Nitartha Digital Library
Tibetan
རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ།


   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་།next

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་།


JLAZ012_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བཞུགས། །ཨེ་མ་ཧོ། དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་ན། །སེམས་ཀྱི་རྡོ་རྗེ་ཆོས་སྐུའི་ངོ་བོ་ཉིད། །ཕུང་པོ་ཁམས་དང་སྐྱེ་མཆེད་གདན་གསུམ་ལྷའི། །རྣམ་རོལ་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །རླུང་སེམས་དབྱེར་མེད་ཞུ་བདེའི་ཙནྜ་ལཱི། །འཁོར་ལོ་ལྔ་ཡི་དཔའ་བོ་མཁའ་འགྲོའི་གྲོང༌། །ཚོགས་ཀྱི་འཁོར་ལོའི་འདུ་བས་མཉེས་བྱས་ནས། །དབང་དང་དགའ་བཞིའི་ཡེ་ཤེས་རོལ་གང་ཤོག །ཁྱད་པར་མཆོག་གི་གཏུམ་མོས་འཁོར་ལོ་བཞིའི། །རླུང་སེམས་ལས་རུང་དྷཱུ་ཏིའི་རྩ་མདུད་རྣམས། །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་དུ་གྲོལ། །ས་བཅུའི་རྒྱུན་མཐའ་གཙུག་ཏོར་རྩེར་སྨིན་ཤོག །ཉོན་མོངས་རླུང་སེམས་འཁོར་བའི་རང་བཞིན་ནི། །རྣམ་གྲོལ་ཞི་བ་ཡེ་ཤེས་རླུང་མཆོག་གིས། །རང་དབང་གྱུར་ལས་རྩ་ཁམས་ཡི་གེའི་སྤྲིན། །འཁོར་ལོ་ཚོགས་ཆེན་ས་ལ་ལྷུན་རྫོགས་ཤོག །ས་མ་ཡ། རྫོགས་རིམ་ལམ་གྱི་མདོ་ཆིངས་ཀུན། །རྡོ་རྗེའི་ཚིག་རྐང་འདིས་གྲོལ་བྱེད། །རྒྱ་རྒྱ་རྒྱ།།


previousཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་།next