Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་རིང་མའི་གཡང་འགུགས་ཉུང་བསྡུས
   
   
   
   
   


 
previousཚེ་རིང་མའི་གཡང་འགུགས་ཉུང་བསྡུསnext

ཚེ་རིང་མའི་གཡང་འགུགས་ཉུང་བསྡུས


JLAZ011_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་མའི་གཡང་འགུགས་ཉུང་བསྡུས་བཞུགས།། བྷྱོ། མཁའ་འགྲོ་ཆེན་མོ་སྡེ་ལྔ་ནི། །ཡེ་ཤེས་ལྔ་ཡི་ཀློང་ནས་སྤྲུལ། །འབྱུང་བ་ཆེན་པོ་ཀུན་ལ་ཁྱབ། །འབྱུང་བ་ཆེན་པོ་ནམ་མཁའ་ནི། །འབྱུང་བ་ལྔ་ཡི་བདག་པོ་སྟེ། །དེ་ཉིད་ལས་ནི་ཐམས་ཅད་སྤྲུལ། །སྲ་ཞིང་འཐས་པ་བརྟན་པའི་གཞི། །རིན་པོ་ཆེ་ཡི་འབྱུང་གནས་ལས། །བརྟན་གཡོའི་དངོས་པོ་ཐམས་ཅད་སྤྲུལ། །རིན་ཆེན་འབྱུང་དང་རྟ་ནོར་ཕྱུགས། །སྣ་ཚོགས་དབྱིག་གི་གཡང་ཁུག་ཅིག །རླན་ཞིང་གཤེར་བ་ཆུ་ཡི་ཀློང༌། །རྒྱ་མཚོ་ཆེ་དང་རོལ་མཚོ་བདུན། །ཀླུ་དབང་རྣམས་ཀྱི་མཛོད་ཡིན་པས། །སྣ་ཚོགས་ནོར་བུའི་ཕྱྭ་དང་གཡང༌། །འབད་པ་མེད་པ་དེང་འདིར་ཁུག །དྲོད་ནི་སྲེག་པ་མེ་ཡི་ཀློང༌། །རྟ་གདོང་རྒོད་མ་ཁའི་དབྱིངས་ལ། །སྨིན་ཞིང་བསྐྱེད་པའི་རྟེན་འབྲེལ་དང༌། །དེ་ལས་གྱུར་ཞིང་སྨིན་པའི་བཅུད། །དངོས་གྲུབ་ཡོན་ཏན་གཡང་ཁུག་ཅིག །ཡང་ཞིང་གཡོ་བ་རླུང་གི་ཁམས། །བསྐྱེད་དང་སྡུད་པའི་བདག་པོ་སྟེ། །ཆུད་མི་ཟ་བའི་སྲོག་འཛིན་བྱེད། །དེ་ལས་བྱུང་བའི་ཕྱ་གཡང་དང༌། །དངོས་གྲུབ་ཐམས་ཅད་འདིར་ཁུག་ཅིག །མདོར་ན་ལྷ་ཀླུ་མིའི་ནོར་བུ། །གླིང་བཞི་རི་རབ་རྒྱ་མཚོའི་བཅུད། །


JLAZ011_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ས་རྡོ་རི་བྲག་སྣོད་བཅུད་དང༌། །ལྷ་དབང་ཀླུ་དབང་རྒྱལ་པོའི་མཛོད། །ཉི་ཟླ་གཟའ་སྐར་གོ་ལའི་གནས། །ལྷ་དང་དྲང་སྲོང་མངོན་ཤེས་ཅན། །བསྐལ་པར་གནས་པའི་ཕྱ་དང་གཡང༌། །མ་ལུས་ལུས་པ་མེད་པ་ཀུན། །རྟེན་འབྲེལ་རྫས་ཀྱི་ནུས་པ་ཡིས། །དེང་གི་རྒྱུ་སྦྱོར་ཡོན་བདག་འདིའི། །བསོད་ནམས་ཚེ་དཔལ་ལོངས་སྤྱོད་ལ། །ཉི་ཟླ་བཞིན་དུ་ཀྱི་ལི་ལི། །ལོངས་སྤྱོད་བཞིན་དུ་མེ་རེ་རེ། །ཆུ་ཀླུང་བཞིན་དུ་འདུ་རུ་རུ། །འདྲེས་ཤིང་བརྟན་པའི་གཡང་ཁུག་ཅིག །གཡང་འགུགས་ཀྱི་འདོན་ཆ། མཐུ་རྩལ་ཅན་ལ་བདག་བསྟོད་དོ། །ཞེས་པའི་མཚམས་སུ་སྦྱར་རོ།། །།


previousཚེ་རིང་མའི་གཡང་འགུགས་ཉུང་བསྡུསnext