Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བདེ་སྟོང་རླུང་གི་རྫོགས་རིམ་སྙན་རྒྱུད་ཤོག་དྲིལ་ཡིད་བཞིན་ནོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བདེ་སྟོང་རླུང་གི་རྫོགས་རིམ་སྙན་རྒྱུད་ཤོག་དྲིལ་ཡིད་བཞིན་ནོར།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བདེ་སྟོང་རླུང་གི་རྫོགས་རིམ་སྙན་རྒྱུད་ཤོག་དྲིལ་ཡིད་བཞིན་ནོར།


JLAZ012_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བདེ་སྟོང་རླུང་གི་རྫོགས་རིམ་སྙན་རྒྱུད་ཤོག་དྲིལ་ཡིད་བཞིན་ནོར་བུ་བཞུགསཿ


JLAZ012_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་གདོད་མའི་ཀློང་ལ་ཕྱག་འཚལ་ལོཿ མ་འོངས་དུས་ཀྱི་སེམས་ཅན་རྣམསཿ ཚེ་ཐུང་བསོད་ནམས་ལོངས་སྤྱོད་དབུལཿ སྒྲུབ་པའི་ལོང་མེད་སྙིང་རུས་ཆུངཿ དེ་ཚེ་སྐུ་གསུམ་བཞུགས་སྟངས་ལཿ བརྟེན་ནས་འོད་གསལ་རྫོགས་ཆེན་དོནཿ རྩོལ་མེད་ལྟ་བའི་ལོང་མེད་ནཿ གནད་ལ་བརྟེན་པའི་ཐབས་ཀྱི་ལམཿ རླུང་སེམས་དབྱེར་མེད་ངེས་པའི་གནདཿ བདུན་ཕྲག་གསུམ་གྱིས་འཁོར་བ་ལཿ མི་ལྡོག་ལམ་རྟགས་ཡོན་ཏན་ཀུནཿ མངོན་གྱུར་སྙན་བརྒྱུད་ཟབ་མོའི་ཆོསཿ རྡོ་རྗེ་སེམས་དཔའི་གསང་ལས་ཆེཿ འདི་ལས་གཞན་དུ་ངས་མ་བཤདཿ བདེན་རྫུན་ལག་ཏུ་ལོང་ལ་ལྟོསཿ གཅིག་ལས་གཉིས་སུ་


JLAZ012_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་བས་ནཿ དམ་ཚིག་ཉམས་པས་དམྱལ་བར་ལྟུངཿ ཁྱད་པར་ཁ་མཁས་ཁོང་གནག་ཅིངཿ གཡོ་སྒྱུས་བླ་མའི་ངོ་སྲུང་བའིཿ དྲེད་པོ་ཆོས་ཀྱི་རྒྱུས་ཅན་ལཿ གདམས་པ་འདི་ནི་ཆུང་ཕྱོགས་ཙམཿ བསྟན་ཀྱང་སྲོག་གི་གཤེད་མར་བྱེདཿ དེ་ཕྱིར་སྙིང་ལས་གཅེས་པར་ཟུངཿ ས་མ་ཡཿ དང་པོ་མལ་ནས་ཧར་ལངས་ཏེཿ ལྟོ་ལྟོང་རླུང་རིག་དྭངས་པའི་ཚེཿ སྔོན་འགྲོ་སྤྱི་དང་ཁྱད་པར་དུཿ བླ་མའི་རྣལ་འབྱོར་གནད་དུ་བསྣུནཿ མོས་གུས་གདུང་ཞིང་དབང་བཞི་བླངཿ དངོས་གཞི་ལུས་གནད་དྲང་པོར་བསྲངཿ རང་ཉིད་རིག་འཛིན་རྡོ་རྗེ་ཆོསཿ སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་པཿ བརྐྱང་བསྐུམ་འདོར་སྟབས་ཞི་མ་ཁྲོཿ རྣལ་


JLAZ012_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དམར་མོ་གྲི་ཐོད་ཅནཿ དང་འཁྲིལ་རྡོར་དྲིལ་བསྣོལ་ཐབས་སྦྱོརཿ ཡབ་ཡུམ་གཉིས་སུ་མེད་པ་ཡིཿ སྐུ་དབུས་དྲང་པོར་རྩ་དབུ་མཿ མཚན་ཉིད་བཞི་ལྡན་ཆོས་ཀྱི་སྐུཿ གཡས་གཡོན་རོ་རྐྱང་ལོངས་སྤྲུལ་གཉིསཿ ལྟེ་འོག་དབུ་མའི་མར་སྣ་ལཿ རོ་རྐྱང་རྣམ་གཉིས་ཆུད་པ་ཡིཿ ཡར་སྣ་ལྟག་པ་ནས་གུག་སྟེཿ སྣ་བུག་གཉིས་སུ་ཧ་རེ་ཟུགཿ དབུ་མའི་ཡར་སྣ་འཁྱིལཿ རོ་རྐྱང་གཉིས་ནས་ལས་ཀྱི་རླུངཿ གཡས་གཡོན་རེས་མོས་བདུན་བདུན་འབུདཿ ཉོན་མོངས་ལྔ་དང་འབྱུང་བ་ལྔརཿ བརྟེན་པའི་རླུང་དུག་སངས་ཀྱིས་ཐོནཿ རྩ་སྦུབས་སྐྱོན་དང་བྲལ་བར་བསམཿ དེ་ནས་ཧ་ཞེས་དབུགས་བཏང་ལཿ ངལ་བསོ་ཤེས་པ་རྣལ་དུ་ཕབཿ ༼བྲཾ༽ དེ་ནས་སྙིང་གུར་སྨུག་པོའི་དབུསཿ ཀུན་བཟང་མཐིང་ག་མཉམ་བཞག་ཅནཿ ཆེ་ཆུང་སྲན་མ་ཙམ་པ་ལཿ སྐྱེ་མཆེད་ཤིན་ཏུ་དྭངས་པར་གསལཿ དེ་ཡི་ཐུགས་ཀར་འོད་ལྔའི་ཐིགཿ ཟླུམ་པོར་འཁྱིལ་བའི་ནང་ཁོངས་སུཿ དྭངས་གསལ་སྐྱེ་མེད་སྲོག་གི་ ཨཾཿ གསལ་འཚེར་སྐུ་ཡིས་བྲིས་ལྟར་གསལཿ དེ་ནས་སྦྱོར་བ་བཞི་ལྡན་གྱིསཿ གནད་དང་ལྡན་པས་རླུང་རྔུབས་ལཿ རོ་རྐྱང་ལམ་བརྒྱུད་སྙིང་དབུས་བསྐྱལཿ རླ་ཁརཱུཌྷྱ་ཅུང་ཟདདྷཱི།ཾབྱས་ཏེཿ རླུང་ཡིག་རིག་པ་གཅིག་ཏུ་དྲིལཿ ཞལ་ཤེས་གནད་དང་ལྡན་པ་ཡིསཿ


JLAZ012_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ཁུག་རྒྱའམ་བདུན་ཅུ་ཐམཿ སུམ་ཅུ་ལ་སོགས་ཐུན་རེར་འབདཿ མན་ངག་གནད་དང་མི་ལྡན་ནཿ སྲོག་རྩར་ལས་ཀྱི་རླུང་ཞུགས་ནསཿ སྨྱོ་བའི་ཉེན་ཡོད་ཁེ་ཉེན་ཆེཿ གནད་དུ་སོང་ན་སྲོག་ཐུར་གྱིཿ རླུང་གཉིས་གཅིག་ཏུ་འདྲེས་གྱུར་ནསཿ དབུ་མར་ཞུགས་གནས་ཐིམ་གསུམ་གྱིཿ རང་རྩལ་རྫོགས་པའི་རྟེན་འབྲེལ་ལསཿ བུམ་ཅན་རིལ་པ་ཞབས་ཚགས་ཅནཿ མངོན་དུ་སྣང་ཞིང་འོག་རླུང་ལཿ བཤང་བའི་དྲི་མ་མི་འབྱུང་ཞིངཿ དྲི་ཆུ་ཆུ་གཙང་ལྟར་འབབ་སོགསཿ ཐུན་མོང་ཡོན་ཏན་བསམ་ལས་འདསཿ ཁྱད་པར་ལྟེ་བའི་རྩ་མདུད་གྲོལཿ དང་པོའི་ས་ཡི་རྟོགས་པ་འཆརཿ མངོན་སུམ་སྣང་བ་ལྷུག་པར་མཐོངཿ འདི་ལ་ཐེ་ཚོམ་འགའ་ཡང་མེདཿ ས་མ་ཡཿ འདི་ནི་རྫོགས་རིམ་ཀུན་ཀྱི་བཅུདཿ དབུ་མར་ཡེ་ཤེས་རླུང་ཟིན་པསཿ གཏུམ་མོའི་ནང་ནས་ཡང་རྩེ་ཡིནཿ སེམས་ཉིད་ཆོས་སྐུར་གནས་དག་པསཿ འོད་གསལ་ཀུན་གྱི་རྒྱལ་པོར་འགྱུརཿ སྣང་བའི་རྫུན་ཕུགས་རྡིབ་པ་ཡིསཿ སྒྱུ་མ་མ་བཅོས་རང་ལ་ཤརཿ གང་ཤར་རྣམ་རྟོག་མ་ཡན་པཿ རྨི་ལམ་ཀླུངས་ཚུད་སྤྲུལ་བསྒྱུར་ནུསཿ ཐ་མལ་རྣམ་རྟོག་ཡེ་ཤེས་སུཿ འཕོས་པས་འཕོ་བའི་ཡང་རྩེ་ལཿ སྒོ་གསུམ་རྡོ་རྗེ་གསུམ་ལྡན་གྱིཿ གྲོང་དུ་འཇུག་པས་གྲོང་འཇུག་མཆོགཿ གསང་སྔགས་


JLAZ012_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱི་འབྲས་བུ་ཡིནཿ ས་མ་ཡཿ བདེ་སྟོང་རླུང་གི་རྫོགས་རིམ་ལསཿ འབར་འཛག་དྲོད་ཀྱི་རྣལ་འབྱོར་ནིཿ རྩ་གསུམ་སྔ་མ་ཇི་བཞིན་ལཿ དབུ་མའི་ཡར་སྣར་ཧེ་རུ་ཀཿ དཀར་ཆ་ཧཾ་ཡིག་རང་བཞིན་ལཿ མར་སྣར་དམར་ཆ་གནམ་ཞལ་ལཿ ཨ་ཤད་འོད་ཀྱི་རྣམ་པར་གསལཿ རོ་རྐྱང་གཉིས་ནས་རླུང་རྔུབས་ཏེཿ ལྟེ་བའི་གནམ་ཞལ་སྦར་བ་ལསཿ ཤེས་རབ་ཡེ་ཤེས་ལྷབ་ཀྱིས་འབརཿ དེ་ཡང་ངོ་བོ་བདེ་བ་ལཿ རང་བཞིན་གསལ་ཞིང་རྣམ་པ་ཚཿ རྩེ་མོ་རྣོ་ལ་འཁྱུག་པ་ཡིསཿ ལྟེ་བའི་རྩ་འཁོར་ཡོངས་གང་ཞིངཿ བདེ་དྲོད་གློ་བུར་སྐྱེས་པར་བསམཿ དེ་བཞིན་ཆོས་ཀྱི་འཁོར་ལོ་དངཿ ལོངས་སྤྱོད་བདེ་ཆེན་འཁོར་ལོ་སོགསཿ སོ་སོའི་གནས་སུ་རླུང་ཁུག་ནིཿ ཉེར་གཅིག་བདུན་སོགས་གོང་དང་མཚུངསཿ དེ་ནས་སྤྱི་བོའི་ཧཾ་ཡིག་ལཿ མེ་ལྕེས་རེག་པ་ཙམ་གྱིས་ནིཿ བདེ་བ་གཡོས་ཤིང་ཐིག་ལེ་ཞུཿ ཞུན་གྱི་མར་མེ་ཐིགས་པ་ལྟརཿ སྤྱི་བོའི་རྩ་འདབ་ཐམས་ཅད་ཁེངསཿ རྩ་ཁམས་དཔའ་བོ་ཌཱཀྐི་ནིཿ ཏིལ་གོང་ཕྱུང་བ་ལྟ་བུ་ལཿ བདེ་སྟོང་བདུད་རྩིའི་མཆོད་པ་ཕུལཿ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱངཿ བུམ་དབང་མངོན་དུ་ཐོབ་བྱས་ཏེཿ དགའ་བའི་ཡེ་ཤེས་སྐྱེས་པར་བསམཿ དེ་བཞིན་མགྲིན་པ་སྙིང་ག་དངཿ ལྟེ་


JLAZ012_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཡང་གོང་བཞིན་དུཿ རིག་པ་སྒྲེ་ཞིང་གསང་དབང་དངཿ ཤེས་རབ་ཡེ་ཤེས་བཞི་པའི་དབངཿ རིམ་བཞིན་མངོན་དུ་ཐོབ་བྱས་ཤིངཿ མཆོག་དགའ་ཁྱད་པར་ལྷན་སྐྱེས་ཀྱིཿ ཡེ་ཤེས་ཉམས་སུ་མྱོང་བར་བསམཿ དེ་ནས་རྩ་གསུམ་འདུས་མདོ་རུཿ དྭངས་མ་ཨ་ཤད་ལ་ཕོག་ཚེཿ སྣུམ་ཁོལ་བདུད་རྩི་བླུགས་པ་བཞིནཿ མེ་དང་བདུད་རྩི་གཉིས་མེད་འབརཿ རིག་པ་རྩལ་གྱི་དབང་ཆེན་ཐོབཿ སྣང་སྲིད་ཐམས་ཅད་མེ་ཡིས་ཁེངསཿ སྣོད་དང་བཅུད་དུ་འཛིན་པ་ཡིཿ རྣམ་རྟོག་བག་ཆགས་ཐམས་ཅད་བསྲེགཿ མཐར་ནི་རང་ལུས་མེ་དང་བཅསཿ ཇེ་ཆུང་ཇེ་ཆུང་སྤྲོས་བྲལ་ངངཿ བསྡུས་ལ་གསལ་སྟོང་ངང་དུ་བཞགཿ གེགས་སེལ་ཧ་སྤྲུགས་བརྡབ་ཆུང་དངཿ ངལ་བསོ་ཤེས་རིག་རྣལ་དུ་དབབཿ འདི་ལྟར་གནད་དུ་ཕེབས་གྱུར་ནཿ བདེ་དྲོད་མེ་འབར་གོས་མི་དགོསཿ འབྱུང་བ་ལྔ་ལ་རང་དབང་སྒྱུརཿ མ་དག་ལས་ཀྱི་རླུང་དག་ལསཿ སྤྱན་དང་མངོན་ཤེས་ལ་སོགས་ཐོབཿ ཐུན་མོང་ཡོན་ཏན་བསམ་མི་ཁྱབཿ མངོན་ཞེན་སྐྱེས་ན་རུ་ཏྲར་གོལཿ ཅི་ཕྱིར་འབྲས་བུའི་ཡོན་ཏན་ནིཿ སྤངས་རྟོགས་མཐའ་རུ་ཕྱིན་པའི་དབྱིངསཿ ཆོས་ཟད་བློ་འདས་ཆེན་པོ་སྟེཿ དེ་ཕྱིར་དེ་དག་ལམ་རྟགས་ཀྱིཿ ཡོན་ཏན་ཙམ་ལས་ས་ཟིན་མེདཿ


JLAZ012_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ཐོབ་བྲལ་བའི་རྫོགས་ཆེན་ནིཿ ཆོས་རྣམས་ཀུན་ཀྱི་གྲོལ་སའོཿ ས་མ་ཡཿ འདི་ལྟར་སྲོག་རྩོལ་རླུང་གི་གནདཿ བརྒྱ་ཕྲག་འདུས་པའི་ཡང་ཟབ་བཅུདཿ སྙིང་མཛོད་སྨུག་པོ་ཀློང་གི་སྒྲོམཿ སྐུ་གདུང་འབར་བའི་བརྡའ་རིས་ཅནཿ མཁའ་འགྲོའི་ཐུགས་གསང་ནམ་མཁའ་མཛོདཿ གཏེར་བཅུད་འདུས་པའི་ཕོ་བྲང་ནསཿ བརྡ་ཚིག་རྡོ་རྗེའི་དབྱངས་སུ་བསྒྱུརཿ སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ལསཿ གཞན་དུ་མ་ཡིན་དམ་ཚིག་རྒྱཿ སྙིང་འདྲ་གཅིག་ལས་ཤོར་ར་རེཿ འདི་དང་རྫོགས་ཆེན་མ་བུ་གསུམཿ ཉམས་སུ་བླངས་ནས་མ་གྲོལ་ནཿ པདྨས་བསླུས་སོ་ཕྱི་རབས་རྣམསཿ ལས་འཕྲོ་ཅན་གྱི་དཔལ་དུ་ཤོགཿ སྐུའི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ དཔལ་སྔགས་ཀྱི་སྲུང་མས་དམ་ཉམས་བཀའ་རྐུན་ལོག་སྲེད་ཅན་གྱི་ལག་ཏུ་མ་བཏང་ཞིགཿ ན་རཀྐནཿ


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བདེ་སྟོང་རླུང་གི་རྫོགས་རིམ་སྙན་རྒྱུད་ཤོག་དྲིལ་ཡིད་བཞིན་ནོར།next