐོ་གཉེར་དུ་ལོངསཿ རྒྱལ་དབང་པདྨ་ཐོད་ཕྲེང་དངཿ ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱིཿ ཆོས་རྒྱུད་ཆགས་པའི་རྣལ་འབྱོར་ལཿ གྲོགས་པོར་གཏད་དོ་གཞུང་མ་ངནཿ མཛའ་མོར་གཏད་དོ་ཁྲེལ་མ་ཆུངཿ བྲན་དུ་གཏད་དོ་རྐང་མ་ངནཿ སྲུང་མར་གཏད་དོ་མཐུ་མ་ཆུངཿ ཅི་ལྟར་བཅོལ་བའི་ལས་རྣམས་སྒྲུབསཿ བཛྲ་ས་མ་ཡ་རཀྵནྟུ་ཧཱུྃ་ཛཿ ཞེས་བརྗོད་བྲན་དུ་ཁས་བླང་བསམཿ གཏོར་མ་དང་ནི་ནང་མཆོད་ནསཿ ཆ་ཤས་དམ་ཚིག་འདྲེས་ཕྱིར་བྱིནཿ སློབ་མས་ཐ་ཚིག་འདི་ལྟར་བླངཿ མཁའ་འགྲོ་སྲོག་ཏུ་བཙའ་བར་བགྱིཿ འབར་བ་གསུམ་གྱི་དངོས་གྲུབ་སྩོལཿ སྨན་མོ་གྲོགས་སུ་བསྒྲུབ་པར་བགྱིཿ འདུ་བ་གསུམ་གྱི་དངོས་གྲུབ་སྩོལཿ རྟག་དུ་གསོལ་ཀར་བརྩོན་པར་བགྱིཿ གཡེལ་དང་ཞུད་དང་ཆད་པའི་ལསཿ ནམ་ཡང་བདག་གིས་མི་འགྱིད་དོཿ ཞེས་བརྗོད་མཁའ་འགྲོ་མཆེད་ལྔ་ཡངཿ དགྱེས་ཆགས་ངང་ལ་འོད་དུ་ཞུཿ སློབ་བུར་རོ་གཅིག་འདྲེས་པར་བསམཿ ཆོས་ཉིད་གཤིས་ལ་མི་གཡོ་བཿ མ་མོ་འབུམ་


JLAZ011_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྟོང་སྲོག་དབངཿ ས་མ་ཡཿ གངས་ཅན་བོད་ཀྱི་ཡུལ་ལྷ་ཡིནཿ སུས་བརྟེན་དངོས་གྲུབ་སྣ་རེ་ཐོབཿ རྡོ་རྗེ་ཐེག་པའི་བཀའ་སྲུང་ཡིནཿ རྣལ་འབྱོར་ཡོངས་ལ་སྙིང་ཡང་ཉེཿ སྙིང་ཏིག་གཉེན་པོའི་སྲུང་མ་སྟེཿ ཚར་གཅོད་རྗེས་འཛིན་རྣོ་ལ་མྱུརཿ པདྨ་ང་ཡི་བཀའ་སྲུང་འདིཿ ཆོས་རྒྱུད་འཛིན་པའི་སློབ་བུ་ལསཿ གཞན་དུ་སྤེལ་ན་མགོ་བོ་ཁོསཿ གུཧྱཿ དྷ་ཐིམཿ འཁྲུལ་པའི་སྣང་ཆ་ལ་བསྟན་མ་ཆེན་མོ་མི་མོའི་རྣམ་ཆར་བཞེངས་ནས་ལུང་བསྟནཿ དེའི་རྗེས་འབྲེལ་དུ་བླ་རྡོ་སྨུག་པོ་ནོར་གཞོང་དབྱིབས་དགའ་འཁྱིལ་གྱིས་མཚན་པ་དངཿ འདོད་འཇོ་བའི་རྨིག་རྗེས་རང་བྱོན་བཻ་རོ་དྷའི་ཆོ་ལོ་སོགས་བསྟན་མ་ཆེན་མོའི་མཐུ་དབང་གིས་་རང་གིར་མཛད་ཅིངཿ ལོ་རྒྱུས་སུ་བཀོད་པ་ལྟར་འགྲོ་བའི་མགོན་པོ་ཀུ་མཱ་ར་ཛ་ཞལ་གཟིགས་པའི་རྟེན་འབྲེལ་འགའ་ཞིག་གིས་མཚམས་སྦྱར་ནས་ལྷ་མོའི་དམ་ཚིག་གི་སྲོག་ལ་དབང་ཐོབ་པའི་ཚེ་གཏན་ལ་ཕབ་པ་གཏེར་ཁ་གོང་འོག་གི་བསྟན་མ་དང་རྣལ་འབྱོར་དབང་ཕྱུག་བཞད་པ་རྡོ་རྗེ་ལས་བརྒྱུད་པའི་སྲོག་རྣམས་ཀྱང་ཆུ་བོ་གཅིག་ཏུ་འདྲེས་པ་ཡིན་ནོཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ ཚེ་རིང་མའི་སྲོག་དབང་སྦྱིན་པའི་སྐོར།next